«ཡིད་བཞིན་ལྗོན་པའི་ཕྲེང་བ»ཡི་མཛད་པ་པོ་གླེང་བ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-05-07 08:06:39 ཀློག་གྲངས།:
བོན་རིའི་དཀར་ཆག«ཡིད་བཞིན་ལྗོན་པའི་ཕྲེང་བ»ཞེས་པའི་མཛད་པ་པོའི་སྐོར་གླེང་བ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།

       ཀོང་པོ་བོན་རི་ནི་གཡུང་དྲུང་བོན་གྱི་གནས་མཆོག་སྐད་གྲགས་ཅན་ཞིག་ཡིན་ལ། དེ་ལ་ལོ་ལྟར་མཇལ་སྐོར་འགྲོ་མཁན་གྱི་དད་ལྡན་ཧ་ཅང་མང་པོ་ཡོད། གནས་མཆོག་དེ་ནི་བོད་ཡུལ་རོང་ཆེན་བཞི་ཡི་ཡ་གྱལ་ནུབ་ཀོང་པོ་རོང་ངམ་དེང་གི་བོད་ལྗོངས་ཤར་ལྷོའི་ཁུལ་ཀོང་པོ་ཉིང་ཁྲིའི་ཕྱོགས་སུ་གནས་ཡོད། ཡུལ་ཁམས་དེར་རྒྱལ་ཕྲན་སིལ་མའི་དུས་སྐབས་དང་སྤུ་རྒྱལ་བཙན་པོའི་རྒྱལ་རབས། བོན་གྱི་སྟོན་པ་གཤེན་རབ་སོགས་དང་འབྲེལ་བའི་ས་ཚིགས་དང་ལོ་རྒྱུས། གཏམ་རྒྱུད་སོགས་མང་པོ་མཆིས། དེ་ཡང་གནས་འདིའི་སྐོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས«ཀོང་པོ་བོན་རིའི་སྐོར་དང་དེའི་རྒྱུད་ཀྱི་གནའ་བོའི་ས་མིང་འགའ་ཞིག་ལ་དཔྱད་པ»[1]ཞེས་པའི་དཔྱད་རྩོམ་སྤེལ་གནང་ཡོད། ཁོང་གིས་དཔྱད་རྩོམ་དེར«བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ»[2]ཞེས་པ་དྲངས་ཏེ་དཔྱད་གཞི་བྱས་ཡོད་ལ། “དཀར་ཆག་དེའི་རྩོམ་པ་པོ་ནི་བློ་ལྡན་སྙིང་པོའམ་པད་འབྱུང་ནམ་མཁའ་རིན་ཆེན། པདྨ་གཡུང་དྲུང་དཔའ་བོའམ་བྱང་ཆུབ་རྡོ་རྗེ་ཞུ་བ་དེ་ཡིན། བོན་གྱི་བསྟན་རྩིས་ལྟར་ན། ཁོང་འཁྲུངས་པའི་དུས་ནི་སྤྱི་ལོ༡༣༦༠རེད།”[3]ཅེས་བརྗོད་ཡོད། འོན་ཀྱང་། དེ་ནི་ཁོང་གིས་ཐུགས་ཉམས་མ་བཞག་པའི་གསུངས་སྟངས་ཞིག་ལས་དཀར་ཆག་འདིའི་མཛད་པ་པོ་ནི་བློ་ལྡན་སྙིང་པོ(༡༣༦༠-༡༤༠༦)མ་ཡིན་པར་དེའི་རྗེས་སུ་བྱོན་པའི་བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པ(༡༧༠༥-༡༧༣༥)ཆགས་ཡོད། དེང་གི་ཆར་བོད་རིག་པའི་ཞིབ་འཇུག་གི་ཚ་རླབས་ཤིག་འཕྱུར་བ་དང་བོན་གྱི་དད་ལྡན་མང་པོས་ཀྱང་བོན་རིའི་གནས་ཀྱི་དཀར་ཆག་ལ་དོ་སྣང་གནང་སྟེ་དཀར་ཆག་འདིའི་སྐོར་ནས་བགྲོ་གླེང་མང་པོ་གནང་བཞིན་མཆིས། དེར་བརྟེན། གུས་པས་དཀར་ཆག་འདིའི་མཛད་པ་པོའི་སྐོར་ནས་གསལ་བཤད་འདི་འདྲ་ཞིག་ཞུས་པ་ཡིན།
དང་པོ། དཀར་ཆག་འདི་སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པ་མ་ཡིན་པ།
       སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་ཀོང་ཡུལ་དུ་ཕེབས་མྱོང་བ་ཡིན་ལ། ཁོང་གི་མགུར་འབུམ[4]ནང་དུ་ཀོང་པོ་བོན་རི་དང་འབྲེལ་བའི་གསུང་རྩོམ་ཁག་ལྔ་བཞུགས་ཡོད། དེ་དག་ཏུ་བོན་རིའི་གནས་ཀྱི་ཡོན་ཏན་དང་ཡུལ་ཁམས་དེ་དང་འབྲེལ་བའི་ལོ་རྒྱུས་མང་དུ་འཁོད་ཡོད་ལ། སྐབས་དེར་ཁོང་ནི་འཁོར་སློབ་ཡོན་བདག་མང་པོ་མངའ་བའི་བླ་ཆེན་ཞིག་ཡིན་པ་གསལ་འདུག འོན་ཀྱང་དེ་དག་གྲལ་དུ«བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ»ཚུད་མེད། ཁོང་གི་གསུང་རྩོམ་ཕལ་ཆེར་ལ་མཛད་དུས་གསལ་པོར་བཀོད་མེད་པ་ལྟར་དེ་དག་ལའང་མཛད་དུས་གསལ་པོར་བཀོད་མེད། «བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བའི»མཇུག་བྱང་ལས“གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ་ཞེས་བྱ་བ་སྙིགས་མའི་ཁོ་བོ་བདག་གིས་ས་སྤྲེལ་ཟླ༣ཚེས༡༥ལ་ཀོང་ཡུལ་ལྗོན་པའི་ཚལ་དུ་བཀོད།”(༡༧༨)ཅེས་དཀར་ཆག་འདི་ནི་ས་སྤྲེལ་ལོར་མཛད་པ་ཤེས་ཐུབ། སྤྲུལ་སྐུ་བློ་ལྡན་སྙིང་པོ་ལགས་ནི་རབ་བྱུང་བདུན་པའི་ལྕགས་བྱི(༡༣༦༠)ལོར་འཁྲུངས་ཤིང་། དགུང་ལོ་ཞེ་བདུན་བཞེས་པ་རབ་བྱུང་བདུན་པའི་མེ་ཁྱི(༡༤༠༦)ལོར་སྐུ་གཤེགས་འདུག སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་གི་མི་ཚེའི་ནང་ས་སྤྲེལ་ལོ་ཐེངས་གཅིག་རང་ལས་ཐོན་མེད། དེ་ནི་རབ་བྱུང་བདུན་པའི་ས་སྤྲེལ(༡༣༦༨)ལོ་རེད། ལོ་དེར་ཁོང་དགུང་ལོ་དགུ་ལས་སོན་མེད་ལ། འབྲེལ་ཡོད་ཡིག་ཆ་ལྟར་ན་ཁོང་སྐབས་དེར་ར་ལུག་འཚོ་ཞོར་ཡི་གེ་འབྲི་ཀློག་ལ་བརྩོན་བཞིན་པའི་བྱིས་པ་ཞིག་ལས་བླ་ཆེན་དེ་འདྲ་ད་དུང་ཆགས་མེད། དེས་ན་དཀར་ཆག་འདིའི་མཛད་པ་པོ་ཁོང་མ་ཡིན་པ་གསལ་པོར་ཤེས་ཐུབ། གཞན་ཡང་དཀར་ཆག་འདིའི་ནང་དོན་ལ་བརྟགས་ནའང་མཛད་མཁན་ཁོང་མ་ཡིན་པ་ཤེས་ཐུབ་སྟེ། དཀར་ཆག་འདིར་འཁོད་པའི་དགོན་སྡེ་དང་མི་སྣ་ཁ་ཅིག་ཁོང་གི་རྗེས་སུ་བྱུང་བས་རེད། དེ་དག་མདོར་བསྡུས་ཙམ་གླེང་ན།
       གཅིག ཨ་མདོ་ཚེ་དབང་ལྷུན་གྲུབ་སྐོར།
       «བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ»ལས“ལི་ཤུའི་རྣམ་སྤྲུལ་ཚེ་དབང་བསྐུལ་བའི་ངོར། །གསོལ་འདེབས་ཡན་ལག་བདུན་པ་གཞན་ཕན་བརྩམས། །”ཞེས་དང་། “རི་ཁྲོད་བླ་མ་ཚེ་དབང་གཞན་དོན་གཤེགས། །སྐྱེས་བཞེས་བདེན་ཚིག་བླ་གྲྭ་རྣམས་ལ་གདམས། །”[5]ཞེས་གསལ་ཡོད། བླ་མ་འདི་ནི་བོན་རིའི་ཉེ་འདབས་གདན་ས་སྟག་རྩེ་རི་ཁྲོད་ཀྱི་བླ་རབས་གཉིས་པ་ཚེ་དབང་ལྷུན་གྲུབ་ཡིན་ལ། དམ་པ་ཁོང་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ནང་ཚན་ཨ་མདོ་ཤར་ཁོག་ནགས་རྩ་ཚང་དུ་སྐུ་འཁྲུངས་པ་ཡིན། ཁོང་ཆུང་དུས་ནས་རྒྱུད་ལ་དད་མོས་ཆེ་ཞིང་འཁོར་བར་བློ་ལྡོག་པ་ཞིག་ཡིན་ལ། ནར་སོན་རིམ་བཞིན་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་ཏེ་དབུས་གཙང་ཕྱོགས་སུ་བསྐྱོད། དེ་ནས་རིམ་བཞིན་ཀོང་པོར་བྱོན་པ་དང་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་དང་མཇལ། དེའི་མདུན་ནས་ཁྲིད་གདམས་མང་དུ་ཞུས་ཏེ་ཁོང་ལྡོམ་སྒོམ་གྱི་ཐུགས་སྲས་གཙོ་བོ་དེ་གྱུར་པ་རེད། རྩ་བའི་བླ་མ་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་སྐུ་གཤེགས་རྗེས་ཁོང་གིས་རྒྱལ་ཚབ་མཛད་དེ་གདན་ས་བསྐྱངས། ཁོང་གི་སློབ་མ་ལ་རྣལ་འབྱོར་གཡུང་དྲུང་རྣམ་རྒྱལ་དང་། རྣལ་འབྱོར་ནམ་མཁའ་ལྷུན་གྲུབ་སོགས་མང་དུ་བྱུང་བ་དང་། རིག་འཛིན་ཀུན་གྲོལ་གྲགས་པས(༡༧༠༠-༡༧༦༦)ཡབ་དང་མཉམ་དུ་ཆུང་དུས་སུ་ཁོང་གི་སྐུ་མདུན་ནས་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་སོགས་གསན་མྱོང་བ་ཀུན་གྲོལ་མཆོག་གི་རང་རྣམ་ནང་གསལ་འདུག་གོ །
       གཏེར་སྟོན་སངས་རྒྱས་གླིང་པའི་རང་རྣམ«རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན»ལས“དེ་ནས་དབུས་ཕུག་གསང་བ་ཡང་རྫོང་ནས། །འགྲོ་བའི་ལམ་དུ་རི་ཁྲོད་བླ་མ་ཡང་། །ཁམས་ཀྱང་མ་བདེ་ཞིང་ཁམས་ཕེབས་འདྲ་བའི། །གསུང་བྱུང་ཁོ་བོ་དེ་རུ་སོང་། །ཚེ་དབང་ལྷུན་གྲུབ་ཞལ་ནས་འདི་སྐད་གསུངས། །རྒས་པོ་བདག་ནི་ད་ཡང་འགྲོ་རན་ཐལ། །རིག་འཛིན་ཁྱེད་དང་མཇལ་ཁ་བྱུང་བ་དེ། །དེ་སྔ་ཚེ་རིང་བསོད་ནམས་རབ་ཆེ་ཡིན། །ད་ནི་བསྡད་ཀྱང་རེ་སྨོན་འགྲུབ་ངོ་མེད། །མི་ལོ་དྲུག་ཅུའི་བར་དུ་གནས་འདི་ལ། །རི་ཁྲོད་འདི་དང་སྐད་ཅིག་མ་བྲལ་བ། །གོང་མའི་བཀའ་དང་མཐུན་པར་སྒྲུབ་པ་ཡིན། །འཆི་ཡང་དགའ་བ་མ་འཆི་ན་ཡང་དགའ། །ནམ་ཡང་སྒྱུ་ལུས་འདི་ནི་བོར་དགོས་ངེས། །”ཞེས་དང་། ཡང་དེ་ཉིད་ལས“ནུབ་ཅིག་རི་ཁྲོད་ཚེ་དབང་ལྷུན་གྲུབ་ཞིང་དུ་གཤེགས་པའི་ཚེ། ཕོ་ཉ་བ་བྱུང་ཚེ་ནམ་གྱི་གུང་ལས་ཐང་ཆེན་པོ་གཅིག་གི་དཀྱིལ་ལ་གདོང་བ་གྲུ་བཞི་ཁ་ལ་ཚེ་དབང་ལྷུན་གྲུབ་མི་གཡོ་མཉམ་བཞག་ཏུ་འདུག་པ་ལ་ཨོ་རྒྱན་དང་སྟག་གཟིག་གི་མཁའ་འགྲོ་མང་པོ་འདུས་ནས། རང་རང་གི་ཡུལ་དུ་གཤེགས་དགོས་ཀྱི་ཞུ་བ་རྩོད་པ་བྱེད་འདུག་པས།”ཞེས་སོགས་དང་། “ཁོ་བོ་བདག་ཀྱང་མཚམས་ཀྱི་བཅད་རྒྱ་བཀྲོལ་ནས་སྟག་ཚལ་ཁྲོད་དུ་སོང་། གྲུབ་ཐོབ་ཚེ་དབང་དེ་ཉིད་ཀྱི་གདུང་མཇལ་ན་བཟའ་གསོལ་ཚོགས་ཕུལ་སྲེག་སྦྱོང་ངོ་སྤྲོད་མཛད། དེ་ནས་གྲྭ་ཚོགས་ཀུན་དང་ཁྲི་སྨོན་དབོན་པོ་བཅས། །ཀུན་ལ་གདུང་སྲེག་མཆོད་པའི་གྲབས་བྱེད་བཅུག །སྐུ་གདུང་ཞུགས་ལ་བཞེས་ནས་སྦྱིན་སྲེག་བླུགས། །ངོ་མཚར་ལྟས་བཅས་རིང་བསྲེལ་ལྔ་ཙམ་བྱེད། །”[6]ཅེས་བོད་རབ་བྱུང་བཅུ་བཞི་པའི་ས་སྤྲེལ(༡༧༢༨)ལོར་གཏེར་སྟོན་སངས་རྒྱས་གླིང་པ་ཀོང་པོར་བཞུགས་སྐབས་ཁོང་སྐུ་གཤེགས་པ་གསལ་ཡོད།
       གཉིས། མཁའ་འགྲོ་བདེ་ཆེན་དཔལ་འདྲེན་སྐོར།
       དཀར་ཆག་ལས“དབུས་ཕུག་གནས་ཕྱིན་ཚོགས་འཁོར་དབྱངས་ཅན་དངོས། །བདེ་ཆེན་མཚན་གསོལ་གདན་དྲངས་ཉེ་གནས་ཁྲོམ། །མཐིང་སྐུ་ཟབ་དོན་བྲམ་ཟེའི་སྐུ་ཤ་བཅས། །གཏེར་དྲངས་གནས་ཀྱི་ལོ་རྒྱུས་ཕྱག་ཞབས་རྗེས། །དད་གུས་དག་སྣང་ངེས་ཤེས་འཆང་བར་བྱས། །”[7]ཞེས་སོགས་གསལ་ཡོད། མཁའ་འགྲོ་འདི་ནི་ཀོང་པོ་ཉིང་ཁྲི་སྟེང་ནས་ཡིན་ལ་ལོ་ཁམས་བྱི་བ་ཡིན་པ་གསལ་འདུག འདིའི་སྐོར་མང་པོ་ཞིག་གཏེར་སྟོན་སངས་རྒྱས་གླིང་པའི་རང་རྣམ«རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན»ནང་གསལ་འདུག གཞན་ཡང་ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི«བོན་རིའི་གསོལ་འདེབས»ལས“རྒྱལ་ཁྲི་སྐུ་ཤུག་སྲིད་རྒྱལ་དབང་འདྲེན་གྱིས། །གཙུག་ལག་ཁྱད་འཕགས་བཞེངས་གྲུབ་བྱང་ཆུབ་ཀྱི། །ཡང་སྲིད་མི་ཕམ་རང་གནས་བསྟན་འགྲོའི་མགོན། །”[8]ཞེས་མཁའ་འགྲོ་འདིས་ཉིང་ཁྲི་སྐུ་ཤུག་ཡོད་སར་ལྷ་ཁང་ཞིག་བཞེངས་པ་གསལ་ཡོད། དེང་གི་སྐུ་ཤུག་དགོན་གཡུང་དྲུང་མཐའ་རྒྱས་གླིང་ཞེས་པ་འདི་ཉིད་ཐོག་མར་ཁོང་གིས་ཕྱག་བཏབ་པ་ཡིན་ཤས་ཆེ་མོད། དེང་སང་མཐོང་ཡུལ་དུ་གྱུར་པའི་དགོན་འདིའི་ལོ་རྒྱུས་ནང་དེའི་སྐོར་འཁོད་མེད་པ་རེད། གང་ལྟར་མི་སྣ་འདི་ནི་དུས་རབས་བཅོ་བརྒྱད་པའི་དཀྱིལ་སྟོད་དུ་བྱོན་པ་དང་། བོན་གྱི་བསྟན་པར་བཀའ་དྲིན་བསྐྱངས་མྱོང་བ་ཞིག་ཡིན་པ་ཤེས་ཐུབ། གཞན་ཡང་དཀར་ཆག་འདིར་ཀོང་པོ་ཕྱོགས་ཀྱི་བོན་དགོན་སྟག་རྩེ་རི་ཁྲོད་དང་སྟག་བྲོ་དགའ་ཚལ་སོགས་ཀྱི་སྐོར་འཁོད་ཡོད། སྟག་རྩེ་དགོན་ནི་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱིས་རབ་བྱུང་བཅུ་པའི་མེ་སྟག(༡༦༢༦)ལོར་ཕྱག་བཏབ་པ་རེད་ལ། སྟག་བྲོ་གཡུང་དྲུང་དགའ་ཚལ་གླིང་ནི་སྐུ་མདུན་སྨོན་ལམ་བཀྲ་ཤིས(༡༥༠༠-༡༥༩༠)ཀྱིས་ཕྱག་བཏབ་པ་རེད།
       གཉིས་པ། དཀར་ཆག་འདིའི་མཛད་པ་པོ་གཏེར་སྟོན་སངས་རྒྱས་གླིང་པ་ཡིན་པ།
       གཏེར་སྟོན་སངས་རྒྱས་གླིང་པ་ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་བྱ(༡༧༠༥)ལོར་མདོ་ཁམས་ཚ་བ་རོང་དུ་འཁྲུངས་ཤིང་། དགུང་ལོ་སོ་གཅིག་སྟེ་རབ་བྱུང་བཅུ་གཉིས་པའི་ཤིང་ཡོས(༡༧༣༥)ལོར་ཁམས་ཁྱུང་ཡུལ་དུ་སྐུ་གཤེགས་འདུག ཁོང་གི་རང་རྣམ་དེབ་གཟུགས་སྟོད་སྨད་གཉིས་ལས་གྲུབ་པ་ཞིག་བཞུགས་ཤིང་། དེར་ཁོང་གི་ལོ་རྒྱུས་ཞིབ་རྒྱས་སུ་བཀོད་ཡོད་ལ། ཁོང་ཚ་རོང་ནས་དབུས་གྱིམ་ཤོད་ཁྱུང་ཡུལ་བརྒྱུད་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོའི་ཟླ་བ་བཅུ་པ་ནང་ཀོང་པོ་རོང་དུ་ཕེབས་འབྱོར་བྱུང་འདུག དེ་ནས་ལོ་གཅིག་ཡས་མས་རིང་ཡུལ་དེར་བཞུགས་ནས་བསྟན་དོན་བསྐྱངས་ཡོད། དེ་ཡང་སྟག་བྲོ་གཡུང་དྲུང་དགའ་ཚལ་གླིང་དུ་འདུ་ཁང་བཞེངས་ཏེ་ནང་རྟེན་དུ་ཀུན་བཟང་རྒྱལ་བ་རྒྱ་མཚོའི་སྐུ་བརྙན་བཞེངས། ས་སྤྲེལ(༡༧༢༨)ཟླ་བ་གསུམ་པའི་ནང་དབུས་ཕུག་གསང་བ་ཡང་རྫོང་ནས་ཟབ་དོན་པོད་བཞི་དང་མཐིང་སྐུ་པདྨ་འོད་འབར་སོགས་ཁྲོམ་གཏེར་དུ་བཞེས་གནང་འདུག སྐབས་དེར་ཨ་མདོ་ཚེ་དབང་ལྷུན་གྲུབ་སོགས་ཀྱི་འབོད་སྐུལ་འོག་གནས་མཆོག་བོན་རིའི་དཀར་ཆག་དང་གསོལ་འདེབས་སོགས་གཏན་ལ་ཕབ་འདུག སྐབས་འདིར་གླེང་བྱར་གྱུར་པའི«བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ»ནི་དུས་སྐབས་དེར་ཕབ་པ་ཁོང་གི་རང་རྣམ་དང་དཀར་ཆག་གི་མཇུག་བྱང་སོགས་ཀྱིས་རྟོགས་ཐུབ། མཁར་རྨེའུ་བསམ་གཏན་ལགས་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོའི་མཚན་གྱི་རྣམ་གྲངས་ལ“པདྨ་གཡུང་དྲུང་དཔའ་བོའམ་བྱང་ཆུབ་རྡོ་རྗེ”ཞུ་ཞེས་གསུངས་པ་ནི། དཀར་ཆག་ལས“མ་འོངས་ཁོ་བོ་བྱང་ཆུབ་རྡོ་རྗེ་རྩལ། །གསང་མཚན་པདྨ་གཡུང་དྲུང་དཔའ་བོ་གསོལ། །”ཞེས་པ་དེར་གཞི་བྱས་པ་རེད། བྱང་ཆུབ་རྡོ་རྗེའམ་པདྨ་གཡུང་དཔའ་བོ་ཞེས་པ་བློ་ལྡན་གྱི་གསུང་རྩོམ་གང་དུ་ཡང་མ་འཁོད་པར་གཏེར་སྟོན་སངས་རྒྱས་གླིང་པ་མཆོག་གི་བཀའ་གཏེར་སྙན་རྒྱུད་ཁག་གི་མཛད་བྱང་དུ་གསལ་ཡོད། དཔེར་ན། སྟག་ལ་བཀྲ་ཤིས་གཏེར་རྫོང་གི་ཕྱག་བཞེས«རིན་ཆེན་ཕྲེང་བའི་རྒྱན»གྱི་མཛད་བྱང་ལས“ས་སྤྲེལ་ཟླ༣པའི་ཚེས༡ཀོང་ཡུལ་ལྗོན་པའི་ཚལ། ངོ་མཚར་གནས་ཆེན་བོན་རིའི་མདུན་ཞོལ་དུ། ཁོ་བོ་བྱང་ཆུབ་རྡོ་རྗེ་རྩལ་གྱིས་སྦྱར།”ཞེས་དང་།«བཀའ་གསང་མཁའ་འགྲོའི་སྙན་རྒྱུད»ལས“དུས་མཐའི་ཁོ་བོ་པདྨ་གཡུང་དྲུང་ལ། སྙད་དུ་བརྒྱུད་ཅིང་རྒྱས་པའི་སྨོན་ལམ་བཏབ།”ཅེས་གསལ་བ་ལྟ་བུ་རེད། གཞན་ཡང་ཁོང་གི་མཚན་གྱི་རྣམ་གྲངས་ལ་གཡུང་དྲུང་བསྟན་པའི་རྒྱལ་མཚན། འཕགས་བཙུན་པད་མ་གཡུང་དྲུང་། སྤྲུལ་སྐུ་བྱང་ཆུབ་རྡོ་རྗེ། པད་མ་གཡུང་དྲུང་དཔའ་བོ་གསལ། ཨོ་རྒྱན་སངས་རྒྱས་གླིང་པ་སོགས་མཆིས། ཡང་སྐབས་འདིར་གླེང་བའི་གཏེར་སྟོན་སངས་གླིང་པའམ་བྱང་ཆུབ་རྡོ་རྗེ་འདི་ཉིད་དུས་རབས་བཅུ་བཞི་པའི་ནང་བྱོན་པའི་རྙིང་མའི་གཏེར་སྟོན་སངས་རྒྱས་གླིང་པ(༡༣༤༣-༡༣༦༩)དང་གོ་འཛོལ་ཐེབས་མི་ཉན། དེང་སང་འདི་གཉིས་ཕན་ཚུན་གོ་འཛོལ་ཐེབས་མཁན་ཡང་ཁ་ཤས་མཐོང་རྒྱུ་འདུག བོན་རིའི་དཀར་ཆག་འདི་ཉིད་ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས(༡༧༣༨-༡༧༩༨)ལགས་ཀྱིས་རབ་བྱུང་བཅུ་གསུམ་པའི་མེ་ལུག(༡༧༨༧)ལོར་གནས་མདུན་དཔལ་ལྡན་དགོན་པ་སྟེང་དུ་ཤིང་པར་དུ་བརྐོས་པ་སོགས་ཀྱི་བདག་རྐྱེན་ལས་དེང་གི་ཆར་དཔེ་རྒྱུན་མ་ཆད་པར་བཞུགས་པ་ལགས་སོ། །

དཔྱད་གཞི།
[1][3] མཁར་རྨེའུ་བསམ་གཏན། «མདའ་དང་འཕང» [M] སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༢ལོར། ཤ༤༣༥ ཤ༤༣༦ བཅས་སུ་གསལ།
[2][5][7][8] བྱང་ཆུབ་རྡོ་རྗེ། «བོད་ཀྱི་གནས་ཡིག་བདམས་བསྒྲིགས» [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོར། ཤ༡༣༣ ཤ༡༧༧ ཤ༡༧༦ ཤ༡༨༠བཅས་སུ་གསལ། དཀར་ཆག་འདིའི་མཚན་ཆ་ཚང་ལ«གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་འཕྲེང་བ་བཞུགས་སོ»ཞེས་ཟེར།
[4] སྤྲུལ་སྐུ་བློ་ལྡན་སྙིང་པོ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་བཞུགས་སོ། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ༢༠༢༡ལོར།
[6] སངས་རྒྱས་གླིང་པ། «བསྟན་གཉིས་སངས་རྒྱས་གླིང་པའི་སྐྱེས་རབས་རྣམ་ཐར་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན» སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ༢༠༢༡ལོར། ཤོག་ངོས༣༢༣ནས༤༠༣བར་དུ་གསལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།