དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལམ་ནོར་ལྡོག་ཤེས་ཅན་ལ་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་ཐོབ།

    —— ཉིང་ཁྲིས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་ལ་བརྟེན་ནས་ལས་བྱེད་པས་འགན་འཁྲི་འཁུར་བར་སྐུལ་མ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-06

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“དབྱེ་བ་གསུམ་འབྱེད་པ”དོན་འཁྱོལ་ནན་ཏན་བྱས་ཏེ་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བློ་གཤོག་ཆེན་པོས་ལས་ཀ་བྱེད་པར་ལྕག་སྐུལ་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་འགན་འཁྲི་འཁུར་མཁན་ལ་འགན་འཁུར་བ་དང་ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ་ཧུར་བརྩོན་སྐྱོན་བྲལ་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་ངང་བཏོད་པ་རེད།

    སྒྱུར་བཅོས་གསར་གཏོད་དང་ལས་སྒྲུབ་ལས་གཏོད་བྱེད་སྐབས་ནོར་འཁྲུལ་དང་ནོར་འཛོལ་འབྱུང་སྲིད་པ་ཞིག་རེད། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་འཛུགས་པ་ནི་ལས་བྱེད་པའི‘སེམས་ཁྲལ’སེལ་བ་དང་། ‘ཕོར་པ་ག་ཚོད་ཀྱིས་མང་བ་བཀྲུས་ན་དེ་ཙམ་གྱིས་མང་བ་ཆག་དོགས’ཀྱི་སེམས་ནད་སེལ་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

    ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལས་དོན་དོན་འཁྱོལ་ཡག་པོ་ཐུབ་པར་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི“ལམ་ཐིག་ས་བཀྲ”བཟོས་ཏེ། འགོ་ཚུགས་དང་། ཞིབ་བཤེར། ངོས་འཛིན། ཚུར་ལན། ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་བཅས་ཀྱི་ལྷུ་ཚིགས་ལྔ་གཞིར་བཟུང་། ཁུངས་སྣེ་ཐག་གཅོད་དང་། ཞིབ་དཔྱད་རགས་ཙམ། ཞིབ་བཤེར་བརྟག་དཔྱད། གྱོད་གཞི་ཞིབ་གཅོད་སོགས་ཀྱི་ལས་དོན་ཁྲོད་སྡེ་ཚན་དང་ཚན་པ་ཁག་གི་འགན་འཁྲི་ནན་དུ་བཏང་ནས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་དེ་ལྟ་སྐུལ་སྒྲིག་སྐྱོང་གི་འགན་འཁྲི་བདའ་འདེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཏན་ཏིག་ཁྱབ་པར་བྱས་ཏེ་དངོས་སུ་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། “ང་ཚོས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས་མི་དོན་སྡེ་ཚན། འབྲེལ་ཡོད་འགན་ནུས་སྡེ་ཚན་བཅས་དབར་གྱི་མཉམ་ལས་གཞོགས་འདེགས་ལ་མཐོང་ཆེན་བྱས་ཏེ་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་གྲོས་མོལ་ཞིབ་གཅོད་དང་། ཕན་འབྲས་དཔྱད་དཔོག མཐུན་སྦྱོར་དོན་འཁྱོལ་སོགས་ཀྱི་ལས་དོན་མཉམ་དུ་སྤེལ་ནས་ལག་བསྟར་གྱི་ཕན་འབྲས་དེ་བས་ལེགས་པ་ཐོན་པར་སྐུལ་འདེད་གཏོང་གི་ཡོད། ལག་ལེན་བསྟར་རིང་། ད་དུང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་དེ་དག་སེལ་དང་། སྙོན་འཛུགས་ཞུ་གཏུག་ལ་ཞིབ་བཤེར་ཐག་གཅོད། བཅར་ལན་སློབ་གསོ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ལས་བྱེད་པས་འགན་འཁྲི་འཁུར་བར་སྐུལ་མ་གཏོང་བའི‘སྣ་འདུས་ཐབས་བཟང’ཡག་པོ་སྤྱོད་ཀྱི་ཡོད”ཅེས་བརྗོད།

    “བློ་ཁོག་ཆེན་པོས་ལས་ཀ་བྱེད་ནུས་ཀྱི་མི་འདུག”“རྒྱབ་ཏུ་མི་མང་པོས་ལབ་གླེང་བྱེད་པའི་སྣང་བ་འདུག”“སྐབས་དེ་དུས་ཐ་ན་ལས་དགོངས་ཞུ་འདོད་ཀྱི་བསམ་བློའང་འཁོར་བྱུང”……དོན་དངོས་དང་མི་མཐུན་པར་ཐེར་འདོན་བྱས་པའི་ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལས་བྱེད་པ་གསུམ་གྱིས་སྐབས་དེའི་བརྒྱུད་རིམ་གླེང་སྐབས་སེམས་པ་ད་དུང་ཡང་ལྷོད་ལ་ཕབ་ཐུབ་མེད་པའི་སྣང་བ་སྦྱིན་འོང་། གྲོང་ཁྱེར་དེའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་གྲོང་ཨུད་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སུ་ལས་བྱེད་པའི་དག་སེལ་ཚོགས་ཆེན་འཚོགས་ནས་དོན་དངོས་དང་མི་མཐུན་པར་ཐེར་འདོན་བྱས་པའི་ལས་བྱེད་པ་གསུམ་གྱི་དག་སེལ་ཡི་གེའི་ནང་དོན་དང་མཇུག་འབྲས་བརྡ་ཁྱབ་བཏང་བ་མ་ཟད། ཡི་གེའི་ནང་དོན་ཅུས་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་དང་གཞི་རིམ་འཐུས་མི་རྣམས་ལ་གསལ་བཤད་བྱས་པ་དང་འབྲེལ། ཚོགས་འདུ་འཚོག་ཡུལ་དུ་དག་སེལ་ཡི་གེ་བཀྲམ་ནས་ཤུགས་རྐྱེན་ངན་པ་དུས་ཐོག་ཏུ་བསལ་ཐུབ་ཡོད། བྱ་ཐབས་དེས་དོན་དངོས་དང་མི་མཐུན་པར་ཐེར་འདོན་བྱས་པའི་ལས་བྱེད་པ་3ལ་སྐུལ་མ་ཆེན་པོ་ཐེབས་ནས་ལས་སྒྲུབ་ལས་གཏོད་ཀྱི་གདེང་ཚོད་སླར་ཡང་འཕེལ་ཡོད།

    དག་སེལ་བྱུང་མཁན་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“དངོས་གནས་སེམས་སྐྱིད་དུ་ཕྱིན་སོང་། རྩ་འཛུགས་ཀྱིས་ང་ལ་དོན་དངོས་དང་མི་མཐུན་པའི་ཐེར་འདོན་ལ་དག་སེལ་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། དོན་དངོས་དང་མི་མཐུན་པའི་ཐེར་འདོན་བྱས་རྗེས་ངའི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཀྱང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ང་ལ་དག་སེལ་བྱས་པས་སེམས་ཁྲལ་རྦད་དེ་སེལ་སོང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་སྔར་བས་འགན་འཁྲི་གཙང་སྒྲུབ་བྱེད་ཀྱི་ཡིན”ཞེས་བཤད།

    ནོར་འཁྲུལ་རུང་བ་ནི་མཐའ་མའི་དམིགས་ཡུལ་མ་ཡིན་པར། གཙོ་གནད་ནི་སྔ་ཙམ་ཡོ་བསྲང་དང་དུས་ཐོག་ཏུ་གསབ་བཅོས་བྱ་རྒྱུ་དེ་ཡིན། ལས་ཀའི་ཁྲོད་ནོར་འཛོལ་དང་ནོར་འཁྲུལ་བྱུང་བའི་ཚན་པ་དང་མི་སྒེར་ལ་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་གྲོས་འགོ་དང་། སྐོང་འདྲི་དྲན་སྐུལ། བསླབ་འདོམས་ལྟ་སྐུལ་མཛུབ་ཁྲིད། ནོར་བཅོས་བཀའ་ཕབ་སོགས་ཀྱི་རྣམ་པ་སྤྱད་དེ་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་དུས་ཐོག་ཏུ་བསླབ་བྱ་བསྡུ་ལེན་དང་། ནོར་འཁྲུལ་ཡོ་བསྲང་། གྱོང་གུན་གསབ་པ། ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་འབྲེལ། འབྲེལ་ཡོད་སྡེ་ཚན་གྱིས་ཟུར་བསྟན་ལེབ་མཐོང་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས“ནོར་འཛོལ་རུང་བ་དང་། ཡོ་བསྲང་། བཅོས་སྒྲིག”བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་བཏང་ཡོད།

    ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང《ཆད་པ་ཕོག་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྙིང་གཏམ་ཤོད་པ་དང་གླེང་མོལ་བྱེད་པའི་ལམ་ལུགས》དང《སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་མི་སྣར་བཅར་ལན་སློབ་གསོ་གཏོང་བ་དང་རྟོག་ཞིབ་ཡོངས་བསྒྲགས་ཀྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ཡོད། སྙིང་གཏམ་ཤོད་པ་དང་གླེང་མོལ་བྱེད་པ་དང་བཅར་ལན་སློབ་གསོ་བཏང་བ་བརྒྱུད། ལས་བྱེད་པའི་ནོར་འཁྲུལ་ཤོར་རྗེས་ཀྱི་ལས་ཀའི་རྣམ་འགྱུར་དང་བསམ་པའི་འཁྱེར་ཕྱོགས་ལ་རྗེས་སྙེག་ཤེས་རྟོགས་བྱས་ནས“ནོར་འཁྲུལ་ཤོར་མྱོང་བའི་ལས་བྱེད་པར”སེམས་ཤུགས་འཕེལ་རོགས་དང་ཡིད་ཆེས་འཕེལ་རོགས་བྱས་ནས“ནོར་འཁྲུལ་བྱུང་བ”ནས“བྱས་རྗེས་ཡོད་པའི”བར་བསྒྱུར་བར་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པ་5ལ་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་སྤྱད་པ་དང་། ཏང་ཡོན་ལས་བྱེད་པ་17གྱི་དོན་དངོས་དང་མི་མཐུན་པའི་ཐེར་འདོན་གྱི་གནད་དོན་ཁག་14ལ་དག་སེལ་བྱས་པ། རྩ་འཛུགས་ཀྱིས་ཐག་གཅོད་བྱས་པའམ་ཡང་ན་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་གཅོད་ཀྱི་དུས་ཚོད་ཐིམ་རྗེས་ལས་སྒྲུབ་རྣམ་འགྱུར་ཕུལ་དུ་བྱུང་བའི་གྲོང་ཁྱེར་དོ་དམ་ལས་བྱེད་པ་23གནས་སྤར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།