ལྔ་གཅིག་གུང་གསེང་སྐབས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་བརྟན་འཇགས་རེད།
2024.05.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ལྔ་གཅིག་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་རེད། ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་བར། ཚབས་ཅུང་ཆེ་བ་དང་དེའི་ཡན་གྱི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་དང་རང་བྱུང་གནོད་འཚེའི་གློ་བུར་དོན་རྐྱེན་གྱི་སྙན་ཞུ་འབྱོར་མེད།

དུས་ཆེན་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དུ་བརྡ་ཐོ་འགྲེམས་སྤེལ་བྱས་ཤིང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་གིས་ཆེད་དུ་གྲོས་ཚོགས་བསྡུས་ཏེ། གུང་གསེང་སྐབས་ཀྱི་བདེ་འཇགས་དོགས་ཟོན་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།  ཀོང་ཏུང་ཞིང་ཆེན་མཱེ་ཀྲོའུ་གྲོང་ཁྱེར་གྱི་མཱེ་ཀྲོའུ་གྲོང་ཁྱེར་ནས་ཏཱ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་བརྡིབས་པའི་གནོད་འཚེ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས། འགོ་ཁྲིད་གཙོ་བོས་བྱ་བའི་བླང་བྱ་བཏོན་པར་མ་ཟད་བཀོད་སྒྲིག་བྱས།

དུས་ཆེན་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་གློ་བུར་དུ་བྱུང་བའི་སྤྱི་བའི་དོན་རྐྱེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་གིས་སྔ་ཕྱིར་ཐེངས་ལྔ་ལ་བརྙན་རིས་བཀོད་གཏོང་བཀོད་སྒྲིག་བྱས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཤུགས་སྒྲིལ་རོགས་ལས་དང་། སྔོན་ལ་འཆར་འགོད། བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱེད་པ་དང་ཆུ་ཚོད་ཉེར་བཞིས་འཕྲལ་བསྟུན་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། དུས་ཆེན་སྐབས་ཀྱི་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལྟ་རྟོག་བྱས།  ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་གིས་མངོན་བཤེར་ལྐོག་འདྲིའི་ཚན་ཆུང་བཞི་བཙུགས་པ་དང་། ཟི་ལིང་དང་མཚོ་ཤར་ས་ཁུལ་ལ་བསྐྱོད་ནས། མི་སྣ་འདུས་སྡོད་ཁུལ་གྱི་མེ་འགོག་མེ་གསོད་བདེ་འཇགས་དང་། རིག་གནས་ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་འཇགས་སྔོན་འགོག་དང་ཚོད་འཛིན། གཏེར་རི་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས།   བཟོ་ཚོང་ཉོ་ཚོང་། འབར་རླངས། གཞུང་ལམ་འགྲིམ་འགྲུལ། འཛུགས་སྐྲུན་བཟོ་བཀོད། དམིགས་བསལ་སྒྲིག་བཀོད་སོགས་ཁུལ་ཁོངས་གཙོ་བོའི་ཉེན་ཁའི་མི་མངོན་པའི་ཆར་གྲལ་བཤེར་བྱས་ཤིང་། ལས་རིམ་དང་པོར་བསྐྱོད་དེ་ཆེད་དོན་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱས་ཏེ། ཁེ་ལས་ལས་ཁུངས་སུམ་ཅུར་འདེམས་བཤེར་དང་ཞིབ་བཤེར་བྱས་ནས།  ཉེན་ཁའི་མི་མངོན་པའི་ཆ་དོན་ཚན་ཞེ་ལྔ་གྲལ་བཤེར་བྱས་པར་མ་ཟད་མྱུར་དུ་ལག་བསྟར་དང་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་།

ཟླ5པའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞིའི་བར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྱོན་བསྡོམས་ཞིབ་བཤེར་ཚན་ཆུང་སྟོང་གཉིས་དང་ང་བདུན་མངགས་པ་དང་། ཞིབ་བཤེར་མི་སྣ་མི་ཐེངས་སྟོང་ལྔ་དང་དྲུག་བརྒྱ་ཉེར་དྲུག་མངགས་ལ། ཁེ་ལས་སྟོང་བདུན་དང་བརྒྱ་དང་ང་གཅིག་ལ་ཞིབ་བཤེར་བྱས་ཤིང་། མི་མངོན་པའི་གནད་དོན་སྟོང་གཅིག་དང་བདུན་བརྒྱ་དོན་དགུ་མཐོང་།  ས་གནས་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྱོན་བསྡོམས་ཁྲིམས་འཛིན་འགྲིམ་འགྲུལ་ཉེན་རྟོག་མི་ཐེངས་སྟོང་བཞི་དང་བཞི་བརྒྱ་ང་གསུམ་མངགས་པ་དང་། ཉེན་རྟོག་རླངས་འཁོར་སྟོང་གཅིག་དང་བརྒྱ་དང་ང་གཅིག་མངགས་ཤིང་། འགྲིམ་འགྲུལ་ཉེན་རྟོག་གི་ཁྲིམས་བསྟར་ཞིབ་བཤེར་ས་ཚིགས་ཞེ་གཉིས་འགོ་ཚུགས།

ལྷ་མོ་འཚོས་བསྒྱུར།