ཞིང་ཆེན་རྟེན་མཛོད་ཁང་དུ་ལྔ་གཅིག་སྐབས་སུ་ཉིན་གཅིག་གི་ལྟ་སྐོར་མི་གྲངས་ཆེས་མང་བའི་ཚད་དུ་སླེབས།
2024.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་ནས་རྒྱུས་ལོན་བྱུང་བ་བསྟར་ན། ཟླ5པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གི་ཉིན་གཅིག་གི་ལྟ་སྐོར་པའི་མི་གྲངས་སྟོང་བཞི་དང་བདུན་བརྒྱ་གོ་བདུན་ལ་སླེབས་པ་དང་། རྟེན་མཛོད་ཁང་དེའི་ཉེ་བའི་ལོ་འགའི་རིང་གི་དུས་མཉམ་ལས་ཉིན་རེའི་ལྟ་སྐོར་པའི་མི་གྲངས་ཆེས་མང་བའི་ཚད་དུ་སླེབས། བསྡོམས་རྩིས་གཞི་གྲངས་ལྟར་ན། ལྔ་གཅིག་གུང་གསེང་གི་ཉིན་སྔོན་མ་གསུམ་ལ། ལོ་བཅུ་བདུན་ནས་ལོ་ཉེར་དགུའི་བར་གྱི་ན་གཞོན་གྱིས་ལྟ་སྐོར་པའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ང་བརྒྱད་ཟིན་པ་དང་། རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་པའི་མི་ཚོགས་གཙོ་བོར་གྱུར། དེ་ལས་མིག་སྔའི་ན་གཞོན་དག་གིས་སྲོལ་རྒྱུན་གྱི་ལོ་རྒྱུས་རིག་གནས་ལ་དགའ་ཞེན་དང་དེར་དོ་སྣང་བྱེད་པ་མངོན་པར་མཚོན་ཡོད།

ས་ཁོངས་ལས་བལྟས་ན། མི་གྲངས་ཆེས་མང་བའི་ས་ཆ་བཞི་ནི་སོ་སོར་ཀན་སུའུ་དང་མཚོ་སྔོན། ཧྲའན་ཞི། ཧི་ནན་བཅས་ཡིན་པ་དང་། དེའི་ནང་ཀན་སུའུ་ཡི་ལྟ་སྐོར་པ་ནི་མཚོ་སྔོན་ས་ཁོངས་ཀྱི་ལྟ་སྐོར་པའི་མི་གྲངས་ལས་ལྡབ་གཉིས་ཀྱིས་མང་། སི་ཁྲོན་དང་ཀྲེ་ཅང་། ཧྲན་ཏུང་། ཧྲན་ཞི་སོགས་ནས་ཡོང་བའི་ལྟ་སྐོར་པའི་མི་གྲངས་ཀྱིས་སོ་སོར་ཨང་ལྔ་པ་ནས་ཨང་བརྒྱད་པའི་བར་ཟིན་ཡོད། དེའི་ནང་སི་ཁྲོན་དང་ཀྲེ་ཅང་ནི་ལྟ་སྐོར་པ་ཆེས་མང་བའི་ལྷོ་ཕྱོགས་ཀྱི་ཞིང་ཆེན་གཉིས་སུ་གྱུར་ཡོད།

འབྲེལ་ཡོད་མི་སྣས་བལྟས་ན། ཉེ་བའི་ལོ་འགའི་རིང་ལ། སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་གནའ་ཤུལ་བྱ་བར་མཐོང་ཆེན་བྱས་པ་དང་། མཚོ་སྔོན་ཡུལ་སྐོར་ཐོན་ཁུངས་དེ་སྨྱན་བྱད་སྟེགས་བུ་བརྒྱུད་དེ་དྲིལ་སྒྲོག་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་ཤུགས་ཆེན་པོས་མཚམས་སྦྱོར་བྱས་པ་དང་། མཚོ་སྔོན་རྟེན་མཛོད་ཁང་གིས་ལྟ་སྐོར་པའི་དུས་བཅད་བྱེད་ཐབས་ཐད་དམངས་ལ་སྟབས་བདེ་བའི་བྱེད་ཐབས་སྤྱད་པ་དང་།རྟེན་མཛོད་ཁང་དེས་སྤྱི་ཚོགས་སློབ་གསོའི་བྱ་འགུལ་རྒྱུན་རྣམ་ཅན་དུ་སྤེལ་བ་སོགས་རྒྱུ་རྐྱེན་མང་བོས་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གི་ཉིན་གཅིག་གི་ལྟ་སྐོར་པའི་མི་གྲངས་ཆེས་མཐོ་བའི་ཚད་དུ་སླེབས་པར་སྐུལ་འདེད་བཏང་ཡོད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།