དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀོང་ཏུང་མའེ་ཀྲོའུ་གྲོང་ཁྱེར་གྱི་མའེ་ཏ་མྱུར་བགྲོད་གཞུང་ལམ་ཁྲ་དབྱང་ལམ་དུམ་བརྡིབས་པའི་གནོད་འཚེར་མཛུབ་སྟོན་གལ་ཆེན་གནང་བ།

    ས་ཡུལ་དངོས་ཀྱི་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་ནུས་ཤུགས་ཡོད་རྒུས་ཡག་པོ་བྱེད་དགོས་པ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་དང་བསལ་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-04

    ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་1ཉིན་གྱི་ཆུ་ཚོད་2དང་སྐར་མ་10ཙམ་ལ། ཀོང་ཏུང་མའེ་ཀྲོའུ་གྲོང་ཁྱེར་གྱི་མའེ་ཏ་མྱུར་བགྲོད་གཞུང་ལམ་ཁྲ་དབྱང་ལམ་དུམ་བརྡིབས་པའི་གནོད་འཚེ་ཐོན་ཡོད། ཚེས་2ཉིན་གྱི་ཆུ་ཚོད་15དང་སྐར་མ་30བར། གནོད་འཚེ་ཐོན་ནས་མི་48རྐྱེན་ལམ་དུ་ཤོར་བ་དང་མི་30ལ་རྨས་སྐྱོན་ཕོག་ཡོད་པ་རེད།

    གནོད་འཚེ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཀོང་ཏུང་མའེ་ཏ་མྱུར་བགྲོད་གཞུང་ལམ་ཁྲ་དབྱང་ལམ་དུམ་བརྡིབས་པའི་གནོད་འཚེ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། དེར་བརྟེན་ནུས་ཤུགས་ཡོད་རྒུས་ས་ཡུལ་དངོས་སུ་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཡག་པོ་བྱེད་དགོས་པ་དང་རྗེས་འཇུག་དང་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། བརྡིབས་ཟིན་པའི་ལམ་བུ་གང་མགྱོགས་ཉམས་བཟོ་བྱས་ནས་འགྲིམ་འགྲུལ་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་བྱེད་དགོས། མིག་སྔ་ནི“ལྔ་གཅིག”གུང་གསེང་ཡིན་པས་མང་ཚོགས་ཕྱོགས་ལ་ཐོན་མཁན་མང་བ་དང་འགྲུལ་བཞུད་བྱེད་མཁན་མང་པོ་ཡོད་པ་དང་། ས་ཁུལ་ཁག་གཅིག་ཏུ་ད་དུང་ཆར་པ་འབབ་པ་དང་གཏད་རྒྱུག་གི་གནམ་གཤིས་སྟོན་གྱི་ཡོད་པས་ལས་འཛོལ་དང་གནོད་འཚེ་སྣ་ཚོགས་ཐོན་སླ་པོ་ཡོད། དེར་བརྟེན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གཙོ་གནད་ས་ཁུལ་དང་འགག་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་དང་བསལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་དོན། ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་དང་། རྗེས་འཇུག་ལས་དོན་ཞིབ་ཚགས་དང་ཡག་པོ་སྒྲུབ་པ། ཉེན་གྱར་མི་སྣ་ཐབས་བརྒྱ་ཇུས་སྟོང་གིས་འཚོལ་སྐྱོབ་བྱེད་པ། ཞོར་ཐོན་གྱི་ཉེན་ཁ་སྔོན་འགོག་ནན་པོ་བཅས་བྱེད་དགོས། མིག་སྔར“ལྔ་གཅིག”གུང་གསེང་དང་ཏག་ཏག་འཁེལ་བས་མང་ཚོགས་ཡུལ་སྐོར་དང་ཕྱོགས་ལ་ཐོན་མཁན་མང་བའི་དུས་ཡིན་པ་མ་ཟད། ས་གནས་ཁག་གཅིག་ཏུ་ད་དུང་སྔར་བཞིན་ཆར་པ་འབབ་ཀྱི་ཡོད། དེར་བརྟེན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཆར་པ་ཡུན་རིང་བབས་པར་བརྟེན་འགྲོ་ལམ་དང་མཛེས་ལྗོངས་ཁུལ་དང་དེ་བཞིན་སྤྱི་པའི་སྒྲིག་བཀོད་སོགས་ཀྱི་ཐོན་ཉེན་ཆེ་བའི་མངོན་མེད་རྐྱེན་ངན་གཙོ་གནད་ཐོག་གྲལ་བཤེར་བྱས་ཏེ་བདེ་འཇགས་ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས་ལས་འཛོལ་དང་གནོད་འཚེ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་རོགས་སྐྱོབ་ཐག་གཅོད་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད། ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ས་ཡུལ་དངོས་སུ་བསྐྱོད་དེ་འཐབ་ས་དང་པོའི་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་བཀོད་འདོམས་བྱས་པ་དང་ཀོང་ཏུང་ཞིང་ཆེན་དང་མའེ་ཀྲོའུ་གྲོང་ཁྱེར་གྱིས་ས་ཡུལ་དངོས་ཀྱི་བཀོད་འདོམས་པུའུ་དང་ལས་དོན་ཚོགས་ཆུང་མང་པོ་བཙུགས་ནས་མི་སྣ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། འགྲིམ་འགྲུལ་ཁྲིད་སྟོན། རྗེས་འཇུག་ཐག་གཅོད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་ཅིང་། མིག་སྔར་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།