དབྱི་ལིང་གིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་པའི་ཨ་མེ་རི་ཁ་དང་དབྱིན་ཇིའི་མི་སྒེར་དང་ཚོགས་པ་ཉེར་ལྔར་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས།
2024.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་ཨ་མེ་རི་ཁ་དང་དབྱིན་ཇིའི་མི་སྒེར་དང་ཚོགས་པ་ཉེར་ལྔར་འཁོན་ལན་སློག་པའི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། རྒྱུ་མཚན་ནི་ཁོ་ཚོས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མིའི་འགྲོ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བར་རྒྱབ་སྐྱོར་བྱས་པས་ཡིན་ཟེར།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་མི་སྒེར་དང་ཀུང་ཟིར་བཀག་སྡོམ་བྱས་པ་ནི་ཁོ་ཚོས་དབྱི་སི་རལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཐད་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱས་ཏེ། མངོན་སུམ་འཛེམ་མེད་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་འགྲོ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བས་ཡིན་ལ། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་ནས་གནོད་པ་ཆེས་ཆེར་བཟོས་པས་ཡིན། དབྱིན་ཇིའི་མི་སྒེར་དང་ཚོགས་པར་བཀག་སྡོམ་བྱས་པ་ནི་ཁོ་ཚོས་དབྱི་སི་རལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་བསམ་བཞིན་དུ་རྒྱབ་སྐྱོར་བྱས་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་འགྲོ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བར་མ་ཟད་འཐབ་འཁྲུག་ལ་ངན་སྐུལ་བྱས་པས་ཡིན་ཟེར།

བཀག་སྡོམ་ཐེབས་པའི་ཨ་མེ་རི་ཁའི་ཚོགས་པ་ལྔའི་ནང་ཨ་མེ་རི་ཁའི་དམག་ཆས་ཚོང་བ་ལོ་ཁི་ཞེ་ཏིའི་མཱ་ཏེན་ཀུང་ཟི་དང་། ཐུང་ཡུང་སྒུལ་ཤུགས་ཀུང་ཟི་དང་སི་ཁའེ་ཏིས་ཨོ་ཀུང་ཟི་སོགས་འདུས། བཀག་སྡོམ་ཐེབས་པའི་ཨ་མེ་རི་ཁའི་སྤྱི་དམངས་བདུན་གྱི་ནང་ཨ་མེ་རི་ཁའི་དམིགས་བསལ་འཐབ་འཁྲུག་དམག་སྤྱི་ཁང་གི་དམག་སྤྱི་པུའུ་ལའེ་ཨིན་ཧྥུན་ཏོན་སོགས་འདུས།

བཀག་སྡོམ་ཐེབས་པའི་དབྱིན་ཇིའི་ཚོགས་པ་ལྔའི་ནང་ཨེ་ཨར་པུས་ཐི་མ་ལག་ཀུང་ཟི་དང་མཱེ་ཅི་ཐི་ཀུང་ཟི་སོགས་འདུས། དེ་དག་ཚང་མ་རྒྱལ་སྲུང་བཟོ་ལས་ལ་འབྲེལ་བ་ཡོད། བཀག་སྡོམ་ཐེབས་པའི་དབྱིན་ཇིའི་སྤྱི་དམངས་བརྒྱད་ཀྱི་ནང་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཀི་ལན་ཐི་ཧྲ་ཕུའུ་སི་དང་། དབྱིན་ཇིའི་དམག་དཔུང་གི་འཐབ་ཇུས་དམག་སྤྱི་ཁང་གི་དམག་སྤྱི་ཀྲན་མུའུ་སི་ཧའོ་ཁུན་ཧི་ཨར་སོགས་འདུས།

གསལ་སྒྲོག་ལྟར་ན། བཀག་སྡོམ་བྱེད་ཐབས་ལ་བཀག་སྡོམ་ཐེབས་པའི་མི་སྒེར་དང་ཚོགས་པའི་དབྱི་ལིང་མངའ་ཁོངས་ཀྱི་རྒྱུ་ནོར་དང་དངུལ་ཁང་གི་རྩིས་ཐོ་བཀག་རྒྱ་བསྡམ་རྒྱུ་མ་ཟད། འབྲེལ་ཡོད་མི་སྣ་དག་དབྱི་ལིང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་པ་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།