མཚོ་སྔོན་པོར་ཡུལ་སྐོར་བྱེད་པའི་བྱ་འགུལ་ཟླ་ལྔ་པའི་ཚེས་གཅིག་ཉིན་འགོ་བརྩམས།
2024.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྔ་གཅིག་གུང་གསེང་སྐབས་སུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཡུལ་སྐོར་བའི་མྱོང་ཚོར་ཇེ་ཟབ་ཏུ་གཏོང་ཆེད། ཟླ5པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་པའི“རི་ཆུའི་འགོ་ཁུངས། མཛེས་པའི་མཚོ་སྔོན”དྭངས་གཙང་གི་མཚོ་སྔོན་པོ་ཞེས་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་འགུལ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་འགོ་བརྩམས་པ་དང་། ཟླ5པའི་ཚེས5ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད། 

ཐེངས་འདིའི་བྱ་འགུལ་དེ་རིག་རྩལ་འཁྲབ་སྟོན་དང་། ཤུལ་བཞག་རིག་གནས་ཉམས་ལེན་དང་ཁྱད་ལྡན་ལག་ཤེས་ཐོན་རྫས་འོས་སྦྱོར་བཅས་ཁག་ཆེན་པོ་གཉིས་ལས་གྲུབ་པ་དང་། སོ་སོར་ཚོགས་ར་གཙོ་བོ་མཚོ་སྔོན་པོ་ནུ་ལྕེ་མཛེས་ལྗོངས་ཁུལ་དུ་བཙུགས་ཡོད་པ་དང་། ཡན་ལག་ཚོགས་ར་མཚོ་སྔོན་པོའི་ལྷ་མོ་གཞུང་དང་མཐོན་པོ་མཛེས་ལྗོངས་ཁུལ་དུ་དུས་མཉམ་དུ་སྤེལ་བཞིན་ཡོད་པ་རེད། ཚོགས་ར་གཙོ་བོའི་རིག་རྩལ་འཁྲབ་སྟོན་ནི་ཆེད་ལས་འཁྲབ་སྟོན་ཐེངས་གཉིས་དང་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ཐེངས་གསུམ་ལས་གྲུབ་པ་དང་། དེའི་ནང་དོན་ནི་གླུ་གར་དང་། ས་གནས་ཀྱི་ཟློས་གར། རོལ་ཆས་སོགས་སྒྱུ་རྩལ་གྱི་མཚོན་སྟངས་སྣ་ཚོགས་ཡིན་ཞིང་། ཕྱོགས་བསྡུས་འཁྲབ་སྟོན་ལེ་ཚན་ལ་བརྟེན་ནས་ཡུལ་སྐོར་བའི་མཛེས་དཔྱོད་ཀྱི་དགོས་མཁོ་སྣ་ཚོགས་སྐོང་བཞིན་ཡོད་པ་རེད།

བྱ་འགུལ་སྤེལ་ཡུལ་དུ་ད་དུང་ཤུལ་བཞག་རིག་གནས་རྣམ་གྲངས་ཉམས་ལེན་བཀོད་སྒྲིག་བྱས་ཡོད་དེ། དངུལ་ཟངས་ཡོ་བྱད་བཟོ་བ་དང་གསེར་གྱི་བཟོ་རྩལ། སྟོང་སྐོར་གློག་སྒྲོན། ཧོར་རིགས་ཀྱི་འཚེམ་དྲུབ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཤུལ་བཞག་རིག་གནས་རྣམ་གྲངས་ཉི་ཤུ་དང་། རྒྱུན་འཛིན་བྱེད་མཁན་གྱིས་རྣམ་གྲངས་ངོ་སྤྲོད་བྱེད་པ་དང་། ཐོན་རྫས་འོས་སྦྱོར་བྱེད་པ། རྒྱུན་འཛིན་བྱེད་མཁན་གྱིས་ཡུལ་དངོས་སུ་འགྲེམས་སྟོན་བྱེད་པ། མཉམ་འགུལ་ཉམས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མཚོ་སྔོན་གྱི་ཁྱད་ལྡན་ཤུལ་བཞག་རིག་གནས་རྣམ་གྲངས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་བཞིན་ཡོད་པ་རེད། ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ངོ་སྤྲོད་བྱེད་སྐབས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁེ་ལས་གྲགས་ཅན་བཅུ་ཡིས་བོད་སྤོས་དང་། བོད་བལ་ཐོན་རྫས། གླ་སྟར། འཕང་འབྲས། རིག་གནས་གསར་གཏོད་སོགས་མཚོ་སྔོན་གྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཚོང་ཟོག་ངོ་སྤྲོད་བྱས། 

དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གི་སྐོར་སྐྱོད་དཔེ་དེབ་རླངས་འཁོར་མཛེས་ལྗོངས་ཁུལ་དུ་བསྐྱོད་པ་དང་། རླངས་འཁོར་ནང་མཚོ་སྔོན་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་དཔེ་དེབ་དང་དུས་དེབ་སོགས་བཀོད་སྒྲིག་བྱས་ཡོད། སྒུལ་བདེའི་གྲངས་འཛིན་དཔེ་མཛོད་ཁང་དུ་རྩ་གཉིས་ཨང་རྟགས་ཐོ་འགོད་བྱེད་ས་བཙུགས་ནས་རང་གིས་བསྐྲུན་པའི་གཞི་གྲངས་མཛོད་ཚུད་པའི་གྲངས་འཛིན་ཐོན་ཁུངས་མཛོད་བཅོ་ལྔ་ལ་ལྟ་བཞིན་ཡོད་པ་རེད། ཡན་ལག་ཚོགས་ར་རུ་རིག་རྩལ་འཁྲབ་སྟོན་ཆུང་གྲས་དང་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་འོས་སྦྱོར་སོགས་ཀྱི་བྱ་འགུལ་དུས་མཉམ་དུ་སྤེལ་བཞིན་འདུག

ཤ་བོ་གསེར་མཚོས་བསྒྱུར།