ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཁཱ་ལའོ་ལའེ་ན་བྱང་མའི་མངའ་སྡེ་རུ་ལས་སྒྲུབ་མི་སྣར་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི3ཚེ་ལས་འདས་པ་དང་མི5ལ་རྨས་སྐྱོན་ཐེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས29ཉིན་བཤད་རྒྱུར། ཉིན་དེར་ཨ་རིའི་ཤར་ཕྱོགས་ཀྱི་ཁཱ་ལའོ་ལའེ་ན་བྱང་མའི་མངའ་སྡེའི་ཞ་ལའོ་ཐེ་གྲོང་ཁྱེར་དུ་འཇབ་རྒོལ་དོན་རྐྱེན་བྱུང་ཞིང་། དེའི་ཁྲོད་ལས་སྒྲུབ་མི་སྣ3ཚེ་ལས་འདས་པ་དང་མི5ལ་རྨས་སྐྱོན་ཐེབས། 

ཞ་ལའོ་ཐེ-མའེ་ཁུ་ལུང་པའོ་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཡའོ་ཧན་ཉི·ཀྲན་ཉི་སི་ཡིས་ཉིན་དེའི་ཕྱི་དྲོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་ཞ་ལའོ་ཐེ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་ཀྱི་སྡོད་དམངས་ཁུལ་དུ་བྱུང་ལ། ལས་སྒྲུབ་མི་སྣས་སྡོད་ཁང་ཞིག་གི་ཉེ་སར་བཅར་ནས་དོགས་ཡོད་ཉེས་ཅན་ལ་འཛིན་བཟུང་བྱེད་སྐབས་ཕ་རོལ་བས་མེ་མདའ་བརྒྱབ་ཏེ། ལས་སྒྲུབ་མི་སྣ3བསད་པ་དང་ལས་སྒྲུབ་མི་སྣ5ལ་རྨས་སྐྱོན་ཐེབས་ཤིང་། དེའི་ཁྲོད་ཀྱི་མི1གི་རྨས་སྐྱོན་ཅུང་ཚབ་ཆེན་རེད། གཞན་དོགས་ཡོད་ཉེས་ཅན་མི1ཕན་ཚུན་བརྒྱག་རེས་བྱེད་དུས་བསད་པ་དང་གཞན་མི2ལ་ཉེན་རྟོག་པས་འཛིན་བཟུང་བྱས།

ས་གནས་དེ་གའི་བརྙན་འཕྲིན་ཁང་གི་བརྙན་རིས་ལས་འཆར་བ་ལྟར་ན། དོན་རྐྱེན་བྱུང་ས་རུ་ཁྲབ་འཁོར་འགའ་ཡོད་ལ། མྱུར་སྐྱོབ་རླངས་འཁོར་འགའ་ཉེན་རྟོག་རླངས་འཁོར་དང་མཉམ་དུ་སྨན་ཁང་གི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད། 

ཉིན་དེར་ཞ་ལའོ་ཐེ-མའེ་ཁུ་ལུང་པའོ་ཉེན་རྟོག་ཅུའུ་ཡིས་སྤྱི་འབྲེལ་སྨྱན་བྱད་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ལས་སྒྲུབ་མི་སྣ་མང་པོས་ཞ་ལའོ་ཐེ་གྲོང་ཁྱེར་ཉེ་འཁོར་དུ་ལས་དོན་སྒྲུབ་དུས་མེ་མདའ་ཕོག་སྟབས་ཉེ་སའི་སྨན་ཁང་དུ་བསྐྱལ་བཞིན་ཡོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལ། སྡོད་དམངས་རྣམས་རང་ཁྱིམ་ནས་ཕྱིར་མི་འགྲོ་བར་འབོད་སྐུལ་བཏང་ཡོད་པ་རེད། ། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།