གཞོན་སྐྱེས་འཁྲབ་སྟོན་པ་སྐལ་རྡོར་ལ་ཧྲང་ཧའེ་པའེ་ཡུས་ལན་ཟློས་གར་འཁྲབ་སྟོན་བྱ་དགའ་ཐོབ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2024-04-30 08:10:41 ཀློག་གྲངས།:
       ཉིན་ཤས་གོང་། སྐབས32པའི་ཧྲང་ཧའེ་པའེ་ཡུས་ལན་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་བྱ་དགའ་སྤྲོད་པའི་དགོང་ཚོགས་དེ་ཧྲང་ཧའེ་རིག་གནས་ཐང་ཆེན་དུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གཞོན་སྐྱེས་འཁྲབ་སྟོན་པ་སྐལ་རྡོར་ལ་སྐབས32པའི་ཧྲང་ཧའེ་པའེ་ཡུས་ལན་ཟློས་གར་འཁྲབ་སྟོན་བྱ་དགའི་འཁྲབ་སྟོན་པ་གསར་པའི་འཁྲབ་རོགས་བྱ་དགའ་ཐོབ་འདུག
       ཧྲང་ཧའེ་པའེ་ཡུས་ལན་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་བྱ་དགའ་དེ1989ལོར་སྤྲོད་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བྱས་ན་མི826ལ་བྱ་དགའ་དེ་ཐོབ་ཡོད་པ་དང་། དེས་ཟློས་གར་འཁྲབ་སྟོན་པ་བགྲང་ལས་འདས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད།
       སྐལ་རྡོར་གྱིས་བོད་སྐད་ཀྱི་ལམ་ནས་འཁྲབ་སྟོན་བྱས་པའི«ཧམ་ལེ་ཀྲི»ཞེས་པའི་བརྩམས་ཆོས་དེའི་ནང་ཏེན་མག་གི་རྒྱལ་པོ་འཁྲབ་ཡོད་པ་དང་། ཁོང་གིས། ལོ་ཚོད་དང་གཟུགས་དབྱིབས་སོགས་ཕྱོགས་གང་ཅིའི་ཐད་ནས་འཁྲབ་བྱའི་མི་སྣ་དེ་འཁྲབ་ཁག་པོ་འདུག་ཅེས་བཤད་མྱོང་ཡོད། འོན་ཀྱང་། ཏེན་མག་གི་རྒྱལ་པོ་དེ་ཡག་པོ་འཁྲབ་ཐུབ་ཆེད་དང་མི་སྣའི་ཕྱོགས་མང་རང་བཞིན་ཡག་པོ་མངོན་པར་བྱེད་ཆེད། ཁོང་གིས་མི་སྣའི་ཕྱིའི་རྣམ་པ་དང་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་ཐབས་ཐད་བསམ་བློ་ཞིབ་ཏུ་བཏང་བ་དང་། མ་རྩོམ་ཀློག་པ། རྒན་རབས་པའི་འཁྲབ་སྟོན་ལ་ལྟ་བ་སོགས་འབད་པ་ལྷུར་ལེན་བྱས་ཡོད་ལ། འཁྲབ་སྟོན་དེ་བས་གསོན་ཉམས་དོད་པོ་ཡོང་ཆེད་ཨ་ལྕེ་ལྷ་མོ་དཔྱད་གཞིར་བཟུང་བ་དང་ལྷ་མོའི་ཆེད་ལས་དགེ་རྒན་ཡང་བསྟེན་ཡོད་པ་རེད།
       ཁོང་གིས། ང་རང་ལ་འཁྲབ་སྟོན་པ་གསར་པའི་འཁྲབ་རོགས་བྱ་དགའ་གནང་བ་ནི་རང་ཉིད་ཀྱི་འབད་བརྩོན་དང་འཁྲབ་རྩལ་ལ་ཁས་ལེན་བྱས་པ་ཞིག་དང་རང་ཉིད་ཀྱི་འཁྲབ་སྟོན་བརྒྱུད་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས། མུ་མཐུད་འཁྲབ་སྟོན་ལ་དགའ་ཞེན་དང་འབད་བརྩོན་ལྷོད་མེད་ཀྱིས་འཁྲབ་རྩལ་ལེགས་སུ་བཏང་སྟེ། སླད་ཕྱིན་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་འཁྲབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།