སྙན་ངག་ནི་སྒྱུ་རྩལ་གྱི་རྒྱལ་མོ་ཡིན།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2024-04-28 14:27:15 ཀློག་གྲངས།:
བཅར་འདྲི་བྱ་ཡུལ། ས་དཀྱིལ་ཚེ་བཀྲ།
བཅར་འདྲི་པ།«རང་གྲོལ»རྩོམ་སྒྲིག་ཁང་གི
R
ས་གནས། མདོ་སྨད་རེབ་གོང་། དུས་ཚོད། 2023ལོའི་ཟླ10པའི་ནང་།

R. སྙན་ངག་པ་ས་དཀྱིལ་ཚེ་བཀྲ་ལགས་ཁྱེད་བདེ་མོ།
ས་དཀྱིལ་ཚེ་བཀྲ། རྩོམ་སྒྲིག་པ་ལགས་བདེ་མོ།
R. གོ་ཐོས་སུ་ཁྱེད་རང་རེབ་གོང་ས་ཁུལ་གྱི་སྙན་ངག་པ་གཞན་ཚོ་དང་མི་འདྲ་བ་ཞིག་ལ་ཁྱེད་ཀྱི་བྱིས་དུས་ཀྱི་འཚར་ལོངས་དེ་རི་མ་དང་ཆུ་མ་མཉམ་འདྲེས་ཀྱི་འཚོ་བ་ཞིག་ཡིན་པར་བརྗོད། ལྟོས་བཅས་ཀྱིས་བཤད་ན། ཕལ་ཆེར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བ་འཕར་མ་ཞིག་མཉམ་དུ་རོལ་བ་ནང་བཞིན་གྱི་ནང་དོན་འདུས་ཡོད་པས། ཁྱོད་ཀྱིས་རང་གི་མི་ཚེ་འཚར་ལོངས་དང་སྦྱར་ནས་འདིའི་སྐོར་ཅུང་ཙམ་གླེང་རོགས།
ས་དཀྱིལ་ཚེ་བཀྲ།  འོ་ཡ། ང་རང་མདོ་སྨད་ས་ཡི་ཐིག་ལེ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་གཞི་འཛིན་གྱི་ཐོག་མའམ་སའི་ལྟེ་བ་སྟེ་ས་དཀྱིལ་སྡེ་བ་རུ་སྐྱེས་ཤིང་། ངའི་ཆུང་དུས་ཀྱི་འཚོ་བ་དང་འཚར་ལོངས་ཀྱི་བརྒྱུད་རིམ་དེ་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན། ང་རང་ལོ་ན་གསུམ་ལ་སོན་ཙམ་ལ་མ་ཡུམ་ལགས་ཀྱིས་ཕྲུ་གུ་མཚེ་མ་གཅིག་བཙས་པས། མ་གཞི་ནས་ཁྱིམ་གྱི་འཁོས་ཀ་ཞན་པ་དང་སྐབས་དེར་རང་རྒྱལ་གྱི་ཐོན་སྐྱེད་མཉམ་ལས་ཁང་གི་ཚ་རླབས་ཞོད་འཇགས་སུ་མ་ཡལ་ཙམ་ལ་འཁེལ་ཏེ་ཉིན་མཚན་འཁོར་མོ་ཡུག་ཏུ་ཕ་མའི་ལས་ཀ་ལྗིད་པའི་དབང་གིས་ཕྲུ་གུ་དམར་རྗེན་གྱི་ངེད་ཕུ་ནུ་གསུམ་གྱི་འཚོ་བ་དང་གཉོར་སྐྱོང་ཐད་དཀའ་ཁག་ཆེན་པོར་ཕྲད་པས། ང་རང་མ་ཡུམ་གྱི་ཕ་ཡུལ་གྲོང་གསེབ་ག་གེ་མོར་བསྐྱལ་ཏེ་རྨོ་བོ་དང་ངའི་ཨ་ཅེ་ཆེ་བ(མིང་སྲིང་བརྒྱད་ཀྱི་རྒན་པ)གཉིས་ཀྱི་མདུན་སར་གཉོར་སྐྱོང་སྒོས་འཚོ་བ་རོལ་དགོས་ཆགས་ཤིང་། ཁྱིམ་དེར་ངའི་རྨོ་བོ་དང་ཨ་ཅེ་ཆེ་བ་གཉིས་ལས་མེད། ཨ་མའི་ཡབ་ཆེན་ཏེ་ངའི་སྤོ་བོ་ལགས། རིག་གསར་གྱི་ཡ་ང་བའི་དུས་རླུང་གིས་དེད་དེ་ཕྱིར་ཡོང་མེད་པའི་གྲས་སུ་ཚུད། ཨ་ཅེ་ཆེ་བ་ནི་ངའི་མ་ཡུམ་ལགས་ངེད་ཚང་ལ་གནས་སུ་མ་ཡོང་སྔོན་ལ་སྣང་མཐུན་ཕོ་སྐྱེས་ཤིག་ཡོད་པ་དེའི་བུ་མོར་སྐྱེས་ཤིང་། ཕྱིས་སུ་སྐྱེས་པ་དེའི་བཟའ་ཟླ་མ་ཉན་པས། ཨ་མས་ཨ་ཅེ་རྗེས་སུ་ཁྲིད་ནས་ངའི་ཕ་ལགས་དང་ཆང་ས་བརྒྱབ་ཀྱང་། རི་གྲོང་དུ་རྨོ་བོ་གཅིག་པུར་ལུས་ཡོད་པའི་དབང་གིས་ཡུན་རིང་མ་ལོན་པར་ཨ་ཅེ་ཕྱིར་རྨོ་བོ་ལ་སྤྲད་དེ་ཁོང་གཉིས་ཀྱིས་འཚོ་བ་རོལ་ཅིང་། རྗེས་སུ་ངེད་གསུམ་ཁྱིམ་མི་གཅིག་ཏུ་གྱུར།
       ང་རང་ལོ་ན་དགུ་ལ་སོན་པའི་དགུན་དུས་དེར། ངའི་ཨ་ཕ་ལགས། འཇིག་རྟེན་མི་ཡུལ་དང་ཞལ་གྱེས་ཤིང་ངེད་ཚང་གི་བཟའ་མི་གང་བོའི་འཚོ་ཚིས་དང་ངེད་མིང་སྲིང་ཚོའི་འཚར་ལོངས་ཀྱི་ཁག་ཁུར་ཡོད་ཚད་མ་ཡུམ་གཅིག་པུའི་ཕྲག་ཏུ་བབས་པས། ང་རང་ཕྱིར་ཕ་ཡུལ་དུ་ལོག་ནས་རྫོང་མཁར་གྱི་སློབ་ཆུང་ལ་ཞུགས་རྒྱུའི་འཆར་གཞི་དེའང་དོན་སྨིན་མ་ཡོང་བར་རི་གྲོང་གི་སློབ་ཆུང་མི་འགྲིམས་ཀ་མེད་བྱུང་། སྐབས་དེ་ནས་བཟུང་ང་རང་རི་གྲོང་གི་བྱིས་པ་དཀྱུས་མ་ཞིག་ཏུ་གྱུར་ཅིང་། ར་ལུག་དང་རྟ་ནོར་གྱི་མཉམ་དུ་འཚར་ལོངས་བྱུང་སྟེ། རྫི་བོ་རྣལ་མ་ཞིག་ཏུ་གྱུར་པས་རྒྱུན་དུ་སློབ་གྲྭ་འགྲོ་བར་ཡང་བར་ཆད་གང་མང་ཐེབས་ཤིང་། ཆད་མ་མཐུད་ཙམ་གྱིས་སློབ་ཞུགས་རྒྱུན་བསྲིང་དཀའ་བའི་གནས་སུ་ལྷུང་ཐེངས་རེ་རེར་དགེ་རྒན་རྣམས་ཀྱིས་བཀའ་བཀྱོན་གནང་བའང་བགྲང་ལས་འདས་པ་དང་། རྒྱུན་པར་སློབ་བྱོལ་མང་བའི་དབང་གིས་སློབ་དེབ་ཀྱི་ནང་དོན་དང་ཡིག་ངོ་ཆེན་པོ་མི་ཆོད་ནའང་སྡེ་བའི་རྫི་བོ་རྒན་པ་རྣམས་ཀྱིས་ར་རྫི་དང་བོང་རྫི། ཟོག་རྫི་སོགས་ནས་ཁོ་ཚོའི་ལག་རོགས་སུ་མངགས་པའི་གླ་ཆ་ལ་གཡར་བའི«གནའ་རྒྱའི་ཚེ་ལོ»དང«ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ» «ཉ་ལུང་ཁྱི་ཕྲུག་ཐར»དཔེ་རིས་སྦྱར་བའི«ཉི་ཆོས་བཟང་པོའི་གཏམ་རྒྱུད»སོགས་ཀྱི་ཚིག་དམ་དུམ་རེ་ངག་ལ་སྐྱོར་མཁས་པོ་ཡིན་པས། དེ་དུས་ནས་བཟུང་ང་རང་བོད་ཡིག་སྦྱོང་བར་ཧ་ཅང་དགའ་བོ་ཡོད། སློབ་ཆུང་མཐར་ཕྱིན་ཏེ་སློབ་འབྲིང་དུ་ཞུགས་རྗེས། ངའི་ཨ་ཅེ་ཆེ་བས་ཀྱང་མག་པ་བླངས་ཤིང་ཁྱིམ་གཞིས་བཟུང་སྟེ་ཕྲུ་གུ་བཙས་པ་དང་། ངའི་མི་ཚེའང་རྫོང་མཁར་གྱི་ཕ་ཡུལ་དུ་འཚོ་བ་གསར་པ་ཞིག་གི་མགོ་བརྩམས་པར་གྱུར།
R. ཁྱེད་རང་སྐབས་གང་ཞིག་ནས་དཔེ་ཀློག་ཟེར་ན་འདྲ། ཡང་ན་རྩོམ་ཞེས་པར་ངེས་ཤེས་འདྲོངས་པ་ཡིན། སྐབས་གང་ཞིག་ནས་རང་ལ་གསར་རྩོམ་བྱེད་འདོད་ཀྱི་འདུན་པ་འཕེལ་བ་ཡིན།
ས་དཀྱིལ་ཚེ་བཀྲ། ང་རང་མཐོ་འབྲིང་སྐབས་ནས་བཟུང་སྙན་ངག་དང་ལྷུག་རྩོམ་ཐར་ཐོར་རེ་འབྲི་སྦྱོང་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད། ད་ལྟའང་མཐོ་འབྲིང་སྐབས་ཀྱི་རྩོམ་ཡིག་གི་སྦྱང་དེབ་གཉིས་ཉར་ཚགས་བྱས་ནས་ཡོད། དེ་ནི་རང་ཉིད་ལ་མཚོན་ན་ཕྱིར་དྲན་དང་ལོ་རྒྱུས་ཀྱི་རིན་ཐང་མི་དམན་པ་ཞིག་ལྡན་ཞིང་། སྦྱང་དེབ་དེ་གཉིས་ཀྱི་སྟེང་གི་ཞིབ་ཚགས་པའི་བྲིས་གཟུགས་རེ་རེ་ལ་བལྟས་པ་ཙམ་གྱིས་ཀྱང་རང་ཉིད་རྩོམ་ཡིག་ཅེས་པ་ལ་དད་འདུན་དང་དགའ་མོས་ག་འདྲ་ཞིག་ཡོད་པ་ཅུང་ཙམ་རྟོགས་ཐུབ། དེ་དང་བསྟུན་ནས་མཐོ་འབྲིང་སློབ་དེབ་ནང་དུ་སྐུ་ཞབས་རང་གྲོལ་ལགས་ཀྱི་རང་མོས་སྙན་ངག་གི་ཐོག་མ«ལང་ཚོའི་རྦབ་ཆུ»དང«རྐང་ལམ་ཕྲ་མོ»(ལྷུག་རྩོམ) ལྗང་བུའི«གངས་སྐྱོན»(དངོས་བྲིས་རྩོམ་ཡིག) ཨོ་རྒྱན་རྡོ་རྗེའི«གངས་ལྗོངས་ཀྱི་གཏམ་རྒྱུད»(རང་མོས) དུད་བླ་བུ་ཆུང་གི«སྐྱུར་རྩི་དང་འདྲེས་པའི་རྣམ་ཤེས»(ལྷུག་རྩོམ) འཇུ་སྐལ་བཟང་གི«ཀ་ཕྲེང་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོར»སོགས་སློབ་ཁྲིད་བྱས་པ་ལ་བརྟེན་ནས་ལྷག་ཏུ་རྩོམ་ཡིག་འབྲི་བའི་དགའ་མོས་ཆེས་ཆེར་ཕྱིན་པ་དང་། མཚམས་ཤིག་ལ་ངེད་འཛིན་གྲྭའི་ནང་དུ་སློབ་གྲོགས་ཕོ་མོ་ཚང་མས་སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྲུང་ཐུང་ཕྱོགས་བསྡུས་དེབ། མདུན་ཤོག་དང་རྒྱབ་ཤོག་གང་ཡང་མེད་པའི་དེབ་རྙིང་ཧྲུལ་ཅན་ཞིག་རེས་མོས་ཀྱིས་ལྟ་ཀློག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཅིང་། དེའང་སློབ་གྲོགས་ཕལ་ཆེ་བས«སད་ཀྱིས་བཅོམ་པའི་མེ་ཏོག»གཅིག་པུ་ཀློག་གིན་འདུག ཉིན་ཞིག་ལ་དེབ་དེ་ངའི་ལག་ཏུ་ཐོན་ཞིང་། ངས་ཀྱང་ཐོག་མར«སད་ཀྱིས་བཅོམ་པའི་མེ་ཏོག»བཀླགས་པ་ཡིན། དེ་དང་བསྟུན་ནས་ཉིན་ཤས་རིང་དེབ་ཁ་ཚང་བཀླགས་གྲུབ་པ་དང་། སློབ་གྲོགས་ཤིག་གི་མངགས་བཅོལ་ལྟར་ཁོ་ལ་བརྩེ་འཕྲིན་ཞིག་བྲིས་པ་ལ་བརྟེན་ནས་དེབ་དེ་ང་ལ་དབང་བར་གྱུར་ཅིང་། རྗེས་སུ་ཐེངས་གང་མང་བཀླགས་མྱོང་། གཞན་ཡང་། «མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ»དང«གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད»(ཁག་གཉིས) «ང་ལུམ་སྦྱར་གསུམ་ཁྲིམས་ཀྱིས་ཚར་བཅད་པ»སོགས་བསླབས་པ་དེས་དཔེ་ཀློག་དང་རྩོམ་འབྲི་གཉིས་ཀྱི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཉིན་ཞིག་ངའི་ལྕམ་ཟླ་ལགས་ལ«མི་དབང་རྟོགས་བརྗོད»ཀྱི་དེབ་ཅིག་ཡོད་པ་གསང་སྟབས་ཀྱིས་སློབ་གྲྭའི་ནང་དུ་ཁྱེར་ཏེ་ཉིན་རེ་རེའི་ཕྱི་དྲོའི་རང་སྦྱོང་སྐབས་སུ་འཛིན་གྲྭ་སོ་སོ་སློབ་གྲྭའི་ཕྱི་རོལ་གྱི་དགུ་ཆུའི་འགྲམ་བརྒྱུད་དུ་སོང་ནས་བློ་སྐྱོར་བྱེད་པའི་སྒྲིག་སྲོལ་ཞིག་ཡོད་པ་ལ། བདག་གིས་ཉིན་རེ་རེར་བློ་སྐྱོར་མ་བྱས་པར«མི་དབང་རྟོགས་བརྗོད»ཀྱི་དེབ་དེ་བཀླགས་ནས་ཉི་མ་ཕུད་ཐུབ་བྱས། དུས་སྐབས་དེ་ནི་ལོ་རབས་དགུ་བཅུའི་དུས་མཇུག་ཙམ་ཡིན་ལ། བོད་ཀྱི་རྩོམ་སྟེགས་སུ་ན་གཞོན་རྩོམ་པ་པོ་གང་མང་གི་སྙན་དེབ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་འབྱུང་གིན་ཡོད། དེ་དག་ལས་བདག་གིས་བཀླགས་མྱོང་བ་ནི་འཇུ་སྐལ་བཟང་གི«གངས་འདབས་ཀྱི་སེམས་པ»དང་། རྨ་འོད་ཀྱི«ཉི་མའི་མགྲོན་པོ» ལྗང་བུའི«ལྗང་བུའི་རྩོམ་བཏུས» ཁྱུང་ཐར་རྒྱལ་གྱི«ཁ་བ་དཀར་པོ» སྨན་བླ་སྐྱབས་ཀྱི«བྲག་རིའི་སྲས་མོ» ཉི་ཟླ་ཧེ་རུ་ཀའི«ཁྱེད་རང་ཁུ་སིམ་མེར་བཞག» རྡོ་གྲགས་ཀྱི«ཚོར་སྣང་གསར་བ»སོགས་དང་། «སྦྲང་ཆར»དང«མཚོ་སྔོན་མང་ཚོགས་སྒྱུ་རྩལ» «གངས་རྒྱན་ན་ཆུང་ཚགས་པར»སོགས་ཚགས་དེབ་རེ་ཟུང་ལག་སོན་བྱུང་བ་རྣམས་ཡང་བསྐོར་བསྐྱར་བསྐོར་གྱིས་བཀླགས་མྱོང་ལ། དེའི་ནང་རྨ་འོད་ཀྱི«ཉི་མའི་མགྲོན་པོའི»ནང་གི་སྙན་ངག་མང་པོ་ཞིག་བློ་ནས་གྱེར་ཐུབ། སྐབས་དེ་ནས་བཟུང་ང་རང་གསར་རྩོམ་གྱི་ལམ་བུར་ཞུགས་འདོད་ཀྱི་འདུན་པ་ཆེ་རུ་འཕེལ་མྱོང་།
R. ཁྱེད་རང་གི་དུས་རྒྱུན་འཚོ་བའི་ནང་གི་འབྲེལ་འདྲིས་ཟབ་པའི་གྲོགས་པོ་དག་རྩོམ་རིག་དང་འབྲེལ་བ་ཡོད་པ་དེ་འདྲ་མ་རེད། སྣང་ཚུལ་འདི་རྩོམ་པ་པོ་གཞན་དག་དང་ཅུང་མ་འདྲ་བར་འདུག འདི་ཁྱེད་ཀྱི་རང་གཤིས་ཀྱིས་སམ་ཡང་ན་གནས་ཚུལ་གཞན་གྱི་དབང་གིས་ཡིན།
ས་དཀྱིལ་ཚེ་བཀྲ། དེ་ལ་དམིགས་བསལ་གྱིས་བཤད་རྒྱུ་མང་པོ་མེད། དེ་ནི་ཕལ་ཆེར་ངའི་མི་གཤིས་དང་རང་ནུས་ལ་འབྲེལ་བ་ཅུང་ཙམ་ཡོད་སྲིད། ང་རང་མ་གཞི་ནས་ག་དུས་ཀྱང་མི་གཞན་ལ་འདྲིས་སླ་བའི་རིགས་དེ་འདྲ་མ་ཡིན་པར། ཐོག་མར་མི་གཞན་ལ་འདྲིས་དཀའ་ཞིང་བར་དུ་བརྩེ་ཞིང་འདྲིས་པའི་ཚེ་ན་མཐའ་མར་ཕན་ཚུན་འབྲལ་དཀའ་བའི་རིགས་དེ་ཡིན། དེ་བས། དུས་རྒྱུན་འཚོ་བའི་ནང་གི་འབྲེལ་འདྲིས་ཟབ་པའི་གྲོགས་པོ་དག་ཀྱང་ཕལ་ཆེ་བ་ཆུང་དུས་ཀྱི་གྲོགས་པོ་དང་མི་ཚེའི་ལམ་བུའི་སྟེང་ཕྲད་དེ་ཡུན་རིང་འདྲིས་པའི་སློབ་གྲོགས་དེ་འདྲ་ཡིན། རྒྱུ་རྐྱེན་གཞན་ཞིག་ནི་ང་རང་རྩོམ་རིག་གི་ལམ་བུར་ཞུགས་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རང་ཉིད་ཀྱི་ནུས་པར་ཚད་བཀག་ཡོད་པས་ཡིན་ཡང་སྲིད་དེ། གང་ལྟར་འདྲིས་ཤིང་ལོབས་པའི་རྩོམ་གྲོགས་མང་པོ་ཞིག་གིས་རྒྱུན་དུ་ཁོ་བོ་དམན་སར་ལྟ་བའི་འདུ་ཤེས་འཛིན་སྟངས་འདྲ་ཞིག་ཡོད་པས། རྩོམ་པ་པོའི་སྡེ་ནས་རང་ཉིད་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་རྒྱུན་དུ་འབྱུང་གིན་འདུག
R. ཁྱོད་ནི་རྩོམ་པ་པོའི་ཁྲོད་དུ་ནམ་རྒྱུན་སྨྲ་བ་ཉུང་ཞིང་ཁེར་རྐྱང་གི་ཚོར་བ་རང་གཤིས་སུ་གྲུབ་པའི་སྙན་ངག་པ་ཞིག་ཡིན་སྣང་སྟེར་བས། ཁྱོད་ཀྱིས་ཁེར་རྐྱང་ཟེར་བ་དེ་གང་འདྲ་ཞིག་ལ་གོ་བ་ལེན་གྱིན་ཡོད་དམ། དེས་ཁྱོད་ཀྱི་སྙན་ངག་གསར་རྩོམ་ལ་ཤུགས་རྐྱེན་འདྲ་ཐེབས་མྱོང་ངམ།
ས་དཀྱིལ་ཚེ་བཀྲ། ཁེར་རྐྱང་དང་རྒྱང་རིང་ནི་ཧེ་ཙིའི(海子)སྙན་ངག་ཡོད་ཚད་ཀྱི་ནང་སྙིང་གི་སྤྱི་སྡོམ་ཡིན་པས། མཚན་མོ་ལྟ་བུའི་དུས་རབས་འདིའི་ལོ་ཟླའི་ནང་དུ། ཁེར་ཚུགས་ཀྱི་མི་གཞི་དང་ནང་སེམས་ཀྱི་བརྩེ་བ་ཞིག་སྟོན་ས་མེད་ཅིང་སྟོན་མི་ཆོག་པ་དེས། མིའི་གཉུག་གཤིས་ལས་བྱུང་བའི་འདོད་བློ་ཞིག་ཀྱང་ཕྱི་རུ་མངོན་ཐབས་མེད། ཡིན་ཡང་། ཐེ་ཝན་གྱི་རྩོམ་པ་པོ་ལིན་ཆི་ཞོན(林清玄)གྱི་ལྷུག་རྩོམ་དེབ«ཁེར་རྐྱང་ནི་ཚེ་སྲོག་གི་ལེགས་སྐྱེས་ཡིན»ཅེས་པའི་ནང་དུ“སྙན་ངག་པ་ཞིག་ལ་མཚོན་ན། ཁེར་རྐྱང་ནི་ཧ་ཅང་གལ་ཆེ་བའི་མྱོང་ཚོར་ཞིག་ཡིན། ང་ཚོས་ངེས་པར་དུ་ཁེར་རྐྱང་གི་ཁྲོད་ནས་ཚོར་བ་འཚོལ་བ་དང་། ནང་སེམས་ཀྱི་ཚོར་བ་ངོ་མ་སྔོག་འདོན་བྱེད་དགོས། འདི་ལྟར་བྱས་ན་ད་གཟོད་སྙན་ངག་ཡག་པོ་ཞིག་གསར་རྩོམ་བྱེད་ཐུབ། དེའི་ཕྱིར། ཁེར་རྐྱང་ནི་སྙན་ངག་པར་ཡོད་འོས་པའི་མྱོང་ཚོར་ཞིག་ཡིན”ཞེས་བརྗོད་ཡོད་པ་དང་། ཨ་རིའི་སྒྲུང་རྩོམ་པ་ལིས་ཁྲ་རྡི·ཡེ་ཚི(理查德.耶茨)ཡི་སྒྲུང་ཐུང་ཕྱོགས་བསྡུས་དེབ«ཁེར་རྐྱང་རིགས་བཅུ་གཅིག»ཅེས་པའི་ནང་དུ་རྩོམ་པ་པོས་སྤྱི་ཚོགས་ཀྱི་ལས་རིགས་མི་འདྲ་བ་སྣ་བཅུ་གཅིག་གི་སྟེང་ནས་ཤེས་རྨོངས་དང་དགོད་བྲོ་བའི་ཁེར་རྐྱང་ཅན་གྱི་མི་སྣ་མི་འདྲ་བ་བཅུ་གཅིག་བཞེངས་སྐྲུན་བྱས་ཡོད་པ་དེ་ནི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་འཚོ་བར་རེ་ཐག་ཆད་པ་མ་ཡིན་པར། ཁེར་རྐྱང་གིས་ཁྱོད་ལ་རང་ཉིད་དང་ཁ་བརྡ་བྱེད་དུ་བཅུག་སྟེ་རྙོག་འཛིང་ཡོད་ཚད་སྟབས་བདེ་རུ་བཟོ་བ་དང་། སྟོང་བ་ཡོད་ཚད་ཕུན་ཚོགས་སུ་འགྱུར་ལ། སེམས་ཁྲལ་ཡོད་ཚད་ལྷིང་འཇགས་སུ་གཏོང་བ། ཉམས་ཞན་ཡོད་ཚད་སྟོབས་ལྡན་དུ་འགྱུར་སྲིད་པའི་གནས་ལུགས་བསེད་བཀྲོལ་གནང་ཡོད་པས། ང་ཚོས་ཁེར་རྐྱང་ནད་དུ་མ་བརྩིས་ན་ཁེར་རྐྱང་ལ་གནོད་པ་མེད་ཅིང་ཁེར་རྐྱང་གི་ནང་སེམས་ནི་ཡོད་ཚད་ཀྱི་དྲིས་ལན་ཡིན་པར་ངེས་ཀྱང་། མཚམས་ལ་རེར་ངའི་བསམ་པར་སྤྱི་ཚོགས་དང་བྱ་བའི་གནོན་ཤུགས་ཀྱིས་ང་རང་ཁེར་རྐྱང་དུ་འདེད་པ་དང་། ཡང་མཚམས་ལ་རེར་གཉེན་ཉེ་དང་གྲོགས་པོ། རྩོམ་གྲོགས་བཅས་ཀྱིས་ང་རང་ཁེར་རྐྱང་དུ་འདེད་པའི་སྣང་ཚུལ་ཞིག་ཀྱང་སྐྱེ་ཀྱིན་འདུག དེ་དག་ཡོད་ཚད་ནི་ལྷན་སྐྱེས་ཀྱི་གཤིས་སུ་གྲུབ་པའི་ང་རང་སྨྲ་བ་བསྡམ་རྒྱུར་དགའ་བའི་དབང་གིས་ཡིན་སྲིད་ལ། ད་ལྟའི་སྤྱི་ཚོགས་ཁོར་ཡུག་གི་འགལ་རྐྱེན་དང་སྣང་ཚུལ་མང་པོ་ཞིག་ལ་ཡིད་སྐྱོ་བས་ཡིན་ཡང་སྲིད། གང་ལྟར། སྙན་ངག་པ་མི་འདྲ་བར་ཁེར་རྐྱང་གི་མཚོན་ཚུལ་མི་འདྲ་བ་ཡོད་སྲིད་པས། ཁེར་རྐྱང་གིས་ང་ལ་རྒྱུན་དུ་ལྷིང་འཇགས་ཀྱི་བསམ་གཞིག་བར་སྟོང་ཞིག་འདོན་སྤྲོད་བྱེད་པ་དང་། ཟང་ཟིང་དང་རིང་དུ་གྱེས་ནས་ནང་སེམས་སྙིགས་བསིང་དང་སྙན་ངག་ཚོར་རྟོགས་བྱེད་པའི་དུས་ཚོད་དང་བར་སྟོང་ཡང་མང་པོ་ཞིག་ཡོད་དུ་བཅུག་མྱོང་བར་མ་ཟད། ང་ལ་མཚོན་ན་མཚན་མོ་དང་ཁེར་རྐྱང་ཡིན་པའི་དུས་སུ་ད་གཟོད་རྣོ་ཞིང་སྐྱེན་པའི་ཚོར་བ་ཡན་གར་བ་ཞིག་འབྱུང་བས། འདུ་ཚོར་དེས་བསྐྱེད་པའི་བློས་བསླངས་ཀྱིས་ལྷུག་རྩོམ་དང་སྙན་ངག་གསར་རྩོམ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་མྱོང་།
       ད་སྐབས་ང་ཚོའི་བོད་ཀྱི་རྩོམ་སྟེགས་སུ་ཁེར་རྐྱང་གཤིས་སུ་གྲུབ་པའི་སྙན་ངག་པ་ཤིན་ཏུ་དཀོན། ཁེར་རྐྱང་གི་སྙན་ངག་པས་སྲིད་འཛིན་པ་དང་རྩོམ་སྒྲིག་པ་ལ་སྤྲེལ་ལད་འཁྲབ་མི་ཤེས་ལ། ཡོག་ལི་བྱེད་མི་ཤེས། དེ་བས། རང་རེའི་རྩོམ་རིག་གི་སྡེ་ན་ཁེར་རྐྱང་གི་སྙན་ངག་པ་ཉུང་བ་དེས་རང་རེའི་རྩོམ་རིག་འཕེལ་རྒྱས་ལ་བར་གེགས་ཆེན་པོ་ཐེབས་ཀྱི་ཡོད་པར་སྣང་སྟེ། ཁེར་རྐྱང་ནི་གསར་གཏོད་ནུས་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། ཁེར་རྐྱང་ནི་སྙན་ངག་པ་བློ་སྦྱོང་དང་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས་ན། ང་ཚོས་ཁེར་རྐྱང་གི་བསམ་པའི་འདུ་ཚོར་ལ་བརྟེན་ནས་ཚེ་སྲོག་གི་མྱོང་ཚོར་སྔར་ལས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ་སྙན་ངག་གསར་རྩོམ་བྱེད་དགོས་ལ། སྤྱི་ཚོགས་ཀྱི་གནོན་ཤུགས་དང་གཡོ་འགུལ་སྣ་ཚོགས་ལ་ཁ་གཏད་འཇལ་ནས་ཁེར་རྐྱང་གིས་རང་ཚུགས་བསྲུང་ན་འོས། མདོར་ན། པའེ་ཏའོ(北岛)ཡིས“ང་རང་སྨྲ་བ་བསྡམས་ནས་འདུག་རྒྱུར་གོམས་ཤིང་། རང་ཉིད་ཀྱི་བརྩམས་ཆོས་ཁོ་ན་བརྒྱུད་ནས་སྐད་ཆ་བཤད་འདོད”ཟེར་བའི་དཔེ་ལས་མ་འདས།
R. ནམ་རྒྱུན་ཁྱེད་ཀྱི་བརྩམས་ཆོས་ཁྲོད་སྐྲ་ལོའི་སྐོར་བྲིས་པ་མང་པོ་མཐོང་རྒྱུ་འདུག ཁྱེད་རང་ལ་མཚོན་ན་སྐྲ་ལོ་ཡིས་ཅི་ཞིག་མཚོན་འདོད་ཡོད། དེ་བཅད་པའི་སེམས་ཁམས་ག་འདྲ་ཞིག་རེད། ཅིའི་ཕྱིར་བཅད་པ་ཡིན།
ས་དཀྱིལ་ཚེ་བཀྲ། ལོ་རྒྱུས་ལ་བལྟས་ན། མི་རིགས་གང་ཞིག་ལ་མཚོན་ཡང་། སྐྱེས་པ་རྣམས་ཀྱིས་སྐྲ་ལོ་རིང་པོ་འཇོག་པ་ལ་རིག་གནས་ཀྱི་མཚོན་བྱེད་དང་དོན་སྙིང་གལ་ཆེན་ལྡན། ལྷག་པར་དུ་གནའ་བོའི་ཀེ་རི་སི་ལྟ་བུའི་ཤེས་རིག་ལ་མཚོན་ནས་བཤད་ན། དཔའ་བོ་ནས་མཚན་ཉིད་རིག་པའི་བར། གནའ་བོའི་ཀེ་རི་སིའི་སྐྱེས་པ་ཚང་མས་སྐྲ་ལོ་རིང་པོ་ནི་སྐྱེས་པ་རྣམས་ཀྱི་མི་སྒེར་གྱི་ཐོབ་ཐང་དང་གཤིས་ཀ སྤོབས་པ་དང་རང་དབང་གི་མཚོན་རྟགས་སུ་བརྩི་བ་དང་། ནུབ་གླིང་གི་མཚན་ཉིད་རིག་པ་བ་རྣམས་ཀྱིས་སྐྲ་ལོ་རིང་པོ་དེ་ཤེས་བྱ་འཚོལ་སྙེག་གི་མཚོན་རྟགས་སུ་བཞག་པའང་ཡོད་ལ། སོ་ཁི་ར་ཐེ(苏格拉底)ཡིས་ཁོས་རང་ཉིད་ཀྱི་སྐྲ་ལོ་རིང་པོས་ཤེས་རབ་འཚོལ་སྙེག་དང་གཏན་འཁེལ་བྱས་པའི་སྒྲིག་སྲོལ་ལ་དོགས་པ་སྐྱེས་པ་མཚོན་པར་བཤད་ཅིང་། པོ་ལ་ཐུའུ(柏拉图)ཡིས་ཁོའི་སྐྲ་ལོ་རིང་བོ་དེས་མཚན་ཉིད་རིག་པའི་བསམ་བློ་དང་རང་གཤིས། བློ་གྲོས་ཀྱི་ཟབ་ཚད་བཅས་མཚོན་པར་བཤད་པ་དང་།  གནའ་བོའི་ཀེ་རི་སིའི་རླབས་ཆེ་བའི་སྐྱོ་གར་རྩོམ་པ་པོ་ཨོ་ལི་པི་ཏེ་སིས(欧里庇得斯)ཁོང་གི་སྐྲ་ལོ་རིང་པོ་དེ་ནི་སྒྱུ་རྩལ་དང་གསར་གཏོད་སྙིང་སྟོབས་ཀྱི་ཚུར་སྣང་ཞིག་ཡིན་པར་བརྗོད། དེ་ལྟ་ན་རླབས་ཆེན་གྱི་སྐྱེས་བུ་དེ་དག་གི་སྐྲ་ལོ་རིང་པོ་དང་དེའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རེ་རེ་ལ་བལྟས་པ་ཙམ་གྱིས་ང་ཚོས་ཁོང་ཅག་གི་བསམ་བློའི་སྟོབས་ཤུགས་དང་གཟི་བརྗིད། མི་སྒེར་གྱི་རླབས་ཆེ་བའི་ཁྱད་ཆོས་རང་བཞིན་བཅས་རྟོགས་ཐུབ་སྟེ། སྐུ་ཞབས་རང་གྲོལ་ལགས་ཀྱིས་ཀྱང“གྱོན་ཆས་སྣ་ཚོགས་གྱོན་ཞིང་མགོ་སྐྲ་རིང་པོ་འཇོག་མཁན་གྱི་ན་གཞོན་ཚང་མ་མཐའ་གཅིག་ཏུ་ངན་པར་བརྩི་མི་རུང”ཞེས་བརྗོད་ཡོད། དེ་བས། ང་རང་ཉིད་ལ་མཚོན་ནའང་། རང་གི་སྐྲ་ལོ་ནི་ལོ་ཟླའི་རོལ་དབྱངས་དང་སེམས་ཀྱི་འོད་སྣང་སྙེག་པའི་ལྷད་མེད་ཀྱི་སྒྱུ་རྩལ་ཞིག་ཡིན་ལ། ཁེར་ཚུགས་ཀྱི་ལྟ་བ་ཞིག་དང་ལྷུན་ཆགས་ཀྱི་རྩོམ་གཤིས་ཤིག ཡང་ན། འཚོལ་དཔྱོད་ཀྱི་བསམ་བློ་ཞིག་དང་རང་དབང་གི་འཚོ་བ་ཞིག་ཅིས་མི་མཚོན། ཡིན་ནའང་། དེང་སྐབས་ཀྱི་སྤྱི་ཚོགས་སུ་སྐྱེས་པ་ཚོས་བཟོ་ལྟ་སྣ་ཚོགས་ལྡན་པའི་སྐྲ་ཐུང་ཐུང་འཇོག་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་དང་། སྐྲ་ལོ་རིང་པོ་འཇོག་པའི་སྐྱེས་པ་རྣམས་ལ་སྤྱི་ཚོགས་ཁྲོད་རྒྱུན་དུ་གཞི་འཛིན་ས་ཅི་ཡང་མེད་པར་བཙིར་གནོན་དང་སྐྱོན་བརྗོད་ཐེབས་ཀྱི་ཡོད་པས། རང་རེའི་སྤྱི་ཚོགས་ཀྱིས་བདེན་དོན་ལ་ཤེས་རྟོགས་དང་གནས་ལུགས་ལ་བརྩི་འཇོག་མི་བྱེད་པའི་དབང་གིས་ངས་ཀྱང་མི་ལོ་བཅུ་ཕྲག་རིང་ལ་བཞག་པའི་སྐྲ་ལོ་དེ་མི་བཞར་ཀ་མེད་བྱུང་ཞིང་། སྐྲ་ལོ་བཞར་པའི་སེམས་ཚོར་དེ་རང་ཉིད་ཁོ་ནའི་རུས་རྐང་ལ་སིམ་པའི་ཡལ་མེད་ཀྱི་ན་ཟུག་ཅིག་ཡིན།
R. ཁྱེད་ཀྱི་གསར་རྩོམ་གྱི་ཐོག་མའི་ཆ་ལ་སྙན་ངག་བྲིས་པ་མང་། ང་རང་གིས་དོ་སྣང་བྱུང་བ་དེ་ཁྱེད་ཀྱིས་སྙན་ངག་གི་ཁ་བྱང་ལ་རྩོམ་པ་པོ་འགའི་མིང་བཞག་སྟེ་བྲིས་པ་དེ་འདྲ་ཞིག་རེད། མིང་དེ་དག་གི་ཁྲོད་དུ་རེ་རྐང་གླིང་ཡང་འདུག དེ་དུས་ངེད་གཉིས་ཕན་ཚུན་ངོ་མི་ཤེས་པ་དེ་འདྲ་ཡིན་ཙང་། ང་རང་མཚར་སྣང་སྐྱེས་ས་དེ་ཁྱེད་ཀྱིས་སྙན་ངག་དེ་དག་ཇི་ལྟར་བློས་བསླངས་བྱས་པའི་གོ་རིམ་དེ་ཤེས་འདོད་ཚ་པོ་འདུག
ས་དཀྱིལ་ཚེ་བཀྲ། རྩོམ་པ་པོ་དེ་དག་གི་ཁྲོད་དུ། གཅིག་ན་སྐབས་དེར་བོད་ཀྱི་རྩོམ་སྟེགས་སུ་སྙན་གྲགས་འབར་བའི་རྩོམ་པ་པོ་ཆེ་ཁག་ཅིག་ཡོད་པ་དེ་དག་ལ་ཡི་རང་དང་དད་གུས་མཚོན་པ་དང་། གཉིས་ན་རང་ཉིད་རྩོམ་རིག་གི་ལམ་དུ་སྐུལ་མཁན་དང་རྒྱབ་སྐྱོར་གནང་མཁན། འདྲིས་ཤིང་བརྩེ་བའི་གྲོགས་པོ་བཅས་ཡོད་ལ། གསུམ་ན་སྤྱི་ཚོགས་སྟེང་གི་ངོ་ཤེས་དང་མ་ཤེས་ཀྱི་ན་མཉམ་རྩོམ་པ་པོ་ཁག་ཅིག་བཅས་འདུས་ཡོད། དེ་དག་ལས་རེ་རྐང་གླིང་ནི་རང་རེའི་ས་ཁུལ་དུ་ང་རང་དང་ན་མཉམ་གྱི་དཔུང་རྡང་གཅིག་པའི་རྩོམ་པ་པོའི་གྲས་ཡིན་ཕྱིར། དེ་ལ་ཐོག་མར་རྩོམ་རིག་གི་ཚགས་དེབ་ཐོག་ཏུ་དོ་སྣང་བྱུང་ཞིང་། རིམ་བཞིན་དུ་སྤྱི་ཚོགས་སྟེང་དུ་འདུ་འཛོམས་དང་ཕར་འགྲོ་ཚུར་འོང་གི་སྐབས་སུ་མཉམ་འཇོག་བྱ་ཡུལ་དུ་གྱུར་པ་དང་། དེ་ཡང་དང་ཐོག་ཁོང་ནི་སྙན་ངག་པ་ཁོ་ན་ཙམ་ཞིག་མ་ཡིན་པར་རི་མོ་གསར་རྩོམ་ལའང་འཇོན་པོ་འདུག་པས་ལྷག་ཏུ་དོ་སྣང་བྱུང་བ་ཡིན་ལ། དེ་ལས་ཀྱང་ཁོང་ལ་དོ་སྣང་བྱུང་ས་གཙོ་བོ་དེ། ཁོའི་གསར་ཉམས་དོད་པོའི་རང་གཤིས་མཁྲེགས་པོ་དེ་དང་རྣམ་དཔྱོད་ཡངས་པའི་སྨྲ་ལྕེ་དག་མོ་ཞིག་ཡོད་པ་དེའི་སྦུབས་སུ་དབང་སྡུད་ཅིག་རང་ཤུགས་སུ་མངོན་འདུག་པ་དེའི་དབང་གིས་ཁོང་ལ་སྙན་ངག་ཅིག་ཕུལ་བ་ཡིན་ལ། རྗེས་སུ་སྙན་ངག་གི་ཚོགས་པ་དང་མི་སྒེར་གང་རུང་གི་ཆ་ནས་འདྲིས་ལོབས་སུ་གྱུར་པ་ནས་རྩོམ་གྲོགས་དང་དེ་ནས་ཡུན་རིང་གི་ལས་གྲོགས་སུ་གྱུར་པ་དགེ་གྱུར་ཅིག
R. ཁྱེད་ཀྱིས་དེ་སྔ་སྙན་དེབ«ཕུག་རོན་གྱི་རྣམ་ཤེས»ཞེས་པ་སྒེར་དེབ་སུ་དཔར་བ་དང་རྗེས་སུ«ཕར་རྒྱབ་ཀྱི་ལོ་ཟླ»ཞེས་གཞུང་ངོས་ནས་དཔར་འདུག འདི་གཉིས་དཔར་བའི་བརྒྱུད་རིམ་དང་སེམས་ཚོར་སྐོར་ཅུང་ཙམ་ཞུས་ན།
ས་དཀྱིལ་ཚེ་བཀྲ། སྙན་དེབ«ཕུག་རོན་གྱི་རྣམ་ཤེས»ཞེས་པ་པར་སྐྲུན་བྱེད་དུས་ནི་དེ་སྔ་སྟོང་ལོ་གསར་པ་སླེབས་མ་ཐག་ཙམ་ཡིན་ལ། ད་ནི་ཏག་ཏག་ལོ་ངོ་ཉི་ཤུའི་སྔོན་རེད། སྐབས་དེར་བོད་ཀྱི་ན་གཞོན་རྩོམ་པ་པོའི་གྲས་ནས་སྙན་དེབ་ཆེས་སྔ་ཤོས་ཀྱི་གྲས་ཡིན་པས། དེའི་ནང་གི་རྩོམ་ཡིག་དག་ཀྱང་སློབ་མའི་དུས་ཀྱི་སྦྱང་རྩོམ་རྐྱང་པ་ཡིན་ལ། སྙན་དེབ་ཀྱི་མཚན་བྱང་གནང་མཁན་བོད་ཀྱི་རྩོམ་པ་པོ་འདས་པོ་གཉན་ཆུ་གཏེར་ལགས་ཡིན་པ་དང་། དེའི་རྩོམ་སྒྲིག་གི་ལས་ཀ་ཡོད་ཚད་སྤོས་ལྡན་གྲོང་ཁྱེར་དུ་བློས་ཐུབ་ཀྱི་ཆུང་གྲོགས་ཤ་བོ་ཀླུ་རྒྱལ་ལགས་ཀྱིས་མཐུན་རྐྱེན་དང་རྒྱབ་སྐྱོར་གང་ལེགས་གནང་བ་ལ་བརྟེན་ནས། སྙན་དེབ་ཀྱི་མདུན་ཤོག་རི་མོ་དེ་བོད་ཀྱི་རི་མོ་བ་གྲགས་ཅན་ནམ་གཟིའི་རྒྱལ་པོར་འབོད་པ་ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱིས་བྲིས་གནང་བ་དང་། སྙན་དེབ་ཀྱི་མཚན་བྱང་ཡི་གེ་འབྲི་མཁན་དང་སྔ་ཕྱིའི་རྩོམ་སྒྲིག་གནང་མཁན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལྡོང་ཆུ་ཤེལ་ལགས་ཡིན་པས། སྙན་དེབ་པར་སྐྲུན་གྱི་བྱ་བ་ཡོད་ཚད་བཀྲ་ཤིས་ཤིང་བདེ་ལེགས་ངང་འགྲུབ་པ་དང་པར་སྐྲུན་འགྲེམ་སྤེལ་བྱས་རྗེས། རང་ཚོད་ཀྱིས་སྙན་དེབ་ཀྱི་རླུང་རྟ་ཤིན་ཏུ་རྒྱས་པས་ང་རང་རྩོམ་རིག་གི་ལམ་བུར་ཞུགས་པའི་དགའ་སྣང་དང་སྙིང་སྟོབས་ལྷག་ཏུ་འཕེལ་བར་གྱུར།
       ལྷུག་རྩོམ་དེབ«ཕར་རྒྱབ་ཀྱི་ལོ་ཟླ»ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བྱ་གཞུང་དབྱངས་བྷ་ལགས་ཀྱིས་གླེང་གཞི་བྲིས་ཤིང་། ན་མཞོན་རྩོམ་པ་པོ་སྙན་བུས་རྩོམ་སྒྲིག་གི་འགན་ཁུར་པ་དང་། གྲོགས་པོ་རེ་རྐང་གླིང་ལགས་ནས་མདུན་ཤོག་དང་པར་གཞིའི་ཇུས་འགོད་ཐད་མཛུབ་སྟོན་གནང་ཞིང་རེབ་གོང་རིག་འབྱུང་གླིང་གི་སྤྱི་གཉེར་པ་གྲོགས་ཚེ་རིང་འབུམ་ལགས་ནས་ཇུས་འགོད་གནང་སྟེ། 2016ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། དེ་ནི་ང་རང་གསར་རྩོམ་ལ་ཞུགས་པའི་དུས་ཡུན་རིང་པོའི་ནང་གི་ལྷུག་རྩོམ་ལེགས་གྲས་རྣམས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ལ། དེའི་ནང་གི་ལྷུག་རྩོམ་གྱི་བརྗོད་དོན་སྐོར་ནས་སྐབས་འཕྲལ་གྱི་ཚོར་བ་དང་དངོས་ཡོད་ཀྱི་འཚོ་བ། ནང་སེམས་ཀྱི་བརྩེ་བ། ཕ་ཡུལ་དང་མི་རིགས་ཀྱི་ལས་དབང་བཀྲལ་བ་སོགས་མང་དུ་མཆིས་ཤིང་། ལོ་ངོ་མང་པོའི་རིང་བོད་ཀྱི་རྩོམ་སྟེགས་སུ་ལྷུག་རྩོམ་སྙན་ངག་གི་འབྲི་རྒྱུན་བསྐྱངས་ཏེ་ཁེར་རྐྱང་གི་སྣང་བ་ཞིག་གིས་གཅུན་སྡོམ་ཇི་ལྟར་བྱས་ཀྱང་ལྷུག་རྩོམ་སྙན་ངག་འབྲི་བར་ཤུགས་རྒྱག་ཐུབ་པའི་འབྲས་བུ་ཙམ་མངོན་དུ་བྱུང་བར་རང་ཉིད་རང་ལ་ཁེངས་པ་ཞིག་ཀྱང་སྐྱེས་མྱོང་ལ། དཔེ་ཆ་སྔ་མོ་ནས་བྲིན་ཚར་ཡང་ད་སྐབས་ད་རུང་ཀློག་པ་པོའི་ཁྲོད་དུ«ཕར་རྒྱབ་ཀྱི་ལོ་ཟླ»འཚོང་རྒྱུ་ཡོད་མེད་འདྲི་མཁན་ཧ་ཅང་མང་བས་དེ་སྔའི་ཁེངས་པ་དེ་ད་རུང་ཞི་མི་འདོད་ཅིང་། མི་འགྱང་བར་པར་ཐེངས་གཉིས་པ་འགྲེམ་སྤེལ་བྱེད་ལ་ཡོད།
R. ཁྱེད་རང་བོད་པའི་སྒེར་དེབ་དག་ཀློག་རྒྱུར་མོས་པ་ཅན་ཞིག་ཏུ་བརྗོད། འདི་ལ་རྒྱལ་ཁབ་ཕྱི་ནང་དུ་ཆེད་དུ་ཉམས་ཞིབ་བྱེད་མཁན་གྱི་ཞིབ་འཇུག་པ་ཡང་ཡོད་པར་བརྗོད། ཁྱེད་རང་གིས་བལྟས་ན་སྒེར་ངོས་ནས་དཔར་བའི་དུས་དེབ་སོགས་ཀྱི་ལེགས་ཆ་དེ་གང་རེད་སྙམ། ཞོར་ལ་སྐྱོན་ཆ་གང་ཡོད་པ་དེ་ཡང་བརྗོད་རོགས།
ས་དཀྱིལ་ཚེ་བཀྲ། ད་སྐབས་ང་ཚོའི་རྩོམ་པ་པོའི་སྡེ་ན་གཞུང་གཉེར་དུས་དེབ་ཁག་ལ་མ་གཏོགས་རྩོམ་ཡིག་མི་བསྐུར་བ་དང་དོ་སྣང་མི་བྱེད་པའི་སྲོལ་ཞིག་ཡོད་ཅིང་། དེ་ལ་རྒྱུ་རྐྱེན་ཡང་གང་མང་ཡོད་སྲིད། ཡིན་ཡང་། ང་རང་དེ་ལས་ལྡོག་སྟེ་གཞུང་སྒེར་དུས་དེབ་དང་མི་སྒེར་གྱི་རྩོམ་དེབ་གང་ལའང་དོ་སྣང་བྱེད་མཁན་ཞིག་ཡིན། རྒྱུ་མཚན་ནི་ད་ལྟ་ལྗོངས་ཞིང་སོ་སོའི་དཔེ་སྐྲུན་ཁང་དག་གི་སྒྲིག་གཞི་ཚགས་དམ་ཞིང་རྩོམ་སྒྲིག་བྱ་བ་ཧ་ཅང་གཟབ་ནན་ཡིན་པས། མི་སྒེར་གྱི་ལེགས་རྩོམ་མང་པོ་ཞིག་རྩོམ་སྒྲིག་ཁང་དེ་དག་གི་རྩོམ་སྒྲིག་འགག་སྒོ་ལས་ཐར་དཀའ་བས། རྩོམ་པ་པོ་མང་པོ་ཞིག་གིས་རང་ཉིད་ཀྱི་འདུ་ཚོར་དང་རྣམ་དཔྱོད་དྭངས་མ་ལས་འཁྲུངས་པའི་ལེགས་རྩོམ་དེ་དག་ཅིས་ཀྱང་སྒོར་འབུད་པའི་ལམ་ཁ་ཞིག་ཡོད་པ་ནི་སྒེར་དེབ་དཔར་རྒྱུ་ལས་མ་འདས་པས་ན། སྒེར་དེབ་ནང་དུ་ལེགས་རྩོམ་ཤིན་ཏུ་མང་པོ་ཡོད་པས་ང་རང་སྒེར་དེབ་ཀློག་པར་དགའ་བོ་ཡོད། དེ་ཡང་སྒེར་དེབ་ལ་ཞན་ཆ་མེད་པ་མ་ཡིན་ཏེ། སྒེར་དེབ་དག་གི་རྩོམ་སྒྲིག་གི་བྱ་བ་གཟབ་ནན་མིན་པ་དང་། ཇུས་འགོད་ཀྱི་པར་གཞི་ཚད་ལྡན་མིན་པ། རྩོམ་ཡིག་གི་སྤུས་ཀ་ཚད་ལྡན་མིན་པ་སོགས་སྐྱོན་ཆའང་མང་པོ་འདུག་གོ།
R. ཁྱེད་ཀྱིས་སྙན་ངག་གསར་རྩོམ་གྱི་གོ་རིམ་ཁྲོད་ཚོར་བ་ནན་ཆེར་འཛིན་གྱིན་ཡོད་དམ། ཡང་ན་སྙན་ངག་གང་ཞིག་བརྩམས་པའི་རྗེས་ལ་ཡང་བསྐྱར་ཞུ་དག་གཏོང་གིན་ཡོད་དམ།
ས་དཀྱིལ་ཚེ་བཀྲ། སྙན་ངག་འབྲི་སྐབས་ཀྱི་ཚོར་བ་ནི་ཆུ་བོ་ཐེངས་གཅིག་བརྒལ་བའི་སྐད་ཅིག་མ་དེ་དང་མཚུངས་པར། སྐད་ཅིག་མའི་ཆུ་བོ་དེ་ལ་ཐེངས་གཉིས་བརྒལ་ཐུབ་མེད་ཟེར་བ་བཞིན། སྙན་ངག་གང་ཞིག་འབྲི་དུས་ཀྱི་ཚོར་བ་ནི་འཇའ་ཚོན་དང་ཡང་འདྲ་སྟེ། ཚོར་བ་སྐྱེན་པའི་དུས་སུ་མྱུར་ཏུ་འབྲི་མ་ཐུབ་ན། ཅུང་ཙམ་འགོར་རྗེས་ཆུ་བཞུར་བའམ་འཇའ་ཡལ་བ་ལྟར། སྔོན་ལ་དྲན་པའི་ཚོར་བ་དེ་ཡང་བསྐྱར་འཛིན་མི་ཐུབ། དེ་བས་ངས་སྙན་ངག་འབྲི་སྐབས་ཀྱི་ཚོར་བ་དེ་རྒྱུན་དུ་ནན་འཛིན་བྱེད་ཀྱིན་ཡོད་ལ། སྔོན་ཆད་སྙན་ངག་སྨྱུ་གུས་ཤོག་བུའི་ཐོག་འབྲི་སྐབས་ཡིན་ནའང་འདྲ། ཡི་གེ་གཏགས་ནས་གློག་ཀླད་ཐོག་སླེབས་སྐབས་ཡིན་ནའང་འདྲ། སྙན་ངག་ཅིག་བྲིས་ཚར་དུས། ང་ལ་བཟོ་བཅོས་ཐེངས་ཁ་ཤས་རྒྱག་པའི་གོམས་གཤིས་ཤིག་ཡོད། ད་ཆ་ཐད་ཀར་ལག་འཁྱེར་ཁ་པར་ཐོག་བྲིས་པ་དང་བྲིས་ཚར་རྗེས་བྲེལ་འཚུབ་ངང་དྲ་རྒྱའི་ཐོག་བསྐུར་ནས་ཉར་ཚགས་བྱེད་ཀྱི་ཡོད་པས། སྤྱི་ཚོགས་དང་ཚན་རྩལ་འཕེལ་རྒྱས་སུ་སོང་སྟེ་རྩོམ་འབྲི་སྟངས་ལ་འགྱུར་ལྡོག་བྱུང་བ་དེས་རྩོམ་འབྲི་སྟབས་བདེ་རུ་གྱུར་པ་དང་ཆབས་ཅིག རྩོམ་འབྲི་སྟངས་ཀྱང་རང་སྣང་གང་ཤར་ཅན་དུ་གྱུར་ཡོད་མོད། འོན་ཀྱང་སྙན་ངག་ཅིག་ལ་ནན་ཏན་གྱིས་ཡང་དང་བསྐྱར་དུ་བཟོ་བཅོས་བྱས་ན་ད་གཟོད་སྙན་ངག་ཡག་པོ་ཞིག་ཏུ་འགྱུར་ཐུབ་སྙམ། དེ་བས་ངས་སྙན་ངག་གསར་རྩོམ་གྱི་གོ་རིམ་ཁྲོད་ཚོར་བ་དང་ཞུ་དག་གཉི་ག་གཙོར་འཛིན་གྱིན་ཡོད། གང་ལྟར་བྱེད་ཐབས་གང་ཞིག་ལ་བརྟེན་ནས་སྙན་ངག་ཁྱབ་སྤེལ་བྱས་ཀྱང་ང་ཚོས་དེ་དག་ལ་ནན་ཏན་དང་གཟབ་ནན་གྱི་ལྟ་སྟངས་འཛིན་པ་དང་བརྩི་འཇོག་བྱ་དགོས། རྒྱུ་མཚན་ནི་དེ་དག་ལ་བརྩི་འཇོག་བྱེད་པ་ནི་ང་ཚོ་རང་ཉིད་ལ་བརྩི་བཀུར་བྱེད་པ་ཡིན་ལ། སྙན་ངག་ལ་མཐོང་ཆེན་བྱེད་པའང་ཡིན་ནོ།།
R. ཁྱོད་ཀྱིས་ཚིགས་བཅད་སྙན་ངག་བྲིས་མྱོང་ངམ། སྙན་ངག«མེ་ལོང་མ»ལ་ལྟ་ཚུལ་ག་རེ་ཡོད།
ས་དཀྱིལ་ཚེ་བཀྲ། སྔོན་ཆད་སློབ་མ་ཡིན་སྐབས་ནས་སྲོལ་རྒྱུན་སྙན་ངག་ཐར་ཐོར་རེ་རྒྱུན་དུ་བྲིས་མྱོང་མོད། འོན་ཀྱང་དེའི་ཕྱོགས་ལ་ཤུགས་ཆེན་པོ་འདོན་མ་ཐུབ་པར་ཤིན་ཏུ་ཕངས། བོད་ཀྱི་རིག་གཞུང་ཞིབ་འཇུག་པ་ཁ་ཤས་ཀྱིས་སྙན་ངག«མེ་ལོང་མ»ཡིས་བོད་ཀྱི་རྩོམ་རིག་ལ་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ཟབ་མོ་བཞག་པ་བདེན་ཡང་། བོད་ཀྱི་རྩོམ་རིག་ནི་བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་སྣང་ཚུལ་མཐའ་དག་ཚུར་སྣང་བར་བྱེད་པའི་རང་བཞིན་ཅན་ཡིན་པས། རྩོམ་རིག་གི་བསམ་བློ་དང་སྒྱུ་རྩལ་མཚོན་སྟངས་གང་གི་ཆ་ནས་ཀྱང་བོད་རང་གི་ཁྱད་ཆོས་ལྡན་དགོས་པར་བརྗོད་ཀྱང་། སྙན་ངག«མེ་ལོང་མ»འདི་བོད་སྐད་དུ་བསྒྱུར་ཏེ་ད་ལྟའི་བར་དུ་ལོ་ངོ་བདུན་བརྒྱ་ལྷག་ཙམ་འགོར་ཡོད་ཅིང་། ལོ་ངོ་བདུན་བརྒྱ་ལྷག་ཙམ་ནང་དུ་ལོ་ཆེན་རྣམས་ཀྱིས་རྒྱ་གཞུང་དང་བསྡུར་ཏེ་དག་བཅོས་མང་དུ་མཛད་པ་དང་། རྗེས་སུ་རང་རེའི་མཁས་དབང་རིམ་བྱོན་གྱིས་བོད་རང་གི་རིག་གནས་སྐད་ཡིག་དང་ཡོངས་སུ་མཐུན་པའི་སྙན་འགྲེལ་དུ་མ་བརྩམས་ནས་སྙན་ངག་གི་རིག་གནས་ཡར་རྒྱས་གོང་འཕེལ་བསམ་བརྗོད་ལས་འདས་པ་བྱུང་ཡོད་སྟབས། སྙན་ངག«མེ་ལོང་མ»འདི་བོད་རང་གི་སྙན་ངག་གི་གཞུང་ལུགས་སུ་གྱུར་ཡོད་པ་ལ་སོམ་ཉི་ཡེ་ནས་མ་མཆིས་པས། «མེ་ལོང་མ»འདིས་འདས་པའི་དུས་ན་བོད་ཀྱི་སྙན་ངག་ཡར་རྒྱས་གོང་འཕེལ་འགྲོ་བར་ཕན་ནུས་ཆེན་པོ་ཐོན་ཡོད་ལ། འབྱུང་འགྱུར་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་ལ་ཡང་ཕན་ནུས་གལ་ཆེན་ཐོན་སྲིད་པ་གདོན་མི་ཟ་སྙམ།
R. ད་ལྟ་ཁྱེད་རང་བོད་པའི་རྩོམ་རིག་གི་སྡིངས་ཆར་ལྷུག་རྩོམ་སྙན་ངག་འབྲི་མཁན་གྱི་ཚབ་མཚོན་པའི་གྲས་སུ་བགྲངས་རུང་། དེས་ན་རྒྱུ་རྐྱེན་གང་གིས་ཁྱོད་རང་ལྷུག་རྩོམ་སྙན་ངག་འབྲི་རྒྱུར་བསྐུལ་བ་ཡིན།
ས་དཀྱིལ་ཚེ་བཀྲ། ང་རང་བོད་པའི་རྩོམ་རིག་གི་སྡིངས་ཆར་ལྷུག་རྩོམ་སྙན་ངག་འབྲི་མཁན་གྱི་ཚབ་མཚོན་པའི་གྲས་སུ་བགྲང་རུང་མིན་མི་ཤེས། གང་ལྟར། སློབ་མའི་དུས་ནས་སྙན་ངག་དང་ལྷུག་རྩོམ་མང་པོ་བྲིས་ཤིང་། དེ་དུས་དགའ་ཁ་འཁྱེར་ཕྱོགས་ཙམ་ལས་བསམ་བློ་དང་དམིགས་ཡུལ་ཆེན་པོ་མེད། རྗེས་སུ་བྲིས་ཀྱིན་བྲིས་ཀྱིན་རང་ཉིད་ལ་རྩོམ་གཤིས་ལྟ་བུ་ཞིག་ཆགས་ཤིང་། དེ་དང་ལྷན་དུ་ལྷུག་རྩོམ་སྙན་ངག་མང་དུ་བྲིས་པ་དེ་ནི་ལྷུག་རྩོམ་སྙན་ངག་འབྲི་བའི་རྒྱུ་རྐྱེན་དང་པོ་ཡིན། གཉིས་ན་ཉེ་འཁོར་གྱི་རྩོམ་གྲོགས་དང་ཀློག་པ་པོ། རྩོམ་སྒྲིག་པ་མང་པོ་ཞིག་གིས་བདག་གི་ལྷུག་རྩོམ་སྙན་ངག་ལ་ཁྱད་ཆོས་ཡོད་རབས་དང་ཚིག་དོན་ཡག་རབས་མང་པོ་གླེང་སློང་བཟོས་པ་དེས་བསྐུལ་བ་ཡིན། གསུམ་ན་བོད་ཀྱི་རྩོམ་སྟེགས་སུ་ལྷུག་རྩོམ་སྙན་ངག་འབྲི་མཁན་ཤིན་ཏུ་ཉུང་བས། ཉག་ཕྲ་བའི་ལྷུག་རྩོམ་སྙན་ངག་གི་ཚེ་སྲོག་དང་འཕེལ་རྒྱས་ལ་རང་ནུས་གང་ཡོད་འདོན་དགོས་སྙམ་པའི་སྙིང་སྟོབས་ཤིག་གིས་བསྐུལ་བ་ལགས་ན། ལྷུག་རྩོམ་སྙན་ངག་ནི་ལྷུག་རྩོམ་སྙན་ངག་རང་ལགས་ཏེ། བོད་ཀྱི་རྩོམ་སྟེགས་སུ་རྩོམ་པ་པོའི་སྡེ་དང་ཚགས་དེབ་གང་རུང་ན། ལྷུག་རྩོམ་སྙན་ངག་ལ་དོ་སྣང་བྱེད་མཁན་ཉུང་ཞིང་ལྷུག་རྩོམ་སྙན་ངག་ལ་དབང་བའི་ས་མིག་དེ་བས་ཀྱང་ཉུང་བས། ལྷུག་རྩོམ་སྙན་ངག་འབྲི་མཁན་རྣམས་ཀྱི་སེམས་ཤུགས་རྒས་སླ་བ་ལའང་ཁག་མི་འདུག་ཨང་། དེ་ནི་རྩོམ་པ་པོ་རེ་གཉིས་ཀྱིས་ཤུགས་བརྒྱབ་པ་ཙམ་གྱིས་འཕེལ་རྒྱས་སུ་འགྲོ་ཐུབ་པ་ཞིག་ག་ནས་ཡིན་ཏེ་མ་ཡིན་ནོ། །
R. ལྷུག་རྩོམ་དང་ལྷུག་རྩོམ་སྙན་ངག་གཉིས་ཀྱི་མི་འདྲ་ས་དང་། ཡང་ན་སྙན་ངག་དང་ལྷུག་རྩོམ་སྙན་ངག་གཉིས་ཀྱི་མི་འདྲ་ས་དེ་བརྗོད་ན།
ས་དཀྱིལ་ཚེ་བཀྲ། (1) སྤྱིར་ལྷུག་རྩོམ་དང་ལྷུག་རྩོམ་སྙན་ངག་གཉིས་ཀྱི་ཁྱད་པར་ནི་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡིན་ཞིང་། འཛམ་གླིང་ཕྱི་ནང་ཀུན་ཏུ་སྒྲ་ཡངས་འཇུག་དང་དོག་འཇུག་གི་དབྱེ་བ་འབྱེད་སྲོལ་ཡོད་དེ། ལྷུག་རྩོམ་ཞེས་པའི་རྩོམ་ལུས་འདི་ནི་སྒྲུང་གཏམ་ལྟ་བུར་དོན་བརྗོད་གཙོ་བོར་བྱེད་པ་ཁོ་ན་ཞིག་མ་ཡིན་ལ། སྙན་ངག་ལྟ་བུར་དུང་བརྗོད་གཙོ་བོར་འཛིན་པ་ཁོ་ན་ཞིག་ཀྱང་མ་ཡིན་པར། ལུས་ཀྱི་ཆ་ནས་ལྷུག་པ་གཙོ་བོར་བྱེད་པའི་སྒྲ་ཡངས་འཇུག་གི་ལྷུག་རྩོམ་དང་། བརྗོད་བྱ་མཚོན་ཐབས་ཀྱི་དོན་བརྗོད་དང་དུངས་བརྗོད་ཀྱི་མཚོན་ཐབས་མི་འདྲ་བའི་སྒྱུ་རྩལ་རྩོམ་རིག་གི་རིགས་སུ་གཏོགས་པའི་སྒྲ་དོག་འཇུག་གི་ལྷུག་རྩོམ་ཞེས་དབྱེ་ཚུལ་ཡོད་ཅིང་། ལྷུག་རྩོམ་གྱི་བརྗོད་བྱ་རྒྱ་ཆེ་བ་དང་། སྒྲིག་གཞིར་རང་དབང་ལྡན་པས། ལྷུག་རྩོམ་རང་སྟེང་ལ་རང་དབང་གི་ཁྱད་ཆོས་ཡོད་ཅིང་ཞོར་དུ་རྙོག་འཛིང་གི་རྣམ་པའང་བསྙོན་མེད་དུ་གནས་པས། ལྷུག་རྩོམ་སྙན་ངག་ནི་དོན་ལྷུག་པོར་བརྗོད་པ་གཞིར་བཞག་སྟེ། ཚིག་གི་སྙན་ཆ་དང་གདངས་ཀྱི་ལྷོད་ཆའི་ཁྲོད་ནས་རྩོམ་པ་པོའི་ནང་སེམས་ཀྱི་ཚོར་སྣང་མི་འདྲ་བ་དག་མངོན་པར་བྱེད་ཀྱི་ཡོད་པས། སྤྱིར་བཏང་ལྷུག་རྩོམ་སྙན་ངག་ནི་ལྟོས་བཅས་ཀྱིས་ལྷུག་རྩོམ་ལས་ཐུང་ཞིང་། སྙན་ངག་གི་རྩོམ་སྟངས་ཡིན་ལ་ལྷུག་རྩོམ་གྱི་རྣམ་པ་མངོན་པ་དང་། ལྷུག་རྩོམ་སྙན་ངག་གི་སྐད་ཆ་ནི་བརྩེ་དུང་མཚོན་པའི་འཆར་ཡན་གྱི་སྐད་ཆ་ཡིན་ལ། ལྷུག་རྩོམ་གྱི་སྐད་ཆ་ནི་དོན་བརྗོད་རང་བཞིན་གྱི་དོན་དངོས་ཀྱི་སྐད་ཆ་ཡིན་པས། ལྷུག་རྩོམ་མང་ཆེ་བར་དུས་དང་བར་སྟོང་གི་རིང་ཚད་དང་ཁུངས་སྣེ་ཡོད་ཅིང་། ལྷུག་རྩོམ་སྙན་ངག་ལ་ཁུངས་སྣེ་མི་དགོས་པ་དང་ཚིག་ཚོགས་ཅུང་ཉུང་བ་དང་། ཡིད་བརྙན་དང་མཚོན་རྟགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། རྩོམ་པ་པོའི་ནང་སེམས་ཀྱི་འཇིག་རྟེན་དང་བརྩེ་བ་མངོན་གྱིན་ཡོད།
       (2) ཀྲུང་གོའི་དེང་རབས་ཀྱི་སྙན་ངག་པ་དང་རྩོམ་རིག་དཔྱད་གཏམ་པ་ཧོ་ཆི་ཧྥང(何其芳)གིས“སྙན་ངག་ནི་སྤྱི་ཚོགས་ཀྱི་འཚོ་བ་ཆེས་གཅིག་བསྡུས་ཀྱིས་མཚོན་ཞིང་ཚོར་འདུ་ཤུགས་དྲགས་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཞིང་། རོལ་དབྱངས་ཀྱི་སྡེབ་སྦྱོར་ལ་དང་དོད་བྱེད་དགོས་པའི་རྐྱེན་གྱིས་འཕྲལ་སྐྱེན་གྱི་འཆར་ཡན་དང་། རང་དབང་གི་སེམས་ཁམས། མཛེས་སྡུག་གི་ཡིད་བརྙན་བཅས་མཚོན་པ་ཡིན”པར་བརྗོད་པས། ལྷུག་རྩོམ་སྙན་ངག་ལ་རང་མོས་སྙན་ངག་གི་ཤུགས་ཆེ་བའི་ལྷུག་རྩོམ་སྙན་ངག་དང་ལྷུག་རྩོམ་གྱི་ཤུགས་ཆེ་བའི་ལྷུག་རྩོམ་སྙན་ངག་རིགས་ཆེ་བ་གཉིས་སུ་འདུ་སྟེ། གོང་དུ་བརྗོད་པ་ནང་བཞིན་ལྷུག་རྩོམ་སྙན་ངག་དང་། རང་མོས་སྙན་ངག་གི་མི་འདྲ་ས་ནི་ལྷུག་རྩོམ་སྙན་ངག་གིས་དུས་རྒྱུན་ཞིབ་འབྲི་དང་གཏམ་གླེང་གི་མཚོན་ཐབས་སྤྱོད་པ་དང་། རང་མོས་སྙན་ངག་དང་བསྡུར་ན། ལྷུག་རྩོམ་སྙན་ངག་ལ་གདངས་མཚམས། སྒྲིག་འགོད་སོགས་མེད་ཅིང་། རང་མོས་སྙན་ངག་གི་ཕྱིའི་རྣམ་པའི་འཆིང་ཞགས་ཀྱང་མེད་པས། ནང་སེམས་ཀྱི་འགྱུར་བའི་ཆ་ནས་རིགས་མི་འདྲ་བའི་བརྩེ་དུང་མེ་རི་ལྟར་འཕྱུར་ནས་ཀློག་པ་པོའི་ནང་སེམས་བརྟོལ་སྲིད་པས་སྦྱོར་བ་ཕུན་སུམ་ཚོགས་པ་དང་རང་དབང་གི་བྱེད་ཐབས་སྣ་ཚོགས་ལས་སྣང་བརྙན་གསར་བཞེངས་བྱེད་ཐབས་ཀྱིས་སྙན་ངག་གི་ཁམས་སུ་འདྲེན་ཐུབ།
R. ཁྱོད་ཀྱིས་བོད་པའི་ལྷུག་རྩོམ་སྙན་ངག་གི་བྱུང་རྒྱུས་ལ་དོ་སྣང་མཛད་མྱོང་ངམ། དེ་ལ་ཚབ་མཚོན་བརྩམས་ཆོས་དང་རྩོམ་པ་པོ་སུ་སུ་བགྲངས་ན་འོས།
ས་དཀྱིལ་ཚེ་བཀྲ། རང་རེའི་བོད་ལ་མཚོན་ན། བོད་ཀྱི་ལྷུག་རྩོམ་སྙན་ངག་གི་བྱུང་རྒྱུས་ལ་བཞེད་པ་མི་མཐུན་པ་འགའ་རེ་ཡོད། ཁ་ཤས་ཀྱིས་རྩོམ་ལུས་དེ་ནི་མི་རིགས་གཞན་གྱི་རྩོམ་གཞུང་ལ་ལད་ཟློས་བྱས་པ་ཞིག་མ་ཡིན་པར་བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་ཏུའང་ལྷུག་རྩོམ་སྙན་ངག་གི་རྣམ་པ་མངོན་པའི་ཚིག་འགྲོས་མང་པོ་ཡོད་ཅིང་། «ཏུན་ཧོང་གཏེར་ཡིག»ནང་དུ་རྗེ་གཉའ་ཁྲི་བཙན་པོ་ལྷ་རི་གྱང་ཐོ་ནས་སྐུ་གཤེགས་པའི་རྣམ་པ་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱས་ཡོད་པ་དེ་དང་། རྒྱལ་དབང་ལྔ་བ་ཆེན་མོའི«དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»སུ་ཚིག་འགྲོས་ལ་རང་དབང་ལྡན་པའི་སྒོ་ནས་ལྷ་མོ་དབྱངས་ཅན་མར་བསྔགས་པ་བརྗོད་པ་དང་། «མི་དབང་རྟོགས་བརྗོད»དང«གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད»སོགས་ཀྱི་ནང་ལྷུག་རྩོམ་སྙན་ངག་གི་རྣམ་པ་འདི་དར་སྲོལ་ཆེན་པོ་ལྡན་ཞིང་། སྐུ་ཞབས་དོན་འགྲུབ་རྒྱལ་གྱིས་བརྩམས་པའི«ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་བཀླགས་པའི་མྱོང་ཚོར»ཅེས་པའི་ནང་དུའང་“བོད་ལ་ལྷུག་རྩོམ་སྙན་ངག་སྦྱོར་ཚུལ་གྱི་བསྟན་བཅོས་ནི་ད་ལྟའི་བར་དུ་མེད་པར་སྣང་ཡང་། རང་རེའི་རྩོམ་འབྲིའི་ལག་ལེན་ཐོག་ནས་ལྷུག་རྩོམ་སྙན་ངག་ཡོད་པས། དེ་དག་གི་རྩོམ་ཉམས་དང་ཁྱད་ཆོས། རྩོམ་འབྲིའི་ཐབས་ལམ་སོགས་ལ་ཞིབ་འཇུག་བྱས་ན་བསྟན་བཅོས་ཆ་ཚང་བ་ཞིག་རྩོམ་མི་ཐུབ་པའི་དོགས་པ་སུ་ལ་ཡོད”ཅེས་རང་རེའི་བོད་ལ་ལྷུག་རྩོམ་སྙན་ངག་གི་རྣམ་པ་དར་སྲོལ་ཆེ་བ་བརྗོད་ཡོད་པ་དང་། སྐུ་ཞབས་ཀུན་དགའ་ལགས་ཀྱིས་བརྩམས་པའི«བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད»ཅེས་པར“ཕྱི་རོལ་ཡུལ་གྱི་དོན་སྣང་བདེན་འབྲེལ་གྱི་རིགས་གཞིར་བྱས། རྩོམ་པ་པོའི་འཆར་སྣང་རྟོག་བཏགས་དང་འབྲེལ་ཞིང་། ཐབས་ཅི་བདེར་སྤྱད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན”ཞེས་བརྗོད་ཡོད། ལྷག་པར་དུ་བོད་རྒྱལ་སྲོང་བཙན་ནས་ས་སྐྱའི་སྲིད་དབང་བར་གྱི་རྩོམ་རིག་ནང་ལྷུག་རྩོམ་སྙན་ངག་གི་རྣམ་པས་གཙོ་ཆེའི་གནས་བབ་བཟུང་ཡོད་པར་བརྗོད་ལ། རྩོམ་སྟངས་ཀྱི་ཆ་ནས་ཀྱང་ཕུལ་དུ་བྱུང་བའི་རྩེར་སོན་ཡོད་མོད། དེའི་རྗེས་ནས་མིག་སྔར་གྱི་ལྷུག་རྩོམ་སྙན་ངག་འཕེལ་རིམ་ཁྲོད་རང་རྐྱ་ཐུབ་པའི་གཞུང་ལུགས་ཀྱི་རྐང་ཞིག་ཆགས་མ་ཐུབ་པར་བརྗོད་ཀྱང་། གོང་གི་དེ་དག་ཚང་མ་ནི་རྗོད་བྱེད་ཚིག་གི་ཆ་ནས་བཞག་པ་ལས། བརྗོད་བྱ་དོན་གྱི་ཆ་ནས་ལྷུག་རྩོམ་སྙན་ངག་རང་མཚན་པ་ཞིག་ཏུ་འགྲོ་བར་དཀའ་བས། བྱ་གཞུང་དབྱངས་བྷ་ལགས་ཀྱིས“བོད་ལ་མཚོན་ན། ཉེ་བའི་ལོ་ངོ་བཅུ་ཕྲག་དུ་མའི་སྔོན་ནས་ད་གཟོད་དར་བའི་དབུ་ཚུགས་ཤིང་ས་བཅད་མ་སྟོང་ཙམ་དུ་གནས། ད་ལྟའི་དུས་སུའང་གསར་རྩོམ་གྱི་དཔུང་སྡེ་གཉོམ་ཞིང་གཞུང་ལུགས་ཀྱི་ངེས་ཤེས་ཕྲ”ཞེས་བརྗོད་ཡོད་པས། བཞེད་ཚུལ་ཕྱི་མ་དེ་ནི་མིག་སྔར་གྱི་གནས་བབ་དང་ཤིན་ཏུ་མཐུན། ལོ་རབས་བརྒྱད་ཅུའི་རྗེས་ནས་བོད་ཀྱི་སྙན་ངག་དུས་དེབ«གངས་རྒྱན་མེ་ཏོག»གིས་རྩོམ་ལུས་འདིར་དམིགས་བསལ་གྱིས་ས་མིག་ཅིག་གནང་ཡོད་པ་ལས་གཞན་ད་ལྟའི་ཆར་ཡང་བོད་ཀྱི་རྩོམ་སྒྲིག་པ་དང་རྩོམ་མཁན་གང་ཐད་ནས་དེ་ལ་དོ་སྣང་བྱེད་མཁན་ཉུང་བ་ནི་ཤིན་ཏུ་ཕངས་པའི་གནས་སུ་འཁུམས།
       དེ་ལ་ཚབ་མཚོན་བརྩམས་ཆོས་དང་རྩོམ་པ་པོ་ཐོར་རེ་བ་ཙམ་བགྲང་དུ་ཡོད་ཀྱང་། ལོ་ངོ་མང་པོའི་རིང་ལྷུག་རྩོམ་སྙན་ངག་གསར་རྩོམ་ལ་ཤུགས་རྒྱག་མཁན་ནི་བྱ་གཞུང་དབྱངས་བྷ་ལགས་ལས་མ་འདས།
R. ཁྱེད་ཀྱིས་བལྟས་ན་བྱ་གཞུང་དབྱངས་བྷ་ཡི་འཇོན་ཐང་དེ་སྙན་ངག་གི་སྟེང་ན་གནས་སམ། ཡང་ན་ལྷུག་རྩོམ་སྙན་ངག་གི་སྟེང་ན་གནས།
ས་དཀྱིལ་ཚེ་བཀྲ། སྤྱིར་བྱ་གཞུང་དབྱངས་བྷ་ལགས་ནི་ལོ་རབས་བརྒྱད་ཅུའི་ནང་དུ་བོད་ཀྱི་རྩོམ་རིག་གསར་པ་དར་བ་ནས་བཟུང་ལྷུག་རྩོམ་སྙན་ངག་གསར་རྩོམ་ལ་ཤུགས་རྒྱག་མཁན་དང་གྲུབ་འབྲས་ཡོད་མཁན་གཅིག་པུ་ཡིན་པས་ཁོང་ནི་ལྷུག་རྩོམ་སྙན་ངག་རྩོམ་པར་འཇོན་པ་བསྙོན་དུ་མེད་ཅིང་། «སྟོན་ལོ་འབབ་ས»སོགས་ཀྱིས་མཚོན་པའི་སྙན་ངག་པ་གྲགས་ཅན་ཞིག་ཀྱང་ཡིན་ཏེ། ཁོང་ནི་ཚོར་བ་སྐྱེན་ལ་རྣམ་དཔྱོད་ཡངས་པའི་རྩོམ་པ་པོ་ཞིག་རེད་པས། སྙན་ངག་དང་ལྷུག་རྩོམ་གཉིས་ལ་འཇོན་པོ་དེ་འདྲ་ཁོང་ལྟ་བུ་བོད་ཀྱི་རྩོམ་སྟེགས་སུ་ཤིན་ཏུ་ཉུང་ངོ་། །
R. ཁྱོད་རང་དགེ་རྒན་ནས་རྩོམ་སྒྲིག་པ་དང་། གསར་འགོད་པ། དེ་ནས་ཡང་བསྐྱར་དགེ་རྒན་གྱི་ཕྱག་ལས་གནང་མཁན་དེ་འདྲ་ཞིག་ཡིན་པར། ལས་ཀ་དེ་དག་གིས་ཉིད་ཀྱི་གསར་རྩོམ་ལ་ཤན་ཐེབས་མྱོང་ངམ། ཡང་ན་འགོག་རྐྱེན་འདྲ་བཟོས་མྱོང་ངམ།
ས་དཀྱིལ་ཚེ་བཀྲ། རང་ཉིད་རྩོམ་རིག་ལ་དགའ་མཁན་ཞིག་ཡིན་པའི་ངོས་ནས་རྩོམ་སྒྲིག་པ་དང་། གསར་འགོད་པའི་བྱ་བ་དེ་རྒྱུན་བསྐྱངས་མ་ཐུབ་པ་ལ་ཤིན་ཏུ་ཕངས། ཡིན་ཡང་། སློབ་གསོའི་བྱ་བ་དེའང་བླ་ན་མེད་པ་ཞིག་ཡིན་ཕྱིར། རང་གི་ལུས་སེམས་གཉིས་ཀྱི་ནུས་ཤུགས་གཙོ་བོ་དེ་སློབ་མའི་སྟེང་དུ་འབུལ་དགོས་པས་ན། དགེ་རྒན་གྱི་བྱ་བ་གཉེར་བ་ནས་ལྟོས་བཅས་ཀྱིས་རྩོམ་ཡིག་འབྲི་བའི་གྲངས་ཀ་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་ཚར།
R. ཀྲུང་ཕྱིའི་ལྷུག་རྩོམ་སྙན་ངག་གི་བྱུང་བ་མདོར་བསྡུས་ཤིག་གླེང་ན།
ས་དཀྱིལ་ཚེ་བཀྲ། ལྷུག་རྩོམ་སྙན་ངག་ནི་རང་རྐྱ་ཐུབ་པའི་རྩོམ་ལུས་ཤིག་ཏུ་དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་བྱུང་བ་ཡིན་ཞིང་། དེའི་ཡར་སྔོན་དུ་རྒྱའི་གནའ་རབས་ཀྱི(小赋)དང་། མེང་ཆིང(明清时期)དུས་སྐབས་ཀྱི་མི་སྒེར་གྱི་བརྩེ་དུང་བརྗོད་པ་གཙོ་བོར་བྱེད་པའི་ལྷུག་རྩོམ་ཐུང་ངུ་། དུས་རབས་བཅུ་དྲུག་པའི་ཡོ་རོབ་གླིང་གི་ཧྥ་རན་སིའི་མུན་ཐེན(蒙田)གྱི་ལྷུག་རྩོམ་ཐུང་ངུ་སོགས་ཡོད་ཀྱང་། དེ་ཀུན་པོ་བསམ་བཞིན་བརྩམས་པའི་རང་མཚན་ཅན་གྱི་ལྷུག་རྩོམ་སྙན་ངག་མ་ཡིན་ལ། དེ་དུས་ལྷུག་རྩོམ་སྙན་ངག་ཅེས་པའི་མིང་གི་ཐ་སྙད་ཀྱང་བྱུང་མེད། དེ་བས། རང་མཚན་དུ་གྲུབ་པའི་ལྷུག་རྩོམ་སྙན་ངག་ནི་ཡོ་རོབ་གླིང་གི་འཆར་ཡན་རིང་ལུགས་པའི་རྩོམ་རིག་ལས་འགུལ་གྱི་རྗེས་ནས་བྱུང་བ་རེད།
       “ལྷུག་རྩོམ་སྙན་ངག”ཅེས་པའི་མིང་འདི་ཐེངས་དང་པོར་བཀོལ་མཁན་ནི་དུས་རབས་བཅུ་དགུ་བའི་ཧྥ་རན་སིའི་སྙན་ངག་པ་བྷོ་དྷི་ལེར(波德莱尔)ཡིན་པར་བཤད་ཅིང་། ཁོང་གིས་སྐབས་དེར་ལྷུག་རྩོམ་སྙན་ངག་ཐུང་ངུར་འབོད། བྷོ་དྷི་ལེར་ནི་སྤྱི་ལོ1821ལོར་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་སྐུ་འཁྲུངས་ཤིང་དགུང་ལོ་དྲུག་གི་སྟེང་ཡབ་ཚེ་ལས་འདས། དགུང་ལོ་བདུན་གྱི་སྐབས་སུ་ཡུམ་གྱིས་གནས་ཡུལ་གཞན་ཞིག་བསྙེགས་ཤིང་། སྐབས་དེ་ནས་བཟུང་ཁོང་གིས་ཁེར་རྐྱང་ངང་འཁྱམ་ཉུལ་དང་ལྗོངས་རྒྱུ་སོགས་བྱེད་པའི་ལས་བརྩམས། རྗེས་སུ་གསར་བརྗེའི་དམག་ཏུ་ཞུགས་ནས་ཚེ་གང་བོར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་ཁྲོད་དུ་བསྐྱལ་དགོས་བྱུང་ཞིང་། ཁོང་གིས་རྣམ་ཀུན་བསམ་པའི་གཏིང་རིམ་ན་ཡོད་པའི་འགལ་འདུའི་ཚོར་བ་འགོག་ཐབས་བྲལ་ཏེ་དུས་རྟག་ཏུ་འོད་ཟེར་དང་ཕུགས་བསམ། བྱམས་བརྩེ། མཛེས་པ་སོགས་ལེགས་པའི་ཆ་ལ་རེ་སྙེག་བྱས་པས། དཀའ་སྡུག་གི་འཚོ་བའི་ཁྲོད་བྷོ་དྷི་ལེར་གྱི་སྒྱུ་རྩལ་གྱི་ཉིང་ཁུ«སྡིག་པའི་མེ་ཏོག»དང«ཕ་རི་སིའི་སྐྱོ་གདུང»(མིང་གཞན་ལ་ལྷུག་རྩོམ་སྙན་ངག་ཐུང་ངུ་ཞེས་འབོད)ཞེས་པ་གཉིས་འཁྲུངས་པ་རེད། དེ་བས། བྷོ་དྷི་ལེར་གྱི་སྙན་ངག་དང་ལྷུག་རྩོམ་སྙན་ངག་ནི་རྣམ་ཤེས་ཀྱི་དུངས་བརྗོད་དང་སྒྱུ་འཕྲུལ་གྱི་སྐྱོམ་འགུལ། འདུ་ཤེས་ཀྱི་འཕར་ལྡིང་བཅས་ལས་འཁྲུངས་པར་བརྗོད།
       བྷོ་དྷི་ལེར་གྱི་སྙན་ངག་བསྡུས་དེབ«སྡིག་པའི་མེ་ཏོག»ཅེས་པ་ནི་སྤྱི་ལོ1857ལོར་པར་སྐྲུན་བྱས་པ་དང་། ཀུན་གྱིས་བསྡུས་བརྗོད་རིང་ལུགས་ཀྱི་སྲོལ་འབྱེད་བརྩམས་ཆོས་སུ་འབོད་པ་དང་། དེས་རྩོམ་རིག་གི་དུས་རབས་གསར་པ་སྟེ་བསྡུས་བརྗོད་རིང་ལུགས་ཀྱི་མགོ་ཚུགས་པ་མཚོན། 1867ལོར་རང་ཁྱིམ་ནས་སྐུ་གཤེགས་པ་དང་དགུང་ལོ48ལ་བཞུགས། ཁོང་གི་ལྷུག་རྩོམ་སྙན་ངག་ནི1857ལོ་ནས་སྔ་ཕྱིར་དུས་དེབ་སོགས་སུ་སྤེལ་ཞིང་། སྐུ་གཤེགས་ནས་ལོ་གསུམ་གྱི་རྗེས་སུ་ད་གཟོད་སྙན་དེབ་ཏུ་བཟོས་ནས་པར་སྐྲུན་བྱས།«ཕ་རི་སིའི་སྐྱོ་གདུང»ཞེས་པའི་དེབ་མིང་རྩོམ་པ་པོས་སྔ་མོ་ནས་གཏན་ཁེལ་བྱས་ཡོད་པར་བཤད།
       བྷོ་དྷི་ལེར་གྱི་བརྩམས་ཆོས་ལས་སྙན་ངག་དང་། ལྷུག་རྩོམ་སྙན་ངག་གང་ཡིན་ཡང་། གནའ་རབས་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་སྲོལ་རྒྱུན་ལ་དགག་རྒྱག་བྱས་ཡོད་ཅིང་། རྐྱེན་དེ་ལས་ཁོང་ཉིད་བཙོན་འཇུག་ཀྱང་བྱས་མྱོང་། ཁོང་གིས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མུན་ནག་དང་སྐྱུག་བྲོ་བའི་ཆ་རྣམས་ཕྱིར་འདོན་བྱས་ཤིང་། འཚོ་བའི་ཁྲོད་ཀྱི་མུན་ནག་དང་སྐྱུག་བྲོ་བའི་ཆ་རྣམས་ཀྱང་། སྒྱུ་རྩལ་མཛེས་རྟོག་གི་ཁྱབ་ཁོངས་སུ་བླངས་པས་སྔར་ཡོད་ཀྱི་སྒྱུ་རྩལ་ཀུན་སྤྱོད་རིན་ཐང་མ་ལག་གཏོར་བཤིག་ཐེབས་པ་དང་། སྒྱུ་རྩལ་གྱི་རྣམ་པའི་ཐད་ནས་མག་མོག་དང་ཤུགས་བསྟན་སོགས་མཚོན་བྱེད་སྨྲ་བའི་ལུགས་ཀྱི་མཚོན་ཐབས་ལ་བརྟེན་ཏེ། དབང་པོའི་འདུ་ཤེས་ཏེ་དཔེར་ན་ཁ་དོག་དང་སྒྲ། སྣོམ་ཚོར་སོགས་ལས་བྱ་དངོས་ལ་མཚོན་བྱེད་རང་བཞིན་ཅན་གྱི་སེམས་ཤུགས་དྲག་པོའི་བར་སྟོང་བཟོ་སྐྲུན་བྱས་ཡོད་ལ། ཁོང་གི་གསར་རྩོམ་དང་རྩོམ་རིག་གཞུང་ལུགས་ཀྱི་ལངས་ཕྱོགས་ཀྱིས་མི་རབས་རྗེས་མ་རྣམས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་དང་། དུས་རབས20པའི་དུས་མགོར་རྩོམ་རིག་སྣ་མང་ཅན་དུ་འགྱུར་བར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་པ་རེད།
       བྷོ་དྷི་ལེར་གྱིས་ལྷུག་རྩོམ་སྙན་ངག་གསར་རྩོམ་གྱི་དུས་མགོར། ཁོང་གིས་རང་ལ་ཧྥ་རན་སིའི་འཆར་ཡན་རིང་ལུགས་པའི་སྙན་ངག་པ་པེ་ཨར་ཐུ་ལིང(贝尔特朗)གི་ལྷུག་རྩོམ་སྙན་ངག་དང་ཆ་འདྲ་བའི་བརྩམས་དེབ«ཁ་སི་བྷ་ཨར་གྱི་མཚན་མོ»ཞེས་པས་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། ཁོང་གིས་མ་མཐའ་ཡང་བརྩམས་ཆོས་གྲགས་ཅན་དེ་ཉིད་ཐེངས་ཉི་ཤུ་ལྷག་བཀླགས་ཡོད་པ་དང་། རྗེས་སུ་བརྩམས་ཆོས་དེ་དང་འདྲ་ཞིང་སྙན་ངག་གི་བརྗོད་སྟངས་ཀྱིས་ཕྱུག་ཅིང་རོལ་དབྱངས་ཀྱི་མཛེས་པས་ཁེངས་པ། མཚམས་ཚིགས་དང་སྡེབ་སྦྱོར་གྱི་ངེས་སྲོལ་མེད་པ། ཚིག་སྦྱོར་ལེགས་ཤིང་ཡིད་སེམས་ཀྱི་འགལ་འདུ་དང་མཐུན་ཞིང་སྒྱུ་འཕྲུལ་གྱི་གཡོ་སྐྱོམ་ལྡན་ལ། འདུ་ཤེས་འཕར་བར་བྱེད་པའི་ལྷུག་རྩོམ་སྙན་ངག་ཅིག་འབྲི་འདོད་མྱོང་ཞེས་གསུངས།
       སྙན་ངག་གི་ཉམས་སྣང་ཡོད་པའི་ལྷུག་རྩོམ་སྙན་ངག་ཅེས་པའི་ཐ་སྙད་འདི་ནི་དུས་རབས་བཅུ་དགུ་པའི“ལྔ་བཞིའི”རིག་གནས་ལས་འགུལ་གྱི་སྐབས་སུ་ཐོག་མར་སྤྱད་ཅིང་། 1915ལོའི«ཀྲུང་ཧྭའི་སྒྲུང་ཐུང»ཞེས་པའི་བམ་པོ་གཉིས་པའི་འདོན་ཐེངས་བདུན་པའི་ནང་དུ། ཐོ་ཀུ་ནེ་ཧྥུ(屠格涅夫)ཡི་ལྷུག་རྩོམ་སྙན་ངག་ཁག་བཞི་རྒྱའི་ཡིག་རྙིང་གི་ལམ་ནས་བསྒྱུར་ཏེ་བཀོད་ཡོད་པ་དེ་ནི། ཕྱི་རྒྱལ་གྱི་ལྷུག་རྩོམ་སྙན་ངག་རྒྱ་ཡིག་ལ་བསྒྱུར་བའི་ཐོག་མ་ཡིན་པར་བརྗོད་ཅིང་། 1918ལོའི«ན་གཞོན་གསར་པ»ཞེས་པའི་དུས་དེབ་ཀྱི་བམ་པོ་བཞི་པའི་འདོན་ཐེངས་ལྔ་པའི་ནང་དུ། ལིག་པན་ནོང(刘半农)གིས་རྒྱ་གར་གྱི་གཞས་པ་རཱ་ཐན་དེ་ཝེ(拉坦德维)ཡི་བརྩམས་ཆོས«ང་རང་ཁ་བའི་ནང་དུ་བསྐྱོད་པ»ཞེས་པ་བསྒྱུར་ནས་བཀོད་ཅིང་མཇུག་ཏུ་ལྷུག་རྩོམ་སྙན་ངག་འདི་ནི་སྒྲིག་གཞི་ཚགས་དམ་པོ་ཞིག་རེད་ཅེས་གསལ་བཤད་བྱས་ཡོད་པར་བརྗོད། དེ་ནས་བཟུང་ལྷུག་རྩོམ་སྙན་ངག་ཅེས་པའི་ཐ་སྙད་འདི་ཀྲུང་གོའི་ཚགས་དེབ་རྣམས་སུ་བེད་སྤྱོད་རྒྱ་ཆེར་བྱས་ཤིང་། རྩོམ་ལུས་འདིའི་ངོ་བོ་དང་ཁྱད་ཆོས་ཀྱི་ཆ་ལ་རྩོམ་པ་པོ་མང་པོས་གཞུང་ལུགས་ཀྱི་ངོས་ནས་རྩད་ཞིབ་བྱས་ཏེ། 1922ལོར་པེ་ཅིང་གི་ལས་ཞོར་དཔེ་ཀློག་ཚོགས་པ་རྩོམ་སྒྲིག་ཁང་གིས་པར་སྐྲུན་བྱས་པའི«རྩོམ་རིག་གླེང་སྟེགས»སུ་བཀོད་པའི་ཀྲུང་གོའི་དེང་རབས་སྙན་ངག་པ་ཧྲེན་དབྱི་མའོ(沈尹默)ཡི«མཚན་མོའི་ཟླ་འོད»ཅེས་པ་ལྷུག་རྩོམ་སྙན་ངག་གི་ཐོག་མར་ངོས་འཛིན་བྱས་པ་ནས་ད་ལྟའི་བར་ལོ་ངོ་བརྒྱའི་རིང་གི་འཕེལ་རྒྱས་བརྒྱུད་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།
R. ཁྱེད་ཀྱི་ལྷུག་རྩོམ་སྙན་ངག་སོགས་སུ་མཚོན་ཐབས་དང་མིང་ཚིག་གཅིག་འདྲ་ཅན་ཁ་ཤས་མཐོང་ཐུབ། དེ་ཉིད་ཀྱི་ལོབས་ཕྱོགས་ཤིག་ལ་བལྟ་དགོས་སམ། ཡང་ན་བསམ་བཞིན་དུ་བཞག་པ་ཡིན།
ས་དཀྱིལ་ཚེ་བཀྲ། དེ་ཕལ་ཆེར་ལོབས་ཕྱོགས་ཤིག་ལ་འབྲེལ་བ་ཡོད་རྒྱུ་རེད། ཡང་གཅིག་བཤད་ན། སྙན་ངག་དང་ལྷུག་རྩོམ་འབྲི་སྐབས་དུས་ཚོད་ཀྱི་བར་ཐག་ཉེ་དྲགས་ནའང་ཚིག་བསྐྱར་ཟློས་དེ་འདྲ་འབྱུང་སྲིད་ཀི་རེད་ལ། དབྱངས་འགྲོས་ཤུགས་ཆེ་བའི་སྙན་ངག་ལའང་མཚོན་ཐབས་དང་མིང་ཚིག་གཅིག་འདྲ་ཅན་མང་པོ་འབྱུང་བར་སྣང་།
R. ཁྱེད་ཀྱི་སྙན་ངག་དང་ལྷུག་རྩོམ་གང་ཡིན་ཡང་རྩ་བའི་ཆ་ནས་དབྱངས་འགྲོས་ལ་གོམས་ཉེ་བའི་སྣང་བ་ཞིག་བསྩལ་ཡོང་།  ཁྱོད་ཀྱིས་དེ་ཚོར་ཡོང་ངམ། དེ་ལ་དགེ་སྐྱོན་གྱི་ཆ་དག་བརྗོད་རྒྱུ་ཡོད་དམ།
ས་དཀྱིལ་ཚེ་བཀྲ། ཕྱི་ནང་གང་ལ་མཚོན་ནའང་། དེང་རབས་སྙན་ངག་གི་དབྱངས་འགྲོས་དབྱེ་འབྱེད་བྱེད་ཐབས་སྣ་ཚོགས་ཡོད་དེ། རྒྱུན་མཐོང་གི་ཁོངས་སུ་རང་དབང་དབྱངས་འགྲོས་དང་། སྡེབ་སྦྱོར་དབྱངས་འགྲོས། ཡིད་བརྙན་དབྱངས་འགྲོས། བརྩེ་དུང་དབྱངས་འགྲོས་སོགས་འདུས་ཤིང་། གཞན་ཡང་ད་དུང་ཚིག་དོན་དང་། བརྡ་སྤྲོད་ཀྱི་ཤེས་བྱ་སོགས་ལ་གཞིགས་ནས་དབྱངས་འགྲོས་དབྱེ་སྟངས་ཀྱང་ཡོད་པ་རེད། དེ་ལྟ་ན་ང་རང་རྒྱུན་དུ་ཡིད་བརྙན་དང་། རང་དབང་། ཚིག་དོན་དང་། བརྡ་སྤྲོད་ཀྱི་དབྱངས་འགྲོས་ལ་གོམས་ཆེ་བའི་སྣང་བ་ཞིག་ཡོད། ཡིན་ནའང་། ཨ་རིའི་སྙན་ངག་པ་ཕང་ཏི(庞德)ཡིས“ཡིད་བརྙན་དེ་སྤྲོས་བརྗོད་དང་རྒྱན་གྱི་ཚུལ་དུ་དགོལ་མི་རུང་། ཡིད་བརྙན་མ་གཞི་ནས་སྐད་ཆ་ཡིན། སྤྱི་འགྲོས་ཀྱི་ཚུལ་ལས་འགོངས་པའི་སྐད་ཆའི་དབྱངས་འགྲོས་ཤིག་ཡིན”ཟེར་བ་དང་། ཨ་རིའི་སྙན་ངག་པ་ཨའེ་ལུན•ཕའོ(爱伦•坡)ཡིས«ཧའེ་ལུན་ལ་ཕུལ་བ»ཞེས་པའི་སྙན་ངག་གཙོ་བྱས་པའི་སྙན་ངག་གི་ཁྱད་ཆོས་གཙོ་བོ་དེ། ཁོས་སྙན་ངག་གི་མཛེས་པ་རྐྱང་རྐྱང་ཁོ་ནར་རེ་སྙེག་བྱེད་ཅིང་། སྒྱུ་རྩལ་ནི་ཁོའི་རེ་སྙེག་སྣ་གཅིག་པོ་ཡིན་ཡང་སྲིད་མོད། སྙན་ངག་གི་དབྱངས་འགྲོས་གྲལ་འགྲིག་ཅིང་རོལ་མོའི་རང་བཞིན་གྱི་མཛེས་པ་ཞིག་མངའ་བ་ལས། སྙན་ངག་གི་ཁམས་ཀྱི་བཀོལ་སྟངས་དང་སྦྲེལ་མཐུད་ཀྱང་གསལ་ཞིང་དོན་ལ་འབྱོར་བ་ཞིག་ཡིན་པར་བརྗོད་ཅིང་། ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་དབྱི་གོ(雨果)ལགས་ཀྱིས་“དབྱངས་འགྲོས་ནི་སྙན་ངག་གི་སྐད་ཆའི་སྒྱུ་རྩལ་དང་ཁྱད་ཆོས་གཙོ་བོ་ཞིག་ཡིན”ཞེས་གསུངས་པ་དང་། ཀྲུང་གོའི་དེང་རབས་སྙན་ངག་པ་ཞུས་ཀྲི་མོ(徐志摩)ཡི་སྙན་ངག«ཡང་བསྐྱར་ཁཱང་ཟམ་དང་གྱེས་པ»ཞེས་པའི་ཁྱད་ཆོས་གཙོ་བོ་ནི་འཐུས་སྒོ་ཚང་བའི་རྣམ་པ་དང་། ཡིད་འོང་སྙན་འཇེབས་ཀྱི་དབྱངས་འགྲོས། ཞུན་བརྡར་ཆོད་པའི་ཚིག་རྐང་སོགས་ཡིན་པར་བརྗོད་ཅིང་། སྙན་ངག་དེ་ནི་ཀྲུང་གོའི་ཟླ་གསར་སྙན་ངག་གི་འཐུས་ཚབ་བརྩམས་ཆོས་སུ་བགྲང་བ་དང་། ཀྲུང་གོའི་དེང་རབས་སྙན་ངག་པ་ཝུན་དབྱི་ཏོ(闻一多)ཡི་སྙན་ངག«ཆུ་རུལ»ཞེས་པའི་ཁྱད་ཆོས་གཙོ་བོ་ཡང་མཐོང་ཚོར་གྱི་སྟེང་ནས་མཚམས་ཚིགས་ཧ་ཅང་གསལ་ཞིང་དབྱངས་འགྲོས་ཆེས་ཆེར་མངོན་པ་དེ་རེད། དེ་བས་སྙན་ངག་ཅིག་ལ་མཚོན་ན་གནས་ལུགས་གང་ཞིག་ཐད་ཀར་སྤྲོས་བརྗོད་བྱས་པས་མི་ཆོག་པར། ངེས་པར་དུ་དེ་ཉིད་སྐད་ཆའི་དབྱངས་འགྲོས་ཤིག་དང་གསོན་ཉམས་ལྡན་པའི་ཡིད་བརྙན་ཞིག་ལ་བརྟེན་ནས་དོན་སྟོན་དགོས་པར་མ་ཟད། སྙན་ངག་གི་ནང་དོན་འཚོལ་སྙེག་དང་ཤེས་རྟོགས་བྱ་རྒྱུ་ནི་གལ་ཆེན་ཞིག་ཡིན་པ་སྨོས་མེད་ལགས་ན། དབྱངས་འགྲོས་ནི་སྙན་ངག་པའི་གསར་རྩོམ་གྱི་བརྩེ་བ་མཚོན་པའི་ཡུལ་ཁམས་ཤིག་སྟེ། དབྱངས་འགྲོས་ཀྱིས་སྙན་ངག་ཀློག་བདེ་ཞིང་འདུ་ཚོར་བསྐྱེད་པ་དང་། སྙན་ངག་གྱེར་འདོན་བྱེད་པའི་སྒྱུ་རྩལ་གལ་ཆེན་ཞིག་ཀྱང་ཡིན་པར་བསམ་པས། སྙན་ངག་གི་དབྱངས་འགྲོས་ཚགས་དམ་པོ་ཞིག་ཡིན་ན་སྙན་ངག་གི་ཡིད་བརྙན་གཏན་ཆགས་སུ་གཏོང་ཐུབ་པར་སྙམ་མོ། །
R. ཁྱེད་ཀྱིས་བཅར་འདྲི་འདི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ། མཇུག་ཏུ་ཁྱེད་རང་གི་ད་ལྟའི་གསར་རྩོམ་གྱི་གནས་བབ་དང་མ་འོངས་འཆར་གཞིའི་སྐོར་ནས་ཅུང་ཙམ་བརྗོད་ན།
ས་དཀྱིལ་ཚེ་བཀྲ། མདོ་འཛིན་པ། ཐུགས་རྗེ་ཆེ། གོང་ནས་བརྗོད་པ་ནང་བཞིན། དེ་སྔོན་སློབ་གསོའི་ལས་རྐང་ལ་ཞུགས་པ་ནས་བཟུང་གསར་རྩོམ་གྱི་གྲངས་ཀ་ལྟོས་བཅས་ཀྱིས་ཇེ་ཉུང་དུ་ཕྱིན་ཚར། ཡིན་ཡང་། གསར་རྩོམ་ཐོར་རེ་བ་དག་གིས་རྒྱུན་སྐྱོང་མུས་སུ་ཡོད། མ་འོངས་པར་ཡང་ཁེར་རྐྱང་གི་འཆིང་ཐག་མ་ཆད་ན་གསར་རྩོམ་ཐོར་རེ་བའི་རྒྱུན་བསྐྱང་ངེས་ཡིན་ལ། སྙན་དེབ་ཅིག་ཀྱང་ལོ་ཁ་ཤས་ཀྱི་སྔོན་ནས་ཚགས་སུ་ཆུད་ཡོད་མོད། རྒྱུ་རྐྱེན་གང་མང་གི་དབང་གིས་པར་སྐྲུན་བྱེད་མ་ཐུབ་ལ། ད་རུང་ལྷུག་རྩོམ་སྙན་ངག་གི་བསྡུས་དེབ་ཅིག་ཀྱང་པར་སྐྲུན་བྱེད་ཨེ་ཐུབ་བསམ་གྱིན་ཡོད། གཞན་ཡང་། བསྒྱུར་རྩོམ་དེབ་རེ་གཉིས་ཤིག་ལེགས་འགྲུབ་བྱུང་ཡོད་ཀྱང་། མ་གཞི་ནས་བསྒྱུར་དེབ་ལ་དེ་འདྲའི་སྤྲོ་བ་མེད་པས། གནས་སྐབས་རིང་བཏང་སྙོམས་སུ་བཞག་པའོ། །
       བཀྲ་ཤིས་བདེ་ལེགས།
རྩོམ་ཁུངས། ༢༠༢༣ལོའི«རང་གྲོལ»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།