ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་གར་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་ཤིང་། ལས་བྱེད་མང་ཚོགས་ཀྱི་སེམས་ཤུགས་གཅིག་ཏུ་སྒྲིལ་བ། སྐྱེ་ཁམས་ཁོར་ཡུག་ལེགས་པ། འདི་གར་མི་མངོན་པའི་སྟོབས་ཤུགས་ཚད་མེད་ཡོད་པ་དང་གསོན་ཤུགས་གང་སར་འཕྱུར་བ། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

2023ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཚོང་འགུགས་དངུལ་འདྲེན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལས་གཞི་ཨང་དང་པོར”བརྩིས་ཏེ། ཁྲུན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་མཁར་གྲོང་ཟུང་གི་དཔལ་འབྱོར་ཚོམས་དང་ཧྲན་ཞི་ཀན་སུའུ། ཉིང་ཞ། མཚོ་སྔོན་བཅས་ཀྱི་དཔལ་འབྱོར་ཚོམས་ནང་མགྱོགས་མྱུར་འདྲེས་པ་སོགས་ལས་འགན་ལ་དམིགས་ཏེ། ཚོང་འགུགས་ཀྱི་ཤུགས་སྒྲིལ་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། སྔོན་ཐོན་ས་ཁུལ་གྱི་མི་རྒྱུན་དང་ཟོང་འགྲུལ། མ་དངུལ་སོགས་ནུས་ཤུགས་ཡོད་རྒུས་ནང་འདྲེན། སྤུས་ལེགས་ཐོན་ལས་རྣམ་གྲངས་ཀྱི་ཁུར་ལེན་བྱས་ནས། ཐོན་ལས་ཕྲེང་འབྲེལ་སྐྱེད་སྲིང་ད་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་རྒྱ་ཆེར་གཏོང་བའི་ཐད་མུ་མཐུད་ཚད་བརྒལ་བྱུང་བ་དང་། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་སྐྱེད་དུ་བཏང་བ་དང་རྣམ་པ་གསར་བ་བཏོད་ཡོད།

2023ལོར། ལྗོངས་ཡོངས་སུ་ཚོང་འགུགས་དངུལ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར572.69མངོན་འགྱུར་བྱུང་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཚས་བརྒལ་ལེགས་པར་འགྲུབ་པ་དང་། ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས་འཛུགས་སྐྲུན་བརྒྱུད་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར368.56ལེགས་པར་འགྲུབ་པ་དང་། ལས་ཞུགས་མི་ཁྲི6ལྷག་བསྡུ་ལེན་བྱས་པ་དང་འབབ་འཕར་སྒོར་དུང་ཕྱུར7.04མངོན་འགྱུར་བྱུང་ཡོད། 

ཐབས་ལམ་མང་པོའི་ཚོང་འགུག་དངུལ་འདྲེན་བྱས་པས་གྲོགས་པོའི་ཚོམས་ཀྱི་ཁྱབ་ཁོངས་ཇེ་ཆེར་ཕྱིན་པ།

ཚོང་འགུགས་དངུལ་འདྲེན་ནི་ས་ཁོངས་དཔལ་འབྱོར་གྱི“སྲོག་རྩ”ཡིན། དེང་སྐབས་ས་གནས་ཁག་གི་ཚོང་འགུགས་དངུལ་འདྲེན་གྱི་འགྲན་རྩོད་ཛ་དྲག་ཤིན་ཏུ་ཆེ་བར་གྱུར་ཡོད་པས། འདི་འདྲའི་གནས་ཚུལ་འོག་རྩལ་ནུས་གང་འདོན་ཇི་ལྟར་བྱེད་དགོས་ཞེ་ན། དངུལ་འདྲེན་གྱིི་ཐབས་ལམ་མུ་མཐུད་གསར་གཏོད་དུ་བཏང་ནས་ཚོང་འགུགས་ཀྱི་ཐབས་ལམ་རྒྱ་སྐྱེད་དུ་གཏོང་དགོས། ཕྱིར་སྐྱོད་པའི་ཚེ་དོན་དངོས་སྒོས་ཁྲོམ་རའི་དགོས་མཁོ་དང་ཁེ་ལས་ཀྱི་རེ་སྒུག་ལ་རྒྱུས་ལོན་ཐུབ་པ་དང་། ནང་འདྲེན་བྱས་ན་ཕྱི་ཕྱོགས་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་རྒྱུས་ལོན་གཏིང་ཟབ་ཐུབ་པ། བརྗེ་རེས་མཉམ་འགུལ་ཁྲོད་ཕན་ཚུན་གྱི་བརྩེ་བ་ཆེར་སྐྱེད་དང་ཚོང་ལས་གོ་སྐབས་དམ་འཛིན། མཉམ་ལས་རྒྱ་སྐྱེད་ཐུབ་ཡོད། 

2023ལོར། བོད་སྐྱོར་ལས་བྱེད་མི་སྣས་ཚོང་འགུགས་དངུལ་འདྲེན་གྱི“འཐབ་སར”གཙོ་ཤུགས་དམག་དཔུང་བྱས་ནས་འགན་འཁྲི་ལྕི་མོ་འཁུར་བ་དང་། རུ་ཁག་ཆུང་ངུ་དང་ཚོགས་སྒྲིག་ཆུང་ངུའི་ཚོང་འགུགས་རྒྱ་ཁྱབ་ངང་སྤེལ་ཏེ། དཔལ་འབྱོར་དར་རྒྱས་ས་ཁུལ་གྱི་ཚོང་འགུགས་དངུལ་འདྲེན་གྱི་ཉམས་མྱོང་བོད་ལྗོངས་སུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་བྱས། དེའི་ཁྲོད་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས“ནང་འདྲེན་དང་འཛུགས་སྐྲུན། གསར་གཏོད། ཕྱིར་འཚོང”སོགས་ཕྲེང་འབྲེལ་གཅིག་གི་ཚོང་འགུགས་རྒྱུན་འཁྱོངས་བྱས་ཏེ། ཀོང་ཏུང་དང་ཞང་ཀང་། ཨོ་མོན་བཅས་སུ་ཚོང་འགུགས་དངུལ་འདྲེན་དང་ཐོན་ལས་བཤམས་འཚོང་བྱ་འགུལ་ཐེངས7སྤེལ་ནས། ཉིང་ཁྲིའི་རིག་གནས་ཡུལ་སྐོར་དང་ནགས་གསེབ་ཀྱི་ཁྱད་ཐོན་སྤུས་ལེགས་ཐོན་རྫས་མཚན་སྙན་ཏ་ཝུན་ཆུས་སུ་ཁྱབ་པར་བྱས། ཧྥུ་ཅན་དང་ཧའེ་ལུང་ཅང་། ཧུའུ་ནན། ཨན་ཧུའེ་སོགས་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐབས་མང་མཉམ་སྤྱོད་བྱས་ནས་རོགས་སྐྱོར་བྱ་ཡུལ་གྱི་ཐོན་ཁུངས་དང་ཚོང་རྟགས་གཏམ་རྒྱུད་ལེགས་པོར་བཤད་ནས། ས་ཁོངས་དབར་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་ལས་སྟེགས་བཏོད་ཡོད།

དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཕྱིར་སྡོད་དོན་གཅོད་ཁང་དག་གིས་མདུན་ཕྱོགས་གཡུལ་ས་དང་སོ་ལྟའི་ས་ཚིགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། སྔ་རྗེས་སུ་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཚོང་འགུགས་དངུལ་འདྲེན་དང་ཚོང་ལས་ཉོ་ཚོང་བྱ་འགུལ་སྤེལ་བ། དེའི་ཁྲོད“བོད་ལྗོངས་དང་སི་ཁྲོན། ཁྲུང་ཆིང་གི་ཚོང་འགུགས་དངུལ་འདྲེན་སྦྲེལ་མཐུད་ཚོགས་འདུའམ་བོད་ལྗོངས་ཀྱི་ཁྱད་ཐོན་སྤུས་ལེགས་ཐོན་རྫས་བཤམས་འཚོང་ཚོགས་འདུ། ཐོན་སྤྲོད་ཚོང་གསུམ་གྱི་སྦྲེལ་མཐུད་ཚོགས་འདུའི”ནང་བསྡོམས་པས་ཁེ་ལས90ལྷག་གི་འཐུས་མི200ལྷག་ཞུགས་ཡོད་པ་དང་། ཉིན་གསུམ་རིང་གི་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི110ལ་སླེབས་ཡོད།

རང་འགུལ་ངང་ཕྱིར་སྐྱོད་པ་དང་ཆབས་ཅིག བོད་ལྗོངས་ཀྱིས་བསམ་པ་རྣམ་དག་གིས་ནང་འདྲེན་བྱ་བ་ཧུར་ཐག་སྤེལ།2023ལོར། བོད་ལྗོངས་ཀྱིས་སྲོལ་རྒྱུན་དམངས་སྲོལ་དུས་ཆེན་གྱི་ཚོང་འགུགས་སྟོབས་ཤུགས་འཚོལ་ཞིབ་བྱས་པ་དང་། ཁེ་ལས་པ་ནང་འདྲེན་བྱས་ནས་ཉམས་ལེན་བརྗེ་རེས་དང་རྟོག་ཞིབ། མ་འཇོག་བཅས་ཀྱི་ལས་དོན་སྤེལ་བ། གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་སོ་སོར་ཞོ་སྟོན་དུས་ཆེན་དང་ཇོ་མོ་གླང་མའི་རིག་གནས་དུས་ཆེན། ཡར་ཀླུང་རིག་གནས་དུས་ཆེན། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན། ཇ་རྟའི་སྒྱུ་རྩལ་དུས་ཆེན། རྟ་རྒྱུག་འགྲན་བསྡུར་དུས་ཆེན། ཞང་ཞུང་རིག་གནས་དུས་ཆེན་གྱི་ཚོང་འགུགས་དངུལ་འདྲེན་བྱ་འགུལ་སྤེལ་ཤིང་། བསྡོམས་པས་རྣམ་གྲངས180གན་རྒྱ་བཞག་པ་དང་གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར620.98ཟིན་ཡོད།

གཞན་ཡང་། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་བའི་ཚོང་འགུགས་དངུལ་འདྲེན་དང་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་གྱི་བྱ་འགུལ་རབ་དང་རིམ་པ་རྒྱལ་ཁའི་ངང་སྤེལ་ཏེ། ལྗོངས་ཕྱི་ནང་གི་མ་འཇོག་མཁན་ལ་བོད་ལྗོངས་ཀྱིས་ཕྱོགས་ཡོངས་བཅོས་སྒྱུར་དང་ཆུ་ཚད་མཐོོ་བའི་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ཆོད་སེམས་དང་མདུན་ལྗོངས་གོ་སྐབས་བརྒྱུད་སྒྲོག་བྱས། ཁེ་ལས103ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ཚོང་འགུགས་ཚོགས་ཆེན་དུ་ཞུགས་ནས་ཚོང་འགུགས་དངུལ་འདྲེན་རྣམ་གྲངས60གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར531.83ཟིན་ཡོད། ཧྲང་ཧའེ་ཡི“ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ”དང་ཞ་མོན་གྱི“མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ”ཁྲུན་ཏུའུ་ཡི“ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་འདུ”སོགས་འགྲེམ་སྟོན་ཚོགས་འདུར་བརྟེན་ནས། རང་འགུལ་ངང་ལྗོངས་ཕྱིའི་ལས་སྟེགས་གལ་ཆེན་དང་སྦྲེལ་མཐུད་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་མ་དངུལ་གྲབས་གསོག་སྲིད་ཇུས། རྣམ་གྲངས་གལ་ཆེན་གྱི་དྲིལ་སྒྲོག་འོས་སྦྱོར་བཅས་སྤེལ་ཏེ། བོད་ལྗོངས་མ་འཇོག་གི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས། ཡིད་དབང་འཕྲོག་ཤུགས་བཅས་སྔར་བས་རྒྱ་སྐྱེད་དུ་བཏང་ཡོད། 

ཕྱོགས་ཡོངས་ནས་ནུས་འདོན་འབྲས་འཕར་བྱུང་བས་ཐོན་ལས་ཚོམས་ཀྱི་ཁྱབ་ཁོངས་ཇེ་ཆེར་ཕྱིན་པ། 

རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་ནི་གནད་འགག་ཡིན།2023ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཁག་དག་གིས་ཐོན་ལས་ཕྲེང་འབྲེལ་སྐྲུན་པ་དང་ཁ་གསབ། སྣུར་སྲིང་། སྟོབས་ལྡན་བཅས་གཙོ་གནད་དུ་བཟུང་ནས། ཚོང་འགུགས་འོས་སྦྱོར་དང་སྣེ་འདྲེན་ཁེ་ལས་དང་སྦྲེལ་མཐུད། གཙོ་གནད་རྣམ་གྲངས་ཀྱི་གན་རྒྱ་འཇོག་པའི་ལས་དོན་སྤེལ་བ་དང་། རྣམ་གྲངས་ཀྱི་དུས་མགོའི་ལས་དོན་ལ་ཧུར་ཐག་སྐུལ་འདེད་བཏང་ནས་ཚོང་འགུགས་དངུལ་འདྲེན་གྱི་རྨང་གཞིའི་རང་བཞིན་དང་སྔོན་ཁྲིད་རང་བཞིན་གྱི་ལས་དོན་ཏན་ཏིག་སྤེལ་བ། བསྡོམས་རྩིས་བྱས་པ་ལྟར་ན། ལྗོངས་ཡོངས་ཀྱི་ལོ་ཧྲིལ་བོར་ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས907(མཐུད་སྐྲུན460དང་གསར་སྐྲུན447)རེ་ཞུ་བྱས་ཤིང་། ལོའི་དམིགས་སར་འབྱོར་བའི་མ་དངུལ་སྒོར་ཁྲི1000དང་རྣམ་གྲངས491ལས་བརྒལ་ཡོད་པ་དང་། དམིགས་སར་འབྱོར་བའི་མ་འཇོག་སྒོར་དུང་ཕྱུར་ཡན་དུ་ཟིན་པའི་རྣམ་གྲངས122ཡོད་ལ། ཁྱད་ཆོས་ལྡན་པའི་ཐོན་ལས་ཕྲེང་འབྲེལ་མང་པོ་བོད་ལྗོངས་སུ་གཞིས་ཆགས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་ཡོད།

“ཐཱན་གཉིས”གོ་སྐབས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ནུས་ཁོངས་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་ཐོག་མ་སྟེ། ཀྲུང་ཁྲུ་སྡེ་ཚོགས་ནུས་ཁུངས་གཙང་མའི་རིག་ནུས་བཟོ་སྐྲུན་ཐོན་ལས་གླིང་གྲ་ནང་རྫོང་དུ་བཙུགས་པ་དང་། རྣམ་གྲངས་དེས“1+N”རྣམ་པ་སྤྱད་དེ་སྤྱི་འདོམས་འཆར་འགོད་དང་གོམ་པ་བགོས་ནས་ལག་བསྟར་བྱས་ཤིང་། སྤྱིའི་འཆར་འགོད་ནང་བསྡོམས་པས་ས་ཁྱོན་མུའུ150ཟིན་པ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར5ཟིན་ནས་ཐོན་སྐྱེད་བྱས་རྗེས་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར30ལ་སླེབས་པ་རེད།

གོང་དཀར་རྫོང་གི་གཟུགས་འདས་རིག་གནས་ཤུལ་བཞག་གཡང་ཊིའི་བརྐོས་རིས་ཁྲིད་སྦྱོང་རྟེན་གཞི་དང་རྒྱ་ཚའི་ཨན་ཆི་ཇོ་མོ་གླང་མའི་མཐོ་སྒང་སྐྱེ་ཕན་སྲིན་བཟོ་སྐྲུན། ས་སྐྱའི་ལི་གྲོའི་ཕྲེང་འབྲེལ་ཡོངས་ཀྱི་མ་འཇོག་འཕེལ་རྒྱས། སྤོ་མེས་ལེན་ཧའེ་ཞིང་ལས་ཐོན་ལས་གླིང་། མཚོ་སྣའི་ལུག་ཁྲི་གསོ་སྤེལ་རྟེན་གཞི། དཔལ་མགོན་གྱི་ཆུ་ཚན་གསར་སྤེལ། སྒར་རྫོང་ཚོང་རྫས་ཆུང་ངུ་སྡེབ་ཚོང་ཁྲོམ་ར་སོགས་ཚོང་འགུགས་རྣམ་གྲངས་གསར་བ་སྐོར་ཞིག་གིས་ནུས་ཁུངས་གཙང་མ་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་ཕྱུགས་ལས། ཞབས་ཞུའི་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ལ་འགུལ་ནུས་གསར་བ་བསྣན་ཡོད།

སེམས་ཤུགས་གཅིག་སྒྲིལ་གྱིས་སྲུང་སྐྱོབ་བྱས་པས་ཞབས་ཞུའི་ཁྱབ་ཁོངས་སྔར་བས་དོན་དངོས་སུ་གྱུར་བ།

ཚོང་གཉེར་ཁོར་ཡུག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགག་རྩ”ཡིན།2023ལོར། བོད་ལྗོངས་ཀྱིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བཏོད་དེ། 《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོོལ་ཡིག》བཏོན་པ་དང་། བོད་རང་སྐྱོང་ལྗོོངས་ཀྱི《ཀུན་བཀོལ་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་འགའ་ཤས(ཚོད་ལྟའི་ལག་ལེན)》《ཚོང་འགུགས་དངུལ་འདྲེན་གྱིས་བོད་ལུགས་གསོ་རིག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་སྲིད་ཇུས་འགའ་ཤས》《གློག་སྤྱོད་མ་གནས་སྔར་བས་ཇེ་དམའ་རུ་བཏང་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(གནས་སྐབས་ལག་བསྟར)》《གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(2023-2025ལོ》སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་བཟོས་ཏེ། ལྗོངས་ཡོངས་ཀྱིས་ཁྲིམས་མཐུན་སྒྲིག་མཐུན་སྒོས་ཚོང་འགུགས་དངུལ་འདྲེན་ལས་དོན་ལ་འགན་སྲུང་བརྟན་པོ་མཁོ་འདོན་བྱས།

དེ་དང་ཆབས་ཅིག ཚོང་འགུགས་དངུལ་འདྲེན་རྣམ་གྲངས“གོ་རིམ་ཧྲིལ་བོ་ཚབ་སྒྲུབ་དང་ཆེད་དོན་འཛིན་གྲྭས་ཞབས་ཞུ”སྒྲུབ་པ་དང་མགོ་ཁྲིད་ཀྱིས་རྣམ་གྲངས་གལ་ཆེན་གྱི་འགན་གཙང་ལེན་གྱི་ཞབས་ཞུའི་ལམ་སྲོལ2བཅས་དོན་འཁྱོལ་ནན་མོ་བྱས་ནས། བོད་ལྗོངས་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཚོང་འགུགས་དངུལ་འདྲེན་བྱ་འགུལ་གྱི་གན་འཇོག་རྣམ་གྲངས་གལ་ཆེན་དག་གི་ལས་མགོ་ཚུགས་པར་སྐུལ་འདེད་བཏང་བ། པེ་ཅིན་དང་ཧྲང་ཧའེ། ཀོང་ཏུང་། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས23སོང་ནས་འོས་སྦྱོར་དྲིལ་སྒྲོག་བྱས་པ་དང་། ཁེ་ལས58འཚམས་འདྲི་རྟོག་ཞིབ་བྱས་པ་དང་ཁེ་ལས7དབར་མཉམ་ལས་མོས་མཐུན་རགས་ཙམ་བཞག་པ། རྣམ་གྲངས་སྦྲེལ་མཐུད་ཚོགས་འདུ90བསྡུས་ནས་གཅིག་ལ་གཅིག་གཏད་ཀྱི་འབྲེལ་འདྲེས་སྦྲེལ་མཐུད་ལས་དོན་ལེགས་པོར་སྒྲུབ་ཏེ། ཁེ་ལས་ཀྱི་མ་འཇོག་ཐབས་ལམ་སྔར་བས་བདེ་བགྲོད་ཐུབ་པར་བྱས།

“ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་དང་།‘ལོ་ལྔའི་འཆར་གཞི་བཅུ་བཞི་བ’ལག་བསྟར་གྱི་གནད་འགག་ལོ། དེ་དང་ཆབས་ཅིག བོད་ལྗོངས་སུ་ཁ་གཏད་བོད་སྐྱོར་བྱས་ནས་ལོ་འཁོར30ལོན་པའི་ལོའང་ཡིན། འགྲན་སློང་གསར་བར་གདོང་གཏད་དེ། ང་ཚོས་རེས་སྐོར་གསར་བའི་ལག་རྩལ་གསར་བརྗེ་དང་ཐོན་ལས་རིམ་སྤོར་གྱི་གོ་སྐབས་དམ་འཛིན་བྱས་ནས། ཁྱད་ལྡན་ལེགས་ཆའིི་ཐོན་ལས་བཀོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དང་གཙོ་གནད་ལས་གཞི། རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་གཙོར་བཟུང་ནས། སྐྱེ་དངོས་གསོ་རིག་དང་རིག་གནས་ཡུལ་སྐོར་ཁམས་གསོ། རིག་སྟོབས་ཟོང་འགྲུལ་སོགས་ཀྱི་ཁྱབ་ཁོངས་སུ་དམིགས་འབེན་ཁེ་ལས་ལེགས་འདེམ་དང་། ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཛུགས་སྐྲུན་གྱི་འགྲན་ལམ་གསར་བ་གཏོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་སྐྱེད་སྲིང་་བྱེད་དགོས”ཞེས་བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། ། 

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།