མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

བུད་མེད་དང་དཔེ་ཀློག

  2024-04-28 10:28:38  ཁྲིམས་སྐྱོང་ཚགས་པར།

ཤ་བོ་སྐྱིད།མཐོ་རིམ་དགེ་རྒན་དང་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན་ལ།ད་ལྟ་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་མཐོ་འབྲིང་སྡེ་ཁག་གི་བོད་ཡིག་དགེ་རྒན་ཡིན་པ་དང་།བོད་ཡིག་ཁྲིད་དཔྱོད་ཁང་གི་མགོ་གཙོའི་འགན་ཡང་ཁུར་ཡོད།སློབ་མར་ལྷག་བསམ་དང་བྱ་བར་བརྩོན་སེམས་ལྡན་པས།བསྟུད་མར་ཉེ་བའི་ལོ་འགར་སློབ་གྲྭ་དང་སློབ་གསོ་ཐིང་ནས་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་མང་དུ་ཐོབ།སློབ་ཁྲིད་ཀྱི་ཞོར་ནས་དཔེ་ཀློག་དང་ཞིབ་འཇུག་གི་རྒྱུན་ཡུན་དུ་བསྐྱངས་པས།འབྲེལ་ཡོད་ཀྱི་དཔྱད་རྩོམ་བཅུ་ལྷག་ཚད་ལྡན་དུས་དེབ་ཏུ་བཀོད་ཡོད་ཅིང་།སློབ་མའི་རྩོམ་འབྲིའི་མཛུབ་སྟོན་གྱི་དེབ་དྲུག་ལྷག་ཀྱང་བསྒྲིགས་ཏེ་བསྐྲུན་ཡོད།

སྤྱིར་དཔེ་ཀློག་གི་བྱ་བ་འདི་ནི་འཇིག་རྟེན་གྱི་བྱ་བ་ཀུན་ལས་ཆེས་རླབས་པོ་ཆེ་དང་ཆེས་དོན་སྙིང་ལྡན་པ་ཞིག་ཡིན་པས།འདི་ལ་རྟེན་སྐྱ་སེར་དང་།རིགས་ཕོ་མོ།ལོ་རྒན་གཞོན་གྱི་ཁྱད་པར་སོགས་གང་ཡང་མེད་པར་ཚང་མས་རང་གི་དགོས་མཁོ་དང་དགའ་ཕྱོགས།ཆུ་ཚད་ལྟར་གང་ལ་གང་འཚམ་གྱིས་དཔེ་ཀློག་བྱ་དགོས་ལ།ལས་དེས་ཆེ་ས་ནས་སྤྱི་ཚོགས་དང་མི་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་།ཆུང་ས་ནས་མི་རང་ཉིད་ཀྱི་བསམ་བློ་དང་ནུས་པ་སོགས་ཀྱི་བྱང་ཚད་ཕྱོགས་ཡོང་ནས་གོང་དུ་འཕེལ་བའི་ཐབས་ལམ་ཉག་གཅིག་ཡིན་པས།གླེང་རིན་དང་བསམ་རིན་ཡོད་པའི་དོན་གལ་ཆེན་ཞིག་ཡིན།དེ་རིང་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་དང་བསྟུན།ངས“བུད་མེད་དང་དཔེ་ཀློག”ཅེས་པའི་བརྗོད་བྱ་འདི་བརྒྱུད་ནས།རང་ཉིད་དང་ལས་དབང་གཅིག་པའི་བོད་གངས་ཅན་གྱི་བུད་མེད་རྣམས་ལ་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་དཔེ་གཟིགས་དཔེ་བལྟས་ཀྱི་དགེ་མཚན།དཔེ་ཀློག་མ་བྱས་པའི་ཉེས་དམིགས་ཀྱི་ཕྱོགས་དེ་དོན་ཚན་ཆུང་བ་གསུམ་དུ་ཕྱེ་ནས་མཐོང་ཐོས་མྱོང་གསུམ་ཙམ་གླེང་བར་བྱ་སྟེ།

གཅིག དཔེ་ཀློག་ལ་དགའ་བའི་བུད་མེད་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བུད་མེད་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྐྲུན་མཁན་ཡིན་ལ།སྤྱི་ཚོགས་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་ནུས་ཤུགས་གཙོ་བོའང་ཡིན།གལ་ཏེ་བུད་མེད་མེད་ན།མིའི་རིགས་མེད་ལ།སྤྱི་ཚོགས་ཀྱང་ཡོད་མི་སྲིད”ཅེས་གསུངས་པ་ནི་དངོས་ཐོག་བདེན་འཚོལ་གྱི་ལེགས་བཤད་རྨ་མེད་པ་ཞིག་ཡིན་ཏེ།གནའ་ནས་ད་ལྟའི་བར་རྒྱལ་ཁབ་དང་མི་རིགས་གང་དང་གང་ལ་མཚོན་ནའང་།སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་མཚར་བའི་ལྡེབས་རིས་སུ་ང་ཚོ་བུད་མེད་དག་གིས་ཀྱང་ཆོས་དང་སྲིད་གང་གི་ཐད་ནས་ཀྱང་བསུབ་ཏུ་མེད་པའི་ལག་རྗེས་ཀྱི་རི་མོ་བཀོད་དང་འགོད་བཞིན་པ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་དེ།མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།“རང་གི་རང་དོན་ཡུལ་གྱི་སྤྱི་དོན། །རྒྱལ་པོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས། །ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། །མེད་དུ་མི་རུང་བ་ནི་བུད་མེད་ཡིན། །”ཞེས་གསུངས་པ་ལས་ཀྱང་བུད་མེད་ནི་ཆོས་ཀྱི་དོན་དང་སྲིད་ཀྱི་དོན།སྤྱི་ཚོགས་ཀྱི་གཞུང་དོན་དང་ཁྱིམ་ཚང་གི་སྒེར་དོན་སོགས་འཇིག་རྟེན་གྱི་བྱ་བ་ཕྲ་རགས་ཀུན་གྱི་སྒུལ་ཤུགས་གཙོ་བོ་དང་མེད་དུ་མི་རུང་བ་ནི་བུད་མེད་ཡིན་པ་བདེན་དཔང་བྱས་ཡོད་པས།དེང་གི་ཆར་དཔལ་འབྱོར་དང་ཆ་འཕྲིན་དར་རྒྱས་ཆེ་བའི་དུས་རབས་འདིར།ང་ཚོ་དེང་གི་བུད་མེད་དག་གིས་ཀྱང་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་དང་བཙན་མོ་སད་མ་ཀར་ལྟ་བུའི་སྲིད་ཀྱི་དོན་ཆེན་ལ་བཀོད་པའི་ཞབས་རྗེས་དང་།རྡོ་རྗེ་ཕག་མོ་དང་མ་ཅིག་ལབ་ཀྱི་སྒྲོན་མ་ལྟ་བུའི་ནང་བའི་བསྟན་པར་བཞག་པའི་མཛད་པ།ཡུམ་ཤིང་བཟའ་ཨ་ཆོས་དང་མྱང་ཚ་དཀར་རྒྱན་ལྟ་བུའི་མ་ཡུམ་སློབ་གསོར་བཞག་པའི་ལག་རྗེས་སོགས་རང་རེའི་སྔོན་བྱོན་མཛངས་མ་དག་གི་མཛད་པའི་ལས་འཕྲོའི་མཐའ་བསྐྱངས་ཏེ།སྤྱི་ཚོགས་དང་མི་རིགས་ལ་རང་ནུས་ཅི་ལྕོགས་ཀྱིས་ལག་རྗེས་ཤིག་འཇོག་འདོད་ཚེ།ཐབས་ལམ་ཉག་གཅིག་ནི་དུས་རབས་ཀྱི་རྗེས་ཟིན་པར་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་རིག་གནས་དང་རིག་གནས་གསར་རྙིང་གཉིས་ལ་སློབ་སྦྱོང་རབས་དང་རིམ་པར་བྱས་ཏེ་རང་རྒྱུད་ལ་ཤེས་རིག་གི་དྲག་ཆས་གྱ་ནོམ་པ་ཞིག་སྤྲ་རྒྱུ་ནི་གལ་འགངས་ཆེ་སྟེ།དཔལ་ཡོན་དར་བའི་སྤྱི་ཚོགས་འདིར་ང་ཚོ་གཟི་བརྗིད་ཀྱིས་འཚོ་དགོས་ནའང་ཤེས་རིག་གི་གྲུ་ཆར་གཙང་མས་ང་ཚོའི་བསམ་བློ་དང་ལྟ་བ།སྤྱོད་ལམ་བཅས་ལ་བྱི་དོར་གཙང་མ་ཡང་ཡང་བྱས་ཏེ་དཔལ་ཡོན་ལྡན་པའི་བུད་མེད་ཅིག་ཏུ་འགྱུར་རྒྱུ་ནི་དེང་གི་སྐྱ་ཟད་སྔོ་རྡུགས་སུ་གྱུར་བའི་བོད་ཀྱི་སྤྱི་ཚོགས་འདི་ལ་མཚོན་ན་དངོས་གནས་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་དོན་གལ་ཆེན་ཞིག་གོ །

མའོ་ཙེ་ཏུང་གིས“བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན”ཞེས་པའི་རླབས་ཆེ་བའི་མཐའ་ཚིག་འདི་བསྒྲགས་པ་ནས་བཟུང་།ཀྲུང་གོའི་སྤྱི་ཚོགས་ཀྱི་བྱ་འགུལ་དང་ལས་རིགས་གང་ལའང་ཕོ་མོའི་ཁྱད་པར་མེད་པར་ཞུགས་ཆོག་པས།ཀྲུང་གོ་གསར་པ་དབུ་བརྙེས་པ་དང་དེང་རབས་ཅན་བཞི་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ཁྲོད།རང་རེའི་ཀྲུང་གོའི་བཟོ་ཞིང་བུད་མེད་དག་གིས་ཀྱང་གྲུབ་འབྲས་རླབས་ཆེན་བཞག་པ་ལོ་རྒྱུས་སུ་མངོན་པར་གསལ།རང་རེའི་བོད་ལ་མཚོན་ནའང་།བཅིངས་འགྲོལ་རྗེས་ནས་རིམ་གྱིས་བུད་མེད་ལའང་སྐྱེས་པ་དང་འདྲ་བའི་ཁེ་དབང་ལོངས་སྤྱོད་ཀྱི་རང་དབང་འཐོབ་པ་དང་།ལྷག་པར་དུ་བུད་མེད་རྣམས་ལའང་ཆོས་དང་རིག་གནས་སྦྱངས་པའི་སྐལ་བཟང་ཐོབ་པ་ནས།སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་དང་ལས་རིགས་སོ་སོ་ན།ཤེས་རིག་གི་དྲག་ཆས་ལུས་ལ་བགོས་ཏེ་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་གང་ཡོད་བཏོན་དང་འདོན་བཞིན་པའི་བུད་མེད་མཛངས་མ་ནི་བགྲང་གིས་མི་ལངས་པ་ཞིག་བྱུང་ཡོད་དེ།རྩོམ་པ་པོའི་ཁྲོད་ན་བུད་མེད་བསམ་བློ་ཅན་མང་།དགེ་རྒན་གྱི་ཁྲོད་ན་བུད་མེད་ཤེས་རབ་ཅན་མང་ལ།སྨན་པའི་ཁྲོད་ན་བུད་མེད་བྱང་སེམས་ཅན་མང་།ཉེན་རྟོག་པའི་ཁྲོད་ན་བུད་མེད་དཔའ་རྩལ་ཅན་མང་ལ།ཁེ་ལས་པའི་ཁྲོད་ན་བུད་མེད་རྣམ་དཔྱོད་ཅན་མང་།མདོ་འཛིན་པའི་ཁྲོད་ན་བུད་མེད་ཁ་ལྕེ་ཅན་མང་ལ།སློབ་ཆེན་པའི་ཁྲོད་ན་བུད་མེད་འབུམ་རམས་པ་མང་བ་བཅས་བོད་ཀྱི་སྤྱི་ཚོགས་སུ་ལོ་རེར་བུད་མེད་འཇོན་ཐང་ཅན་ཇེ་མང་དུ་འགྲོ་བ་འདི་ལས།ཤེས་རིག་གིས་བུད་མེད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་བཞིན་པ་ཁ་ཚོན་བཅད་དེ་བརྗོད་ཆོག་ལ།དེང་གི་བུད་མེད་ཀྱིས་ཀྱང་སྲིད་འབྱོར་རིག་གསུམ་དར་སྤེལ་གྱི་བྱ་གཞག་ཁྲོད་བྱས་རྗེས་རླབས་ཆེན་འཇོག་བཞིན་པ་བདེན་དཔང་བྱས་འདུག འདི་འདྲའི་སྟོབས་ཤུགས་ནི་དུས་རབས་རེ་རེར་ཉམས་པ་མེད་པར་རྟག་བརྟན་ཐེར་ཟུག་གིས་བླ་ནས་བླ་རུ་འཕེལ་བ་ལ།སྤྱི་ཚོགས་དང་ཡང་ན་ཁྱིམ་ཚང་གང་ནས་ཀྱང་བུད་མེད་རྣམས་ལ་དཔེ་ཀློག་དང་ཤེས་རིག་གི་བདུད་རྩི་འཐུང་སའི་སྟེགས་བུ་བརྟན་པོ་ཞིག་བསྐྲུན་རྒྱུ་ནི་གལ་ཆེ་ལ།ང་ཚོ་བུད་མེད་རང་ཉིད་ནས་ཀྱང་སློབ་སྦྱོང་གི་གལ་ཆེན་རང་བཞིན་ལ་ངེས་ཤེས་འདྲོངས་པར་བྱས་ཏེ་བྱ་བ་དང་ཁྱིམ་ལས་ཙག་ཙིག་གི་ཞོར་ལ་རང་ནུས་ཅི་ལྕོགས་ཀྱིས་དཔེ་གཟིགས་དཔེ་བལྟས་རེ་བྱས་ནས་རང་གི་ཕྱོགས་ཡོངས་ཀྱི་འཇོན་ནུས་ཇེ་མཐོར་བཏང་ཚེ།ང་ཚོ་བུད་མེད་རྣམས་ཀྱང་དོན་དག་ཆེ་མ་ཆུང་གསུམ་གང་འདྲར་ཐུག་ཀྱང་གཞན་ལ་བློ་འདྲི་མི་དགོས་པར་རང་གི་བསམ་གཞིག་གི་ནུས་པས་ལེགས་ཉེས་ཤན་འབྱེད་པའི་བློ་རིག་དང་ཤེས་རབ་ལྡན་ལ།སྡུག་བསྔལ་དང་དཀའ་ཚེགས་རི་འདྲ་བས་མནན་ཡང་གཞན་ལ་མ་བརྟེན་པར་རང་རྐྱ་ཐུབ་པའི་སྒོ་ནས་གདོང་གཏོད་པའི་བློ་སྤོབས་དང་གདེང་ཚོད་ཆེན་པོ་ལྡན་པས།བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་བྱེད་མཁན་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་ཐུབ།

གཉིས།དཔེ་ཀློག་ལ་སྤྲོ་བའི་བུད་མེད་ནི་ཁྱིམ་ཚང་བདེ་སྐྱིད་ཀྱི་གཞི་མ་ཡིན།

《ཉང་ཆོས་འབྱུང》ལས།“སྲིད་ཀྱི་མཚོ་མོ་བུད་མེད་རྣམས། །ཁྱིམ་གྱི་བདག་མོ་ཡིན་པས་ཁང་པར་གད་བདར་གྱིས། །སྲིད་ཀྱི་མཚོ་མོ་ཡིན་པས་བུ་ཚ་ཆོས་ལ་བཙུད། །ལས་ཀྱི་ཟླ་གྲོགས་ཡིན་པས་ཁྱོ་གར་བརྩི་བཀུར་བྱོས། །”ཞེས་གསུངས་པ་ལས་ཀྱང་།བུད་མེད་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བའི་མི་སྣ་ཞིག་སྟེ།ཐོག་མར་མནའ་མ་ཞེས་པའི་མིང་དེ་ཐོགས་པ་ནས།ཁྱིམ་གྱི་རྒན་མགོ་དཀར་ནས་གཞོན་སོ་དཀར་རྣམས་ལ་གུས་པ་དང་བྱམས་བརྩེས་གཉོར་ཞིང་།རང་གི་ཁྱིམ་ཐབ་ལ་བརྩེ་བས་སྐྱོང་མཁན་གྱི་འཕགས་མ་བྱང་སེམས་ཅན་ཞིག་བྱ་དགོས་བྱུང་བས།བུད་མེད་ལ་བྱམས་སྙིང་རྗེ་དང་གུས་ལུགས་དགོས།དེ་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་སྲོག་ཤིང་དུ་གྱུར་བའི་དམ་པ་གོང་མ་དག་གི་ལྷ་ཆོས་དང་མི་ཆོས་ཀྱི་བསྟན་བཅོས་རི་བོས་གཏོས་དང་མཉམ་པ་དག་ལ་དད་པས་མཇོལ་དང་དེ་ལས་རང་རྒྱུད་ལ་ལྷག་བསམ་གྱི་དྲི་བསུང་ལྷུན་གྱིས་འཐུལ་ཡོང་།དེའང་ཁྱིམ་བདག་མའི་ཆོ་ལོ་བརྗིད་པོ་དེ་ཐོགས་པ་ནས་བཟུང་།རང་ཁྱིམ་ལ་དྲོ་སྐྱིད་ཀྱི་ཉི་འོད་འཆར་ཞིང་འཆམ་མཐུན་གྱི་མེ་ཏོག་བཞད་པའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་མཁན་གྱི་བཟོ་སྐྲུན་པ་ཞིག་བྱ་དགོས་པས།བུད་མེད་ལ་ཐབས་དང་ཤེས་རབ་དགོས།དེའང་རྒྱལ་ཁབ་ཕྱི་ནང་གི་མཁས་པ་གྲགས་ཅན་དག་གི་གསུང་རྩོམ་སྣ་ཚོགས་བརྩོན་པས་ཀློགས་དང་བློ་རིག་གི་སྒོ་མོ་ཡངས་པོར་དེ་ལས་འབྱེད་ཐུབ།འཇིག་རྟེན་གྱི་ཨ་མ་ཞེས་པའི་མིང་བྱང་སྙན་མོ་དེ་འཁུར་པ་ནས།བྱིས་པ་དག་གི་སློབ་སྦྱོང་གི་གནས་ཚུལ་ལ་ལྟ་རྟོག་དང་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་ལ་མཛུབ་སྟོན་ཡང་དག་བྱེད་མཁན་གྱི་དགེ་རྒན་ཐོག་མ་དེ་བྱ་དགོས་བྱུང་བས།བུད་མེད་ལ་ཤེས་ཡོན་དང་ཐབས་ལམ་དགོས།

དེའང《སྲིད་པའི་མ་ཤགས་ཆེན་མོ》ལས།“མ་མཛངས་བུ་མཛངས་ན་ནི།གསེར་ལ་གཡུ་སྤྲ་ལ།མ་ངན་བུ་ངན་ན་ནི། །ཁང་རུལ་དུ་ལུད་སྤུངས་པ་དང་འདྲའོ། །”ཞེས་པ་འདིས་ཀྱང་མ་ཡུམ་སློབ་གསོའི་སྣང་ཚུལ་དངོས་ཤིག་བསྡུར་ནས་བསྟན་ཡོད་དེ།མ་མཛངས་མས་བསྐྱངས་པའི་བུ་ནི་གསེར་བཟང་པོ་དང་འདྲ་བར་གང་སར་བྲིན་ཆེ་བ་དང་།མ་ངན་པས་བསྐྱངས་པའི་བུ་ནི་མི་གཙང་བའི་ཁྱི་ལུད་དང་འདྲ་བར་ཀུན་གྱིས་འདོར་བར་འགྱུར་བའི་གནས་ལུགས་བསྟན་ཡོད་པས།མ་ཡུམ་གྱི་མཚན་བྱང་འཁུར་བའི་བུད་མེད་ཡོངས་ཀྱིས་སྤྱོད་ཡོན་གཉིས་ལྡན་གྱི་བུ་བུ་མོ་སྐྱེད་སྲིང་བྱེད་པར་ཐོག་མར་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཚུལ་དང་མཐུན་པར་མ་ཟད།བུ་ཆུང་གི་སློབ་སྦྱོང་ལ་ལམ་སྟོན་ཡང་དག་ཅིག་ཡོང་ཆེད་རང་ཉིད་ནས་མགོ་བརྩམས་ཏེ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་རྒྱུན་བསྐྱངས་ན།ད་གཟོད་ཁྱིམ་ཚང་དུ་དཔེ་ཀློག་གི་མཁའ་དབུགས་སྟུག་པོ་ཞིག་ཆགས་ཐུབ།

ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་སློབ་གསོ་ཐོག་མ་ཡིན་པ་འདས་སོང་གི་རང་རེའི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད་དེ།ཕ་སྤྲེའུ་བྱང་ཆུབ་སེམས་དཔས་ལོ་ངོ་ལྔ་བརྒྱར་དབེན་པའི་བྲག་ཏུ་བསམ་གཏན་ལ་བཞུགས་དུས།མ་བྲག་སྲིན་མོས་སྤྲེལ་ཕྲུག་ལྔ་བརྒྱ་སྐྱེད་སྲིང་བྱས་པ་ནས་དུས་རབས་སོ་སོར་སྒང་པ་བོད་ལ་སྐྱེས་ཆེན་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཟམ་མ་ཆད་པར་བྱོན་པ་འདིའང་རླབས་ཆེན་གྱི་མ་ཡུམ་དག་མེད་ན་ག་ནས་བྱུང་།ད་དུང་དམ་པ་དེ་དག་གིས་ཆོས་སྲིད་གཉིས་ཀར་ངོ་མཚར་བའི་མཛད་རྗེས་བླ་ན་མེད་པ་བསྐྲུན་པ་དེའང་ཁོང་ཅག་གི་མ་ཡུམ་དག་གི་མཐུན་རྐྱེན་དང་སྐུལ་སློང་གི་འབྲས་བུ་ཡིན་པ་གདོན་མི་ཟ་སྟེ།མྱང་ཚ་དཀར་རྒྱན་ལྟ་བུའི་མ་མེད་ན། །མི་ལ་རས་པ་ལྟ་བུའི་བུ་མེད། །ཅེས་པའི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་གཏམ་དཔེས་འདིས་མཚོན་ཐུབ།

རང་རེའི་བུ་རབས་ཚ་རྒྱུད་དག་གི་མི་གཤིས་དང་ཀུན་སྤྱོད་ཀྱི་ཐད་ནས་ཡ་རབས་ཚུལ་ལྡན་ཞིག་དང་སྤྱི་ཚོགས་དང་མི་རིགས་ལ་རྔོ་ཐོགས་པའི་མི་བུ་ལྷག་བསམ་ཅན་ཞིག་ཏུ་སྐྱེད་སྲིང་བྱེད་འདོད་ན།ཐོག་མར་རང་རེའི་མ་ཡུམ་རྣམས་ལ་རང་གི་བུ་ཕྲུག་ལ་མི་ཚེའི་ཁ་ཕྱོགས་སྟོན་ཐུབ་པའི་བསམ་བློའི་གོ་རྟོགས་དང་བྱ་བའི་འཇོན་ནུས།གོ་བསྐོན་བློ་འགུག་གི་སྨྲ་བརྗོད།ཡ་རབས་ཚུལ་ལྡན་གྱི་སྤྱོད་ལམ་སོགས་འཛོམ་དགོས་པ་སྨྲ་མི་དགོས་ལ།དེ་དག་ནི་སྔོན་བྱོན་དམ་པའི་ཤེས་རབ་དང་རྒྱལ་ཁབ་ཕྱི་ནང་གི་མཁས་པའི་བློ་གྲོས་ཀྱི་ཉིང་བཅུད་དུ་གྱུར་བའི་དཔེ་ཆ་ལས་ད་གཟོད་འཐོབ་ཐུབ་པས།བུད་མེད་ཀྱི་སློབ་སྦྱོང་དང་དཔེ་ཀློག་ནི་ཁྱིམ་ཚང་ཞིག་གི་ལས་དབང་ནས་རྒྱལ་ཁབ་དང་མི་རིགས་ཤིག་གི་དར་རྒུད་ལའང་ཐད་ཀར་འབྲེལ་བ་དམ་ཟབ་མཆིས་པ་ཤེས་ཐུབ།

གསུམ།དཔེ་ཀློག་ལ་མོས་པའི་བུད་མེད་ནི་སྐྱེས་མ་ཀུན་གྱི་གཙུག་རྒྱན་ཡིན།

དཔེ་ཀློག་ནི་ཕོ་མོ་སུ་ཞིག་ཡིན་རུང་གལ་ཆེ་བ་ཞིག་ཡིན་པར་མ་ཟད་བུད་མེད་རྣམས་ལ་དེ་ལས་ཀྱང་གལ་ཆེ་སྟེ།བུད་མེད་ནི་ལུས་སྟོབས་དང་བསམ་བློ།བློ་རིག སྤོབས་པ་སོགས་ཕྱོགས་མང་པོ་ནས་སྐྱེས་པ་དང་བསྡུར་ན་ཅུང་དམན་པ་ཁས་མི་ལེན་ཀ་མེད་ཡིན།ང་ཚོས་ཕོ་མོ་འདྲ་མཉམ་གྱི་དར་ཆ་དགུང་དུ་བསྒྲེང་འདོད་ན།ད་དུང་ཧུར་ཐག་གིས་སློབ་སྦྱོང་དང་དཔེ་ཀློག་གི་ཐབས་ལམ་འདི་བརྒྱུད་ནས་རང་ཉིད་ཀྱི་ལས་ཀའི་འཇོན་ནུས་དང་བསམ་པའི་བྱང་ཚད་སོགས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་འབད་འབུངས་བྱ་དགོས་ཏེ།

1.དཔེ་ཀློག་གིས་བུད་མེད་ཀྱི་ལྟ་རྒྱ་དང་སེམས་རྒྱ་ཡངས་པོར་བསྐྱེད་ཐུབ།

2.དཔེ་ཀློག་གིས་བུད་མེད་ཀྱི་མཛེས་པ་བླ་ལྷག་ཏུ་མངོན་ཐུབ།

3.དཔེ་ཀློག་གིས་བུད་མེད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ།

མདོར་ན།བུད་མེད་ནི་མིའི་རིགས་ཀྱི་དགེ་རྒན་ཐོག་མ་དང་།མ་ཡུམ་སློབ་གསོ་ནི་མིའི་རིགས་ཀྱི་སློབ་གསོ་ཐོག་མ་ཡིན་པས།བུད་མེད་ཀྱིས་དཔེ་ཀློག་བྱ་རྒྱུ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག མི་རབས་ཤིག་དཔལ་ཡོན་གྱི་ལམ་དུ་བགྲོད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་གོ །

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།