ཇན་ཨོ་སི་ཏིན་གྱིས་བརྩམས་པའི་ཁེངས་དྲེགས་དང་ཕྱོགས་ཞེན་ཞེས་པའི་སྒྲུང་གཏམ་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:དཔལ་འཛོམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-13 09:43:00 ཀློག་གྲངས།:

གླེང་གཞི།

      སྤྱིར་ཀུན་གྱི་ཁ་ན་ཕོ་མོ་འདྲ་མཉམ་གྱི་ཁ་གཡང་མཐོན་པོར་སྒྲོག་ཅིང་ཕོ་མཆོག་མོ་དམན་གྱི་འདུ་ཤེས་རིང་དུ་འདོར་དགོས་པའི་ལྟ་བ་ཅི་དགར་སྤེལ་ནའང་། དུས་རབས་བཅོ་བརྒྱད་པའི་མཇུག་དང་བཅུ་དགུ་བའི་ནང་དབྱིན་ཇིའི་འཚོ་བ་དངོས་ཀྱི་ཁྲོད་དུ་དེ་ལྟར་མིན་པ་གཞིར་བྱས་དབྱིན་ཇིའི་བུད་མེད་རྣམས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་གོ་གནས་ཟིན་མེད་ཅིང་ཁོ་ཚོའི་སྤྱི་ཚོགས་ལ་ཐོན་པའི་ནུས་བ་དང་རིན་ཐང་ལ་དེ་འདྲའི་ཐུགས་ཁུར་དང་དོ་སྣང་བྱེད་བཞིན་མེད་པ་ཁོ་ཚོའི་མིག་ལམ་དུ་མངོན་གསལ་ཡིན་པས། རྩོམ་པ་པོས་དངོས་ཡོད་འཚོ་བ་ཁ་གཏད་ནས་སྲོལ་རྒྱུན་གྱི་ལྟ་བ་རྙིང་བས་ཡོད་ཚད་ལ་ཁ་ལོ་བསྒྱུར་བའི་སྤྱི་ཚོགས་ངན་པར་ཟུར་ཟ་དང་འཕྱ་སྨོད་བྱས་ནས། འཚོ་བ་དངོས་འབྲི་བཞེངས་མཛད་རྒྱུ་རྒྱུན་བསྐྱངས་ནས་བུ་མོ་ཚོས་བརྩེ་དུང་རང་དབང་དང་ཕོ་མོ་འདྲ་མཉམ། སྤྱི་ཚོགས་ལ་ཟབ་ཞུགས་བྱ་རྒྱུའི་དབང་ཐང་འདྲ་མཉམ་སོགས་བརྗོད་ཡོད་། དེ་དག་ད་ལྟའི་བོད་ཀྱི་གནས་བབ་དང་མཐུན་པས་དཔྱད་པའི་དགོས་པ་ཆེ་བར་མཐོང་སྟེ། ངས་དེས་ཕྱོགས་ནས་རགས་ཙམ་གླེང་བར་བྱའོ༎
བརྡ་ཆད་གཙོ་བོ། ཁེངས་དྲེགས། ཕྱོགས་ཞེན། བརྐམ་ཆགས།
ནང་དོན་གནད་བསྡུས། འདིར་དབྱིན་ཇིའི་རྩོམ་པ་པོ་ཇན་ཨོ་སི་ཏིན་གྱིས་བརྩམས་པའི"ཁེངས་དྲེག་དང་ཕྱོགས་ཞེན"ཞེས་པའི་སྒྲུང་གཏམ་ལ་རགས་ཙམ་དཔྱད་པ་ཞེས་པར། རྩོམ་པ་པོ་ངོ་སྤྲོད་དང་། སྐབས་དེའི་མི་རྣམས་ཀྱིས་རྒྱུ་ནོར་དང་གཉེན་སྒྲིག་ལ་བཟུང་བའི་ལྟ་ཚུལ། དམངས་སྲོལ་དང་མི་སྣའི་སྣང་བརྙན་ཞིབ་འབྲི་བྱེད་ཐབས། སྤྱི་ཚོགས་འཚོ་བ་དང་གོམས་སྲོལ་གྱིས་བརྩམས་ཆོས་ལ་ཚུར་སྣང་ཐེབས་ཚུལ་སྐོར་གླེང་ཡོད་༎
ས་བཅད་དང་པོ། ཇན་ཨོ་སི་ཏིན་གྱིསབརྩམས་པའི"ཁེངས་དྲེགས་དང་ཕྱོགས་ཞེན''སྐོར་སྤྱིར་གླེང་བ།
༡ རྩོམ་པ་པོ་ངོ་སྤྲོད།
      ཇན་ཨོ་སི་ཏིན(1775-1817)ནི་དབྱིན་ཇིའི་བརྩམས་སྒྲུང་མཁན་གྲགས་ཆེན་ཞིག་ཡིན་ལ། ཧན་ཕོ་ཅོན་སི་ཏའི་བིན་ཏོན་དུ་སྐྱེས་ཤིང་ཨ་ཕ་ནི་འབྲོག་ཁུལ་གྱི་དགེ་རྒན་ཞིག་ཡིན། ཁོ་མོ་སློབ་གྲྭ་འགྲིམ་མ་ཐུབ་རུང་ཕ་མའི་མཛུབ་སྟོན་འོག་རྩོམ་ཡིག་མང་པོ་ཞིག་ཀློག་མྱོང་ལ། ལོ་ན་ཉི་ཤུ་ཡས་མས་ནས་རྩོམ་ཡིག་འབྲི་མགོ་བརྩམས། ཚེ་གང་བོར་བརྩམས་སྒྲུང་རིང་ཐུང་དྲུག་ལྷག་བརྩམས་ཡོད། ཁོ་མོ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་སྤྱིར་བཏང་གི་མང་ཚོགས་ཤིག་གི་ཕྱག་རྩེ་ལས་དེང་རབས་ལ་ཁ་ཕྱོགས་མཁན་ཞིག་ཡིན་ལ། དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་པ་ནི་ཁོ་མོའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་གསར་རྩོམ་གནང་པའི་མཐོ་རླབས་རེད།
༢ ནང་དོན་གཙོ་བོ།
      ཇན་ཨོ་སི་ཏིན་གྱི་བརྩམས་ཆོས་སྔ་ཤོས"ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པ་ནི་ཕོ་མོའི་བརྩེ་དུང་བརྗོད་པའི་རྩོམ་ཡིག་ཅིག་ཡིན་ལ། དེ་གཉེན་སྒྲིག་བྱེད་སྟངས་གསུམ་གྱིས་བྲིས་སྟེ། དེ་ལས་དགའ་བ་རང་དབང་དང་། མི་གཤིས་རང་དབང་གི་བུ་མོའི་འདུ་ཤེས་ཀྱི་རྟོགས་སད། ཁྱིམ་ཚང་གི་རྒྱབ་ལྗོངས་དང་མི་སྒེར་གྱི་ཉམས་མྱོང་གིས་ཁོ་མོའི་བསམ་བློ་དང་འབྲི་རྩོམ་གྱི་རིན་ཐང་རྟོགས་འོང་ལ། རྩོམ་ཡིག་ཁྲོད་སྐབས་དེའི་དབྱིན་ཇིའི་ཞིང་གྲོང་གི་འཚོ་བའི་གོམས་སྲོལ་རྣམས་ཤེས་ཐུབ། དེའང་རྒྱུ་ནོར་གྱི་ངོ་བོ་གཉེན་སྲོལ་དང་གོ་ས། ཁྱིམ་ཚང་གི་གནས་ཚུལ་སོགས་ནི་སྐབས་དེའི་གཉེན་སྒྲིག་གི་གདམ་ག་གཙོ་བོ་ཡིན་པའི་སྤྱི་ཚོགས་ཀྱི་ངོ་བོ་དེ་རྗེན་པར་བཏོན་ཡོད། ཇན་ཨོ་སི་ཏིན་ནི་དབྱིན་ཇིའི་བརྩམས་སྒྲུང་མཁན་གྲགས་ཆེན་ཞིག་ཡིན་ལ། མི་ཚེ་གང་བོར་གཉེན་མ་བསྒྲིགས་ཀྱང་། གཉེན་སྒྲིག་ནི་ཁོ་མོའི་རྩོམ་རིག་གསར་རྩོམ་གྱི་བརྗོད་སྙིང་གལ་ཆེན་ཞིག་རེད། དུས་རབས་བཅོ་བརྒྱད་པའི་ནང་། དབྱིན་ཇིའི་རྒྱུ་ནོར་གཉེན་སྒྲིག་གི་ཆ་རྐྱེན་གཙོ་བོ་དང་། སྲོལ་རྒྱུན་རིན་ཐང་ལྟ་ཚུལ་གྱིས་སྤྱི་ཚོགས་ཀྱིས་གོ་གནས་གཏན་འཁེལ་བྱས་ཡོད། གཉེན་སྒྲིག་གི་ཁྱད་ཆོས་གཙོ་བོ་ནི་ཆེས་རྩ་བའི་ཆ་རྐྱེན་བརྩེ་དུང་དང་། རྒྱུ་ནོར་ནི་བདེ་སྐྱིད་ཀྱི་འཚོ་བའི་རྒྱུན་སྐྱོང་བའི་རྨང་གཞི་ཡིན། ཁོ་མོའི་ཚབ་མཚོན་རྩོམ་ཡིག"ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པ་ནི་གཞོན་ནུ་ཕོ་མོ་རེ་འགའི་གཉེན་སྒྲིག་དང་འབྲེལ་ཏེ་མོ་རང་གི་ལྟ་ཚུལ་བྲིས་ཡོད་པ་ཞིག་ཡིན། རྩོམ་ཡིག་འདིའི་ནང་མཱ་སི་ལའོ་ཡི་དགོས་ངེས་རིམ་པའི་གཞུང་ལུགས་དབྱེ་ཞིབ་ཐབས་སྤྱད་དེ"ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པའི་ནང་གི་གཞོན་ནུ་ཕོ་མོ་ཟུང་གསུམ་གྱི་གཉེན་སྒྲིག་ལྟ་ཚུལ་དེ། བཱས་ཧན་དང་ལིའེ་ཏེ་ཡཱ་ཡི་དགོས་ངེས་སྐྱེ་མཚར་རིམ་པའི་མཐུན་འཇུག་དང་དྭངས་གཙང་། གློ་བུར་བ། ཧི་སི་ལིན་དང་ཞཱ་ལོའུ་ཏི་ཡི་གཉེན་སྒྲིག་གི་གཞི་མ་ནི་དགོས་ངེས་སྐྱེ་མཚར་དང་དགོས་ངེས་བདེ་འཇགས་གྱི་རེ་འདུན། ཡེ་ལེ་ཧྲ་པེ་དང་ད་ཞེ་ཡི་གཉེན་སྒྲིག་གོ་རིམ་ནི་བརྩེ་དུང་བརྩི་བཀུར་གཅིག་འདྲེས་ཀྱིས་རང་ཉིད་མངོན་འགྱུར་གྱི་དགོས་ངེས་ཡིན་པ་བསྟན་ཡོད་ལ། གཉེན་སྒྲིག་མི་འདྲ་བ་ལས་ཐད་ཀར་དུ་ནང་གི་རྒྱུ་རྐྱེན་དང་དགོས་ངེས་ཀྱི་རིམ་པའི་བར་ཐག་མཚོན་ཡོད། རྩོམ་ཡིག་ཏུ་རིགས་གཙོ་བོ་ལྔ་རུ་དབྱེ་ཡོད་ལ། ཇན་ཨོ་སི་ཏིན་གྱི་འཚོ་བའི་རྒྱབ་ལྗོངས་དང་མཱ་སི་ལའོ་ཡི་དགོས་ངེས་རིམ་པའི་གཞུང་ལུགས་སྤྱད་དེ"ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པའི་བརྩམས་སྒྲུང་ནང་གི་གཞོན་ནུ་ཕོ་མོ་ཟུང་གསུམ་གྱི་གཉེན་སྒྲིག་ལྟ་ཚུལ་ལ་དབྱེ་ཞིབ་བྱས་ཏེ། བརྩེ་དུང་རྨང་གཞི་ཡིན་པའི་གཉེན་སྒྲིག་ལ་བདེ་སྐྱིད་ལྡན་ཞིང་། རྒྱུ་ནོར་དང་དབང་ཐང་གི་གཉེན་སྒྲིག་ལ་བདེ་སྐྱིད་མེད་པ། རྒྱུ་ནོར་དང་གོ་གནས་ཀྱིས་གཉེན་སྒྲིག་ལ་ཤུགས་རྐྱེན་ངན་པ་བཟོ་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་། མདོར་དྲིལ་ན་རྒྱུ་ནོར་དང་དབང་ཐང་གིས་གཉེན་སྒྲིག་ལ་མཐའ་གཅིག་ཏུ་བཀོད་སྒྲིག་མི་བྱ་རྒྱུ་བསྟན་ཡོད་པ་བརྗོད་པར་འདོད་དོ༎
ས་བཅད་གཉིས་པ། སྐབས་དེའི་མི་རྣམས་ཀྱིས་རྒྱུ་ནོར་དང་གཉེན་སྒྲིག་ལ་བཟུང་བའི་ལྟ་ཚུལ་སྐོར་གླེང་བ།
      "ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པ་བརྩེ་དུང་དང་གཉེན་སྒྲིག་བརྗོད་གཞི་ཡིན་པའི་བརྩམས་སྒྲུང་ཞིག་རེད། འདིའི་ནང་མི་སྣ་གཙོ་བོ་ཡེ་ལེ་ཧྲ་པེ་དང་ད་ཞེ་ཡི་ཁེངས་དྲེགས་དང་ཕྱོགས་ཞེན་གྱིས་ཁྱེར་པའི་བརྩེ་དུང་གཙོར་བཟུང་ནས་གཉེན་སྒྲིག་གི་རྣམ་པ་བཞི་བརྗོད་ཡོད་ལ། དེ་ནི་ཡེ་ལེ་ཧྲ་པེ་དང་ད་ཞེ། ཅེ་ཡིན་དང་པེན་ལེ། ལེ་དེ་ཡ་དང་བཱས་ཁུག་མཱའོ། ཞཱ་ལོ་ཏཱས་དང་ཧི་ལེན་སི།ཡེ་ལེ་ཧྲ་པེ། ཇན་དང་ལེ་དེ་ཡ་ནི་པེ་ནཱ་ཐིག་ཚང་གི་བུ་མོ་ལྔའི་ནང་གི་སྤུན་མཆེད་གསུམ་ཡིན། ཞཱ་ལོ་ཏཱས་ནི་ཁོ་ཚང་གི་ཁྱིམ་མཚེས་ཡིན་ལ།ཡེ་ལེ་ཧྲ་པེ་ཡི་གྲོགས་པོ་ཡིན། མི་སྣ་གཙོ་བོ་ད་ཞེ་དང་པེན་ལེ་གཉིས་་གྲོགས་པོ་བཟང་པོ་ཡིན་པ་དང་བཱས་ཁུག་མའོ་དང་ལྷན་དུ་མཚར་ལོངས་བྱུང་། ཧི་ལེན་སི་པེ་ནཱ་ཐིག་གི་རྒྱང་རིང་ན་ཡོད་པའི་ཤ་ཉེ་ཞིག་ཡིན། སྐབས་དེར་ས་དེའི་ཁྲིམས་སྲོད་ལྟར་ན། པེ་ནཱ་ཐིག་འདས་རྗེས་རྒྱུ་ནོར་ནི་རྒྱང་རིང་གི་ཤ་ཉེར་སྤྲོད་དགོས་པས་བུ་མོ་ལྔ་བོ་རྒྱུ་ཆེན་ཞིག་དུ་གནས་ལ་འགྲོ་རྒྱུ་ནི་པེ་ནཱ་ཐིག་གི་ཆུང་མའི་སེམས་འདུན་ཉག་ཅིག་རེད། པེན་ལེ་ནི་ཕྱུག་བདག་ཅིག་གི་བུ་ཡིན་ལ། པེ་ནཱ་ཐིག་ཚང་གི་འདབས་ཀྱི་གཞིས་ཀ་ཞིག་གླས་ནས་ཡོད་པས་མི་མང་གི་ལྟ་ས་དང་ཉན་ས་ཡིན་ལ། མ་འགོར་བར་མཛེས་ཤིང་ཡིད་དུ་འོང་བའི་བུ་མོ་ཇན་དང་དགའ་ས་སྒྲིག་པེན་ལེ་གྱི་གྲོགས་པོ་ད་ཞེ་ཡིས་ཡེ་ལེ་ཧྲ་པེ་ལ་ཐབས་ཅི་རིགས་ཀྱིས་དགའ་བའི་རྣམ་འགྱུར་བསྟན། ཡིན་ཡང་། ཐེངས་ཤིག་གི་གར་ཚོགས་སྟེང་ཡེ་ལེ་ཧྲ་པེ་མི་དགའ་བས་དང་ལེན་བྱེད་འདོད་མེད་པ་བསྟན་ལ། དེ་དང་བསྟུན་ནས་བཱས་ཁུག་མོའུ་ཡིས་ཡེ་ལེ་ཧྲ་པེབཤད་གྱུར། ཁོ་ནི་གཞིས་ཀའི་མགོ་བའི་བུ་ཡིན་ལ་ད་ཞེ་དང་མཉམ་དུ་ལག་ཆགས། ད་ཞེ་ཡིས་ཡེ་ལེ་ཧྲ་པེའི་ཨ་མ་དང་ནུ་མོ་ཚོའི་འགལ་རྐྱེནགྱིས་དབང་གིས་ཇན་དང་པེ་ལེ་གཉིས་མི་འཐོར་བར་ཁ་ལ་བྱས། ཡིན་ཡང་། མཇུག་མཐར་སོ་སོར་གྱེས་སོང། དེ་མི་ཚད་རྒྱུ་ནོར་ངོམ་སྟེ་ཅིས་ཀྱང་པེ་ནཱ་ཐིག་ཚང་གི་བུ་མོ་ལྔའི་ནང་གི་གཅིག་ཆུང་མ་ལེན་དགོས་བསམ། དེ་བས་ཁོས་ཀྱང་ཡེ་ལེ་ཧྲ་པེ་བཤད། དེའི་དང་ལེན་མ་བྱས་པས་མྱུར་དུ་ཞཱ་ལོ་ཏཱས་ལ་བཤད། དེ་ཡིས་དང་ལེན་བྱས་ཤིང་ཡེ་ལེ་ཧྲ་པེ་ཁོང་གཉིས་ཀྱི་མགྲོན་དུ་ཕེབས། དེ་དུས་ད་ཞེ་མཐོང་ཞིང་སྔོན་ཆད་ཁེངས་དྲེགས་ཀྱི་རྣམ་པས་རེ་བ་བཏོན་པ་དང་ཁོ་མོའི་སྡང་སེམས་དང་ཁོང་ཁྲོའི་དང་ལེན་མ་བྱས་པ་དྲན་འོང་། ཡིན་ཡང་། ད་ཞེ་ཡིས་འཕྲིན་ཡིག་བྲིས་ཏེ་སྔོན་གྱི་བྱས་ཉེས་མཐའ་དག་་ལ་འགྱོད་བཤགས་བྱས་པས་ཡེ་ལེ་ཧྲ་པེས་ཕྱོགས་འཛིན་གྱི་བསམ་བློའང་མེད་པར་གྱུར། ཡེ་ལེ་ཧྲ་པེ་ཕྱི་ལ་ལྟ་སྐོར་དུ་འགྲོ་དུས་ད་ཞེའི་གླིང་ཀར་བརྒྱུད་ནས་སོང་ལ། ནང་དུ་འགྲོ་དུས་ད་ཞེ་མེད་པར་བསམ་ནས་མོས་ལྟ་སྐོར་བྱས། སྐབས་དེར་ད་ཞེ་ཐོན་པས་ཁོ་མོའི་ཅི་བྱེད་མ་ཤེས་པར་བསྡད་ཚེ། ད་ཞེ་ཡིས་སྙིང་ཉེ་ཉེ་དང་གུས་གུས་ཞུམ་ཞུམ་གྱིས་མགྲོན་བསུ་བྱས། དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་བའི་དུས་མགོར་སྔོན་གྱི་བརྩམས་སྒྲུང་འབྲི་སྟངས་ལས་ཇན་ཨོ་སི་ཏིན་གྱི་སྨྱུག་རྩེ་དབྱིན་ཇིའི་ཞིང་གྲོང་གི་འཚོ་བ་ངོ་མར་ཁ་ཕྱོགས་པས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ལ། ཀློག་མཁན་མང་པོས་དགའ་བསུ་ཐོབ། དེ་ལས་ཀྱང་ཀྲུང་གོའི་ཀློག་པ་པོ་མང་པོས་དགའ་བསུ་ཐོབ་པ་ནི"ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པའི་བརྩམས་ཆོས་འདི་ཡིན་ལ། ཁོ་མོའི་བརྩམས་ཆོས་མང་ཤོས་ཀྱི་བརྗོད་བྱ་ནི་གཉེན་སྒྲིག་ཡིན་ལ། དེ་ལས་ཀྱང་མི་སྣ་གཙོ་བོ་མོ་གང་དེ་འབྲི་བཞེངས་བྱས་པ་ཧ་ཅང་ལེགས་ཤིང་། དེལས་ཀྱང་མ་ཡིག་འདི་ནིཁ་བྱང་དང་འབྲེལ་ནས་བྲིས་པ་ཤིན་ཏུ་བཟང་པོ་འདུག བརྩམས་ཆོས་འདིའི་མགོ་བརྩམས་མ་ཐག་དུས་རབས་དེའི་ངོ་གདོང་ལྷང་ངེར་ཕུད་དེ་རྒྱུ་ནོར་དང་གོ་གནས་ཀྱིས་ཡོད་ཚད་ལ་ཁ་ལོ་བསྒྱུར་བའི་དུས་རབས་དེར། ཁེངས་དྲེགས་ཆེ་བའི་ད་ཞེ་ཡིས་ཡེ་ལེ་ཧྲ་པེ་དང་ལེན་མ་བྱས་པ་དང་། ས་ནས་གུས་ཞུམ་བྱ་དུས་ད་གཟོད་དང་ལེན་བྱས་པ་བརྗོད་དེ་མི་ནི་འདྲ་མཉམ་ཡིན་པའི་འདུ་ཤེས་ཀྱི་དཔུང་བསྐྱེད་ནས་རང་ཚུགས་སྲུང་འཛིན་བྱས་ན་ག་དུས་ཀྱང་དོན་དག་འགྲུབ་པ་བརྗོད་ཡོད། ཡིན་ཡང་། མོ་སྒོ་མེད་པའི་བུ་མོ་ཞིག་ལ་མཚོན་ན་བཟའ་ཟླ་བཟང་པོ་ཞིག་འཚོལ་རྒྱུ་ནི་དཀའ་མོ་ཞིག་སྟེ། ཇན་ནི་བརྩམས་སྒྲུང་ནང་གི་བུ་མོ་མཛེས་མ་གང་དེ་མོ་ལོ་ཉེར་གསུམ་དུ་ལོན་དུས་ད་དུང་དགའ་རོགས་མེད་པ་དང་། ལེན་ཐུག་ལེ་ཡི་བརྩེ་བ་ཐོབ་ཀྱང་ཁྱིམ་མིའི་འདུ་ཤེས་ངན་པའི་རྐྱེན་སོགས་ཀྱིས་ཅུང་ཟད་མིན་ན་བདེ་སྐྱིད་འཕྲོག་སོང་བ་སོགས་དཔེ་ཅི་རིགས་ཀྱིས་མི་སྣའི་སྐད་ཆའི་ཞིབ་བརྗོད་ལ་བརྟེན་ཏེ་སྤྱི་ཚོགས་གང་དེའི་ངོ་བོ་དང་ཆོས་ཉིད། གོམས་སྲོལ་སོགས་མཚོན་ཆེད་སྨྱུ་གུའི་ཞབས་རྗེས་འཐག་ནས་དབྱིན་ཇིའི་སྐབས་དེའི་བུ་མོ་ཚོའི་གཉེན་སྒྲིག་གི་འདོད་པ་དང་མི་མང་གི་དངོས་ཡོད་འཚོ་བའི་ཉིན་སྲིབ་རེ་རེ་ཇི་མ་ཇི་བཞིན་དུ་བྲིས་ཡོད།
ས་བཅད་གསུམ་པ།  གཉེན་སྒྲིག་བྱེད་སྟངས་དང་མི་སྣའི་སྣང་བརྙན་ཞིབ་འབྲི་བྱེད་ཐབས་སྐོར་གླེང་བ།
      ཇན་ཨོ་སི་ཏིན་གྱིས་མི་སྣ་གཙོ་བོ་དེ་གནས་ལ་འགྲོ་རྒྱུ་ཁོ་ན་བསམས་པ་མིན་ལ། མ་གཞིར་ཁོ་མོའི་དགའ་རོགས་དང་གཉེན་སྒྲིག་གི་བརྒྱུད་རིམ་ཁྲོད་བུ་མོ་ཞིག་ལ་མཚོན་ན་ངོ་མའི་བདེ་སྐྱིད་ནི་ཅི་ཞིག་ཡིན་པ་བརྗོད་རྒྱུ་དེ་ཡིན་ལ། "ཁེངས་དྲེགས་་དང་ཕྱོགས་ཞེན"ཞེས་པའི་ནང་གཉེན་སྒྲིག་བྱེད་སྟངས་བཞི་བྲིས་ཡོད་ལ། དེ་བསྡུས་ན་རིགས་གསུམ་དུ་གཏོགས། རིགས་དང་པོ་ནི་རྒྱུ་ནོར་གཙོ་བོའི་གཉེན་སྒྲིག་སྟེ། ཚབ་མཚོན་མི་སྣ་ནི་ཞཱ་ལོ་ཏི་དང་ཧི་ལེན་སི། ཞཱ་ལོ་ཏི་ནི་སྐྱེས་གཟུགས་མཛེས་ཤིང་ཡིད་དུ་འོང་བ། འཕྱོར་སྒེག་ལྡན་པ་ཞིག་མིན་ཀྱང་མོ་ལོ་ཉེར་བདུན་བར་གཉེན་མ་སྒྲིགཁོ་མོ་ནི་ཤེས་ཡོན་དང་འཇོན་ཐང་ལྡན་ལ་མཐོང་རྒྱ་ཆེ་བ་ཞིག་ཡིན། འོན་ཀྱང་། སྤྱི་ཚོགས་དེའི་ནང་ཕྱུག་པོ་ཚོ་རྒྱུ་ནོར་རྐྱང་བའི་ངོས་ནས་འགྲན་ཐུབ་མེད། ཧི་ལེན་སི་ནི་གླེན་པ།རྒྱུ་འབྱོར་ཅུང་འཛོམས་པོ་ཡོད་མཁན་ཞིག་ཡིན། དེ་བས་ཞཱ་ལོ་ཏི་ཡིས་རྒྱུ་ལ་བལྟས་ཏེ་གཉེན་སྒྲིག་དང་ལེན་བྱས་ཤིང་། དེ་ནི་ཧི་ཚང་ལ་མཚོན་ན་ཁྱིམ་གྱི་རྒྱན་ཡིན། ཡིན་ཡང་དེ་ནི་ཡེ་ལེ་ཧྲ་པེ་ཡིས་ཧ་ཅང་འཚམ་པོ་ཞིག་མིན་པར་བསམས་ཏེ། རྒྱུ་མཚན་ནི་འདི་འདྲའི་བུ་མོ་ཤེས་ཡིན་ཅན་ཞིག་གིས་ཚེ་སྨད་ནི་ཁྱོ་ག་གླེན་པ་ཞིག་དང་འགྲོགས་ཏེ་མི་ཚེ་བསྐྱལ་བ་ཡིན། འདི་ནི་རྩོམ་པ་པོའི་འདོད་ཚུལ་ཀྱང་རེད།རིགས་གཉིས་པ་ནི་འདོད་སྲེད་དམ་བརྐམ་ཆགས་གཙོ་བོའི་གཉེན་སྒྲིག་སྟེ། རྩོམ་པ་པོས་མཐོང་ཆུང་བྱས་ཡོད། རྒྱུ་མཚན་ནི་ལཱས་ཏེ་ཡ་གཞོན་དུས་ནས་འདི་ལ་མགོ་འཁོར་བས་ཤེས་རིག་མེད་པའི་གླེན་མ་ཞིག་ཡིན། དེ་དུས་བཱས་ཧན་དང་འབྲེལ་བ་བཟུང་ལ། འདི་ཡིས་ཁོ་ཚང་ལ་་ངོ་ཚ་བསྐྱལ་འོང་། བཱས་ཧན་ནི་འཁྱལ་བོ་ཞིག་དང་སྤྱོད་པ་མི་བཟང་བ། རྒྱུ་ནོར་ཁོ་ན་བསམ་པ་དང་གཉེན་སྒྲིག་ནི་རྒྱལ་འཇོག་བྱེད་ཙམ་དུ་བསམ་མཁན་ཞིག་ཡིན། དེ་བས་བུ་མོའི་ཁྱིམ་ཚང་གི་སྙན་གྲགས་སྨད་ཅིང་ཁོ་མོའི་བདེ་སྐྱིད་ལ་མཇུག་འབྲས་མེད་པ་ཞིག་རེད། རིགས་གསུམ་པ་ནི། དོན་ངོ་མའི་བརྩེ་དུང་རྨང་གཞི་ཡིན་པའི་གཉེན་སྒྲིག་རིགས་ཤིག་སྟེ། གཉེན་སྒྲིག་འདི་འདྲ་ཐོབ་ཐུབ་པ་དཀའ་ལ། ཐོབ་སོང་ན་ཚེ་གང་བོར་ཕྱོགས་གཉིས་གའི་བདེ་སྐྱིད་ཀྱིས་འཚོ་བ་རོལ་ངེས་ཡིན། ཅེ་ཡིན་ནི་མཛེས་ཤིང་ཡིད་དུ་འོང་བ་དང་། སེམས་བཟང་བ་རྒྱུད་འཇམ་པ། པེན་གུ་ལེ་ནི་རྒྱུད་འཇམ་ཞིང་བཀུར་བསྟི་ཡོད་པ་ཞིག་ཡིན་པས་བར་ཆད་གང་གིས་ཀྱང་མ་ཁོག་པར་འགྲིག་མཐུན་བྱུང་སོང་། ཡེ་ལེ་ཧྲ་པེའང་དོན་དེར་དགའ་བ་བྱུང་ལ་སྔོན་ཆད་ད་ཞེ་ཡི་ཁེངས་དྲེགས་དང་རང་སེམས་ཀྱི་ཕྱོགས་འཛིན་ཡུན་གྱིས་ཉམས་པར་བྱས་ཤིང་། སྤུན་ཆུང་མའི་འདོད་སྲེད་དང་བརྐམ་ཆགས་ཀྱི་གཉེན་སྒྲིག་ལས་ལྟ་ཚུལ་འགྱུར་བས། བརྩེ་དུང་གི་དེ་ཉིད་རྟོགས་ཤིང་བདེ་སྐྱིད་ཀྱི་ངོ་བོ་ཤེས་བྱུང་། དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་རྣམ་འགྱུར། བསམ་གཞིག་ཁོ་ནའི་རྩོམ་རིག་འབྲི་བ་ལས། ཁོ་མོའི་རྩོམ་ཡིག་ནི་དངོས་ཡོད་འཚོ་བར་གཞོལ་ལ། ཁོ་མོའི་རང་གི་མྱོང་རྟོགས་ཀྱི་འཚོ་བ་ལས་ཐོད་བརྒལ་མི་བྱེད་པར། སྨྱུག་འོག་གི་ཐིག་ཕྲེང་རེ་རེ་ལག་ལེན་དང་འཚོ་བ་དངོས་ལ་གདོང་གཏུགས་ཡོད། འདི་ནི་ཇན་ཨོ་སི་ཏིན་གྱི་བརྩམས་སྒྲུང་དྲུག་པོའི་ནང་ཞིང་ཁུལ་དེའི་ཁྱིམ་ཚང་རེ་འགའི་གླེང་མོལ་དང་གར་ཚོགས། ལྷན་ཟས། ལྟ་སྐོར། འཚམས་འདྲི་སོགས་འབྲི་བཞེངས་མཛད་པ་ལས་རྟོགས་ཐུབ་ལ།ད་དུང་དེའི་ནང་ཕོ་མོ་རྣམས་ཀྱིས་དགའ་གྲོགས་དང་གཉེན་སྒྲིག་བྱེད་སྟངས་མཚོན་པ་མ་ཟད། ཁོ་མོའི་རང་རྩོམ་ནི་བ་སོ་སྟེང་ལ་དལ་མོའི་ངང་ཞིབ་ཚགས་ཀྱིས་རི་མོ་འབྲི་བ་ཡིན་ཞེས་བརྗོད་ཡོད་པའོ༎
      "ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པ་ནི་ཇན་ཨོ་སི་ཏིན་གྱི་བརྩམས་སྒྲུང་སྔ་ཤོས་ཤིག་ཡིན་ལ། མ་རྩོམ་ནི་སྤྱི་ལོ1979ལོར་བྲིས་ཚར་ལ་དེ་དུས་མོ་ལོ་ཉེར་གཉིས་ཡིན། ཁོ་མོ་སྔ་རྗེས་སུ་གནས་མི་འདྲ་བ་གསུམ་ནས་བསྡད་མྱོང་ལ། དེ་ལས་གནས་གཉིས་ནི་ཞི་འཇགས་ཀྱི་ཡུལ་ཚོ་ཞིག་ཡིན་ལ་དེར་བརྩམས་སྒྲུང་གསུམ་བྲིས་པ་དང་། པཱ་སི་ནི་ཡུལ་དེ་དག་ལས་ཁོ་མོ་འཚོ་སྡོད་བྱས་པའི་གནས་མིང་གྲགས་ཅན་ཞིག་ཡིན་ལ། སྐབས་དེར་ཁོ་མོའི་གསར་འབྲི་བྱེད་མཚམས་བཞག་སྟེ། བྲིས་ཟིན་པར་དག་བཅོས་བྱས། ཁོ་མོར་མཚོན་ན་བདེ་སྐྱིད་ཀྱི་འཚོ་བ་རོལ་ས་ནི་ཞིང་ཁུལ་ཡིན་ལ།ཞིང་ཁུལ་ནི་ཁོ་མོའི་བརྩམས་ཆོས་ཀྱི་འབྱུང་ཁུངས་ཡིན། ཁོ་མོའི་བརྩམས་ཆོས་གང་མང་དབྱིན་ཇིའི་ཞིང་གྲོང་གི་འཚོ་བའི་གོམས་སྲོལ་དང་མི་མང་གི་དོན་དག་སྣ་ཚོགས་དང་ཁ་འབྲལ་ཐབས་མེད། དེ་བས་ཁོ་མོའི་འདུ་ཤེས་ནི་རྩོམ་ཡིག་ཁོ་ནའི་སྟེང་ནས་མངོན་པ་མིན་ལ། དབྱིན་ཇིའི་ཞིང་གྲོང་གི་སྤྱི་ཚོགས་ཁྲོད་དུ་མངོན་སུམ་འཛེམ་མེད་ཀྱིས་མངོན་ཡོད་པ་ཞིག་རེད། ཁྱིམ་ཚང་གི་རྒྱབ་ལྗོངས་དང་འཚོ་བའི་མྱོང་རྟོགས་ཀྱིས་རྩོམ་ཡིག་ལ་ཤུགས་རྐྱེན་ཐེབས་པ། རྩོམ་པ་པོའི་ཁྱིམ་རྒྱུད་ནི་ཁེ་ལས་པ་ཞིག་ཡིན་ལ། ཞིང་ཁུལ་དང་འབྲོག་པའི་ལུག་བལ་ཉོ་འཚོང་བྱེད་པའི་ཚོང་ལས་པ་ཞིག་ཡིན་པས།ཚོང་ལས་ཀྱི་ལས་དོན་གཉེར་ཏེ་ཁྱིམ་རྒྱུད་མུ་ནས་མུར་སྤེལ་ནས་ཡོང་བ་ཞིག་རེད། ཇན་ཨོ་སི་ཏིན་ནི་ལྷག་བསམ་རྣམ་དག་གིས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་ལ། ཁོ་མོའི་རང་སྟེང་ནས་སྤྱི་ཚོགས་ཀྱི་ཟུར་དང་ངོས་མི་འདྲ་པ་མང་པོ་ཞིག་བརྒྱུད་ནས་ཉམས་མྱོང་དང་བསླབ་བྱ་མང་པོ་ཞིག་བླངས་ཡོད། དེ་ལས་ཀྱང་ཁོ་མོར་མི་ཚེའི་རིན་ཐང་ལྟ་ཚུལ་ཁྱད་པར་བ་ཞིག་སྐྱེས་ཡོད་ལ། འཇིག་རྟེན་སྟེང་མི་དང་མིའི་བར་གྱི་བརྩེ་བ་ནི་ཆེས་འགང་ཆེན་ཞིག་ཁོ་མོའི་མི་ཚེའི་ལྟ་ཚུལ་ཁྲོད། རྒྱུ་ནོར་དང་ཐོབ་ཐང་། སྙན་གྲགས་སོགས་ལ་བརྟེན་ཏེ་གཉེན་སྒྲིག་བྱེད་པ་ནི་མི་ལེགས་པའི་བྱ་སྤྱོད་ཅིག་ཡིན་པ་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་ཡིན་ལ། དེ་ལྟར་བཤད་ཚེ་ཁོ་མོ་སྒོར་མོ་གསོག་རྒྱུར་མཐའ་གཅིག་ཏུ་མི་དགའ་བ་མ་ཡིན་ཏེ། ཁོ་མོའང་རང་གི་ལག་པར་བརྟེན་ནས་སྒོར་མོ་གསོག་པར་དགའ་ལ་གཞན་ལ་བརྟེན་ནས་གསོག་པར་མི་སྤྲོ། འདི་ལས་སྒོར་མོ་ནི་སུས་ཀྱང་རང་སྟོབས་ཀྱིས་བཙལ་ན་རྙེད་སྲིད་པའི་དངོས་པོ་ཞིག་ཡིན་པ་དང་། དེ་ནི་སུས་ཀྱང་དཀའ་སྤྱད་འབད་བརྩོན་གྱི་གྲུབ་འབྲས་ཡིན་པ་ལས་དེའི་ཕྱིར་དུ་བརྩེ་བ་དོར་མི་རུང་ཤུགས་ནས་བརྗོད་ཡོད་པར་སེམས། ཁོ་མོའི་རྒྱུན་དུ་འཚོ་བའི་ཁྲོད་རང་ཉིད་ཀྱི་འདོད་སྲེད་དང་བརྐམ་ཆགས་ལ་རང་གིས་ཚོད་འཛིན་བྱ་དགོས་པ་དང་། མི་གཞན་གྱི་བརྩེ་སེམས་རྨེག་མེད་དུ་གཏོང་མི་རུང་བར་བསམ་ནས། "ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པའི་སྒྲུང་གཏམ་འདིའི་ནང་དུའང་ལེ་དེ་ཡ་ཡི་འདོད་སྲེད་ཀྱི་བྱུང་བ་དང་མཇུག་འབྲས་བརྒྱུད་ནས་རྩོམ་པ་པོའི་ལྟ་ཚུལ་མཚོན་ཡོད། ཇན་ཨོ་སི་ཏིན་གྱིས་བརྩེ་དུང་དང་བདེ་སྐྱིད་ཀྱི་འབྲེལ་བ་ནི་མོ་ལོ་ཉེར་བདུན་གྱི་བུ་མོ་གང་དེའི་གཉེན་སྒྲིག་དང་འབྲེལ་ནས་བརྗོད་ཡོད་ལ། བརྩམས་སྒྲུང་འདིའི་བརྗོད་གཞི་གལ་ཆེན་གང་དེ་ཞིབ་ཆ་ལྡན་པ་ཞིག་ཤེས་པར་འདོད་ན་བརྩམས་སྒྲུང་དེར་གཟིགས་དང་རྟོགས་ངེས་རེད།
ས་བཅད་བཞི་བ། སྤྱི་ཚོགས་འཚོ་བ་དང་གོམས་སྲོལ་གྱིས་བརྩམས་ཆོས་ལ་ཚུར་སྣང་ཐེབས་ཚུལ་སྐོར་གླེང་བ།
      དུས་རབས་བཅོ་བརྒྱད་པའི་དུས་སྨད་ལ། དབྱིན་ཇིར་བཟོ་ལས་གསར་བརྗེ་བྱུང་ཞིང་། འབྱོར་ལྡན་གྲལ་རིམ་གྱི་འཕྲུལ་ཆས་ཐོན་སྐྱེད་ཆེན་མོས་སྲོལ་རྒྱུན་ལག་རྩལ་གྱི་ཚབ་མཚོན་བྱས། དེ་བས་བུ་མོ་ཚོ་བཟོ་ལས་ཐོན་སྐྱེད་ཀྱི་སྒོར་ཕྱིར་དེད་དེ། དེ་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་ཁྲོད། སྐྱེས་པ་ཚོ་དམག་འཁྲུག་ལ་ཆས་པ་དང་། དེ་ནས་བཟུང་བུ་མོ་ཚོའི་གོ་གནས་མར་ལྷུང་སྟེ་གནས་ལ་མ་སོང་བའི་བུ་མོ་ཚོ་ཚོང་ལས་དང་ཁྱིམ་གྱི་དགེ་རྒན་དང་མེ་ཏོག་མ་བླངས་པར་རྒལ་བར་གཉེན་སྒྲིག་པ་གསུམ་མོ༎ ཁྱིམ་གྱི་དགེ་རྒན་ནི་དཀའ་ངལ་ཆེ་བ་དང་གླ་ཉུང་བ། སྤྱི་ཚོགས་སྟེང་གོ་གནས་དམའ་བ།མིའི་མིག་ནང་དུ་མེད་པ་ཞིག་རེད། ཚེ་གང་བོར་མེ་ཏོག་མི་སྟེར་བར་འདུག་རྒྱུའང་ལས་སླ་མོ་ཞིག་མ་རེད། དེ་ལ་ཨ་མས་ཀྱང་བདག་ནི་དབུལ་ཁྱིམ་གྱི་མོ་རྐྱང་ཞིག་བྱ་མི་འདོད། མི་མང་གི་མཐོང་ཆུང་དང་བརྙས་བཅོས་ཉོ་དགོས། ཕྱུག་ཁྱིམ་གྱི་མོ་རྐྱང་ཞིག་ཡིན་ཚེ་ཀུན་གྱིས་བརྩི་བཀུར་ཐོབ་པས་འཚོ་བར་སྤྲོ་སྣང་ཡོད་ཅེས་པའི་སྐད་ཆ་འདི་ལས་ལམ་གང་ཞིག་བཟང་བ་གསལ་བོར་མཚོན་ཡོད། གཞན་ཇན་ཨོའོ་སི་ཏིན་གྱིས་སྐབས་དེའི་སྤྱི་ཚོགས་ནི་ས་ཞིང་སྒེར་དབང་ལམ་ལུགས་ཡིན་ལ། ས་ཇི་ལྟར་ཆེ་ན་གོ་ས་ཡང་དེ་ལྟར་ཐོབ་རྒྱུ་ཡོད་ལ་རྒྱུ་འབྱོར་བ་ཡངའཛོམས། ཡིན་ཡང་། བུ་མོ་ཁྱིམ་གྱི་རྒྱུ་ནོར་བདག་དབང་མཛད་པས་དབང་ཆ་མེད་པས་ཅིས་ཀྱང་སྐྱེས་པར་ཁ་འབྲལ་ཐབས་མེད། ཡང་གཅིག་བཤད་ན། གཉེན་སྒྲིག་ནི་འཚོ་བ་རོལ་ཐབས་གལ་ཆེན་ཞིག་ཡིན་པས་སྒོར་མོ་མེད་པའི་མོ་རྐྱང་ཞིག་ལ་མཚོན་ན་འཚོ་བ་རོལ་རྒྱུའང་ཁག་པོ་འདུག་པས། སྐབས་དེའི་བུ་མོ་ཚོའི་གཉེན་སྒྲིག་གི་གདམ་ག་ནི་དངོས་ཡོད་འཚོ་བའི་ཁྲོད་དུ་རང་གི་ཚེ་སྲོག་བསྲིང་བའི་ཐབས་ལམ་ཞིག་ཏུ་སེམས། ང་ཚོས"ཁེངས་དྲེགས་དང་ཕྱོགས་ཞེན"་ཞེས་པའི་ནང་གཞོན་ནུ་ཕོ་མོ་ཚོ་ངོ་ཤེས་པ་དང་། དགའ་རོགས་སྒྲིག་པ། གཉེན་སྒྲིག་སོགས་ལས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་རྟོགས་ཐུབ།མ་རྩ་ཅན་གཙོ་བོ་ཡིན་པའི་སྤྱི་ཚོགས་དེ་འདྲའི་ནང་གཉེན་སྒྲིག་ནི་ཉོ་ཚོང་གི་དངོས་པོ་ཞིག་ཡིན། ཕྱོགས་གཉིས་གའི་འདང་རྒྱག་ས་ནི་སྐྱ་ཡ་དེའི་རྒྱུ་ནོར་དང་གོ་ས་ཡིན་ལ། ཕོ་མོ་གང་ཡིན་ཡང་རུང་སྒོར་མོ་ནི་གཉེན་སྒྲིག་གི་ཆ་རྐྱེན་གལ་ཆེན་ཞིག་ཡིན། རང་མཐོང་ཆེ་བའི་ཧི་ལེན་སི་ཡིས་ཡེ་ལེ་ཧྲ་པེ་ཡིས་དང་ལེན་མ་བྱས་པའི་ཁོ་བོར་འདང་རྒྱག་ཟབ་མོ་བཞག རྒྱུ་མཚན་ནི་སྐབས་དེའི་སྤྱི་ཚོགས་ཁྲོད་རྒྱུ་འབྱོར་བ་ཡོད་ན་ཅི་ཡང་སྒྲུབ་ཆོག་ལ་སྒྲུབ་ཀྱང་འགྲུབ། འོན་ཏེ་མི་གཤིས་ལེགས་པའི་བུ་མོ་དེའི་ཁོ་རང་དང་ལེན་མ་བྱས་པ་དང་། ཞཱ་ལོ་ཐིག་གིས་ཆ་རྐྱེན་འཛོམ་པ་དེ་དག་མཐོང་ནས་དགའ་བ་བརྗོད་པ་དེ་དག་གིས་རྒྱུ་ནོར་ཁོ་ན་བསམ་པའི་གཉེན་སྒྲིག་གི་ངོ་བོ་ཇི་འདྲ་ཞིག་ཡིན་པ་ཚོར་བྱུང་ལ། མི་སྒེར་གྱི་གཤིས་ཀ་དང་གསོ་སྐྱོང་ཙམ་པས་སྐབས་དེར་ཐོན་སྐྱེད་རྒྱུ་ནོར་གྱི་རྩ་ཆེ་ཆུང་དང་བསྡུར་ཐབས་བྲལ་ཡང་མཇུག་འབྲས་མེད་པ་ཤེས་བྱུང་། སྐབས་དེའི་གཉེན་སྒྲིག་ནི་ཕོ་མོ་གང་དེའི་ཡོང་སྒོར་ཁ་སྣོན་བྱེད་པ་ཙམ་ལས་དོན་ངོ་མའི་བརྩེ་དུང་དང་བདེ་སྐྱིད་ཀྱི་འཚོ་བ་སྙེག་གིན་མིན་ལ། མི་དང་མིའི་བར་གྱི་འབྲེལ་བ་ནི་རུལ་སུངས་ཀྱི་ངོ་བོ་ཁོ་ན་ཡིན། ཁྱིམ་རྒྱུད་གང་དེའི་རྒྱུ་དངོས་ཚང་མར་སྐྱེས་པའི་བདག་འཛིན་བྱ་དགོས་སྟེ། སྐྱེས་པ་བྱིས་པ་ཆུང་ངུ་ཞིག་ཡིན་ཀྱང་བདག་འཛིན་བྱས་ཆོག་ལ་བུ་མོ་ཤེས་ཡོན་ཅན་ཞིག་ཡིན་ཀྱང་བདག་འཛིན་བྱས་མི་ཆོག དེ་བས། བུད་མེད་ཞིག་ལ་མཚོན་ན་རྒྱུ་འབྱོར་བ་དང་ཐོབ་གོ་ས་ཡོད་པའི་བཟའ་ཟླ་ཞིག་འཚོལ་རྒྱུ་ནི་འཚོ་བ་སྐྱིད་པོ་ཞིག་རོལ་རྒྱུའི་ཆ་རྐྱེན་ཞིག་ཏུ་མི་བརྩི་ཐབས་མེད་དུ་གྱུར། སྤྱི་ཚོགས་དེའི་ནང་དུ་སྐྱེས་པ་ཞིག་ལ་མཚོན་ན་རྒྱུ་ནོར་གྱི་བདག་པོ་རང་ཉིད་ཡིན་པ་དང་། རྒྱུ་ནོར་ཡོད་ཚེ་གཉེན་སྒྲིག་གི་གདམ་ག་རང་ལ་ཡོད་པ། གོ་ས་ཡོད་ན་དེ་ལས་ཀྱང་དབང་ཆ་མང་པོ་འཛོམས་ཤིང་། ད་ཞེ་ལ་མཚོན་ནའང་དེ་འདྲ་རེད་དེ། ཆུང་དུས་ནས་ཕྱོགས་གཉི་གའི་ཕ་མ་ཟུང་གིས་གཉེན་སྒྲིག་རྒྱུ་ཐག་བཅད་ཟིན་ལ། མ་ལོའི་རིགས་རྒྱུད་ཀྱང་མཐོ་གྲས་ཡིན་པ་དང་ཕ་ལོ་འང་སྙན་གྲགས་ཅན་གྱི་གོ་གནས་ཅན་ཡིན་པས་སྐད་ཆ་སྦོམ་པོ་དང་རང་སྣང་མཐོན་པོ་ཡོད་པ་རེད། ཡིན་ཡང་། དེ་ཡིས་རང་གི་དགའ་ས་གང་དེའི་སེམས་ལ་རྨ་ཁ་བཟོས་ཤིང་། དེའི་རང་བརྩིས་བསམ་བློར་རྡོག་བརྫིས་ཐེབས་པའི་ཁ་མི་གྱེས་ཐབས་མེད་བྱུང་སོང་།འདི་ནི་རྩོམ་པ་པོའི་འབྲི་ཐབས་ཙམ་ལས་སྐབས་དེའི་དངོས་ཡོད་འཚོ་བའི་ཁྲོད་དུ་ཧ་ཅང་དཀའ་ཁག་ཆེ་བའི་བརྩེ་དུང་གི་བརྒྱུད་རིམ་ཅིག་གམ་གཉེན་སྒྲིག་ཞིག་རེད། ཇན་ཨོ་སི་ཏིན་གྱིས་མ་འོངས་པའི་ཕྱོགས་ལ་རྒྱང་གཟུགས་མཛད་ནས། རྒྱུ་ནོར་དང་གོ་སའི་གཉེན་སྒྲིག་གི་གར་སྟེགས་འདི་ལ་ཁོ་མོས་འཕྱ་སྨོད་དང་ཟུར་ཟ། དེ་དང་བསྟུན་ཏེ་སྲོལ་རྒྱུན་གྱི་གཉེན་སྒྲིག་བྱེད་སྲོལ་ཀྱི་སྤྱི་ཚོགས་ཀྱི་མགོ་ཁུངས་སྨད་པ་བྱས་ཤིང་། རྒྱུ་ནོར་གྱི་ཉོས་ཆོག་པའི་སྲོལ་རྒྱུན་གྱི་གཉེན་སྒྲིག་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཏེ་སྐབས་དེའི་མང་ཚོགས་ཀྱིས་དངོས་ཡོད་འཚོ་བ་དེ་གཞོལ་མི་ཐུབ་པར་སྐྱོན་བརྗོད་དང་ཅིས་ཀྱང་ལུགས་སྲོལ་ངན་པ་མེད་པར་བཟོ་བར་སྐུལ་འདེད་གནང་ཡོད།
ས་བཅད་ལྔ་བ། སྒྲུང་གཏམ་འདི་ལས་འཕྲོས་པའི་བསམ་ཚུལ་འགའ་གླེང་བ།
      "ཁེངས་དྲགས་དང་ཕྱོགས་ཞེན"ཞེས་པའི་ནང་། མོའི་གཉེན་སྒྲིག་བྱེད་སྟངས་གི་ཁོངས་སྣེ་བཙལ་སྟེ། བརྩེ་དུང་རྨང་གཞི་ཡིན་པའི་གཉེན་སྒྲིག་ལ་རེ་བ་དང་འཚོལ་སྙེག་བྱས་ཡོད་ལ། དེའང་རིགས་མི་འདྲ་བའི་གཉེན་སྒྲིག་རིགས་གསུམ་གྱིས་བྲིས་ཏེ་སྲོལ་རྒྱུན་གྱི་འཚོ་བ་བུ་མོ་ཡེ་ལེ་ཧྲ་པེ་གཟུགས་བརྙན་དང་འགྲོགས་ནས་བསམ་བློ་ཁེར་རྐྱང་། རང་རྩིས་ཆེ་བ། སྲོལ་རྒྱུན་རྒྱུ་ནོར་གྱི་གཉེན་སྒྲིག་གི་ཁ་ཕྱོགས་བསྒྱུར་ནས་རང་གི་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་མི་སྣ་གཙོ་བོ་འདི་བཞེངས་བསྐྲུན་བྱས་ཏེ་མཐར་ཐུག་གི་དམིགས་ཡུལ་མཚོན་ཡོད། ཨ་རིའི་བུད་མེད་ཀྱི་ཁེ་དབང་བརྩོན་ལེན་བྱེད་མཁན་སུའུ་ཟན་ཨན་ཐོན་ནེ་ཡིས"ད་ལྟ་ཐག་གཅོད་དགོས་པའི་གནད་དོན་ཉག་གཅིག་ནི། ང་ཚོར་རྒོལ་བ་བྱེད་པའི་མི་རྣམས་ཀྱི་ཁྲོད་དུ་སུ་ཞིག་གིས་ཁོ་མོ་ཚོ་མི་མ་རེད་ཟེར་ཕོད་དམ། བུད་མེད་ཀྱི་ཁེ་དབང་འཕྲོག་པའི་དབང་ཆ་གཏན་ནས་མེད''ཅེས་བུད་མེད་ཀྱི་ཁེ་དབང་བརྩོན་ལེན་བྱས་ཤིང་འབོད་སྐུལ་བཏང་ཡོད་པ་དང་། དབྱིན་ཇིའི་བུད་མེད་་རྩོམ་མཁན་ཤར་ལོ་ཏེ་པི་རོན་ཐི་ཡི་སྒྲུང་རིང《ཅན་ཨེར》ཞེས་པའི་མི་སྣ་གཙོ་བོས་རང་གི་དགའ་གྲོགས་ལ་གསོན་ཉམས་ལྡན་པའིགཏམ་འདི་འདྲ་ཞིག་བརྗོད་ཡོད་ཏེ། "ངའི་རྣམ་ཤེས་ཁྱེད་ཀྱི་རྣམ་ཤེས་དང་གཅིག་འདྲ་ཡིན་ལ། ངའི་སེམས་པའང་ཁྱེད་ཀྱི་སེམས་པ་དང་གཅིག་འདྲ་ཡིན་ཏེ། ངས་ད་ལྟ་ཁྱེད་ལ་གླེང་མོ་བྱེད་པ་འདི་ནི་ཡུལ་སྲོལ་གོམས་གཤིས་བརྒྱུད་པ་མིན་ལ། ཐ་ན་མི་ཕལ་བའི་ཤ་ཁྲག་བརྒྱུད་པའང་མིན་པར། བདག་གི་སེམས་པ་དང་ཁྱེད་ཀྱི་སེམས་པའི་བར་གྱི་གླེང་མོ་ཡིན་ལ།འུ་གཉིས་དུར་ཁུང་དུ་འཛུལ་བའི་ཚེ་ན། ང་ཚོ་དཀོན་མཆོག་གི་ཞབས་ཟུང་མཐའ་རུ་འགྲེང་ཡོད་པས་འདྲ་མཉམ་ཡིན། "གོང་གི་གཏམ་འདི་གཉིས་གང་ཡིན་ཡང་ཕོ་མོ་འདྲ་མཉམ་ཡིན་པའི་གནས་ལུགས་གསལ་འགྲོལ་བྱེད་ཀྱིན་ཡོད་ལ། བོད་ཀྱི་རྩོམ་པ་པོ་འཇམ་དབྱངས་སྐྱིད་ཀྱིས་ཀྱང"མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན། ཕོ་དང་མོ་ནི་བྱ་གཅིག་གི་གཤོག་ཟུང་ལྟ་བུ་རེད། དཔེ་ཆུང་ཆུང་ཞིག་གི་སྒོ་ནས་བཤད་ན། ཁྱིམ་འཁོས་བཟང་ཞན་གྱི་གནད་དོན་དེ་ཕོ་མོ་རེ་རེ་ལ་རག་ལས་པ་བཞིན་ནོ།"ཞེས་བརྗོད་པའང་འདྲ་མཉམ་རྩོད་པ་རེད།འདྲ་མཉམ་མེད་ས་ན་འཕེལ་རྒྱས་ཡོད་མི་སྲིད་ལ། དོན་དེ་ཡང་རང་རེའི་བུད་མེད་རྣམས་ཀྱི་ལས་དབང་དེ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་རྙིང་བ་ལས་ཐར་ཐུབ་མེད་དེ། ལྟོས་བཅས་ཀྱིས་སློབ་གསོ་མྱོང་སྐལ་མེད་པ་དང་། གཉེན་སྒྲིག་རང་དབང་མེད་པ་སོགས་ཀུན་གྱིས་ཤེས་གསལ་ལྟར་ལགས་པས། སྣང་ཚུལ་འདིའི་རིགས་ལ་དོ་སྣང་དང་མཐོང་ཆེན་བྱེད་རྒྱུ་ནི་ང་ཚོའི་གཟུར་དུ་མེད་པའི་འོས་འགན་ཡིན། མདོར་ན། མི་རིགས་འདི་ལ་འཕེལ་རྒྱས་དགོས་ན། སྤྱི་ཚོགས་འདིར་འཕེལ་རྒྱས་དགོས་ན། ཕོ་མོ་སུ་ཡིན་ཡང་ང་ཚོ་ཚང་མ་ལ་རིག་གནས་དགོས།ནུས་པ་དགོས། འདི་ནི་སྐྱེས་པ་ཁོ་ནས་འཇོན་པ་ཞིག་མ་རེད་ལ་སྐྱེས་མ་ཁོ་ནས་ནུས་པ་ཞིག་ཀྱང་ག་ལ་ཡིན། འདི་ལ་དགོས་བ་ནི་མཐུན་སྒྲིལ་ཡིན། མཉམ་བརྩོན་ཡིན། དེར་བརྟེན། ཆེས་གཞི་རྩ་ནི་སློབ་གསོ་དང་རིག་གནས་ཡིན་པ་མ་ཟད། ང་ཚོ་ཚང་མ་མཉམ་དུ་དཔུང་བ་མཉམ་གཤིབ་བྱས་ནས་མི་རིགས་འདི་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། ཇན་ཨོ་སི་ཏིན་གྱི་བརྩམས་ཆོས་ཀྱི་ཁ་གཏད་ས་ཕོ་དབང་རང་ལུགས་མ་ཡིན་པར། ཁོ་མོའི་དངོས་ཡོད་འཚོ་བ་གང་དེར་ཁ་གཏད་ནས། གཉེན་སྒྲིག་ཇི་ལྟ་བུ་ཞིག་ལ་ད་གཟོད་བདེ་སྐྱིད་ཡོད་ལ།དངོས་ཡོད་འཚོ་བ་དང་ཁ་མ་བྲལ་བར། རྒྱུ་ནོར་ཁོ་ནའི་སྒེར་དབང་སྤྱོད་པའི་དངོས་ཡོད་སྤྱི་ཚོགས་ལ་རྒྱབ་གཏད་དེ། སྲོལ་རྒྱུན་རྒྱུ་ནོར་གྱིས་ཡོད་ཚད་ཁ་ལོ་བསྒྱུར་བས་སྤྱི་ཚོགས་ཀྱི་སྲོལ་རྒྱུན་ངན་པར་ཟུར་ཟ་དང་འཕྱ་སྨོད་བྱས་ནས། ཆོས་ལུགས་དད་མོས་དང་འདོད་སྲེད་བརྐམ་ཆགས་ཀྱི་གཉེན་སྒྲིག་གི་མཚང་གཏོར་རོ།། ཁྱིམ་ཚང་གི་འགྲིག་མཐུན་དང་། གུ་དོག་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཆོས་ལུགས་དད་མོས་དང་འཇིག་རྟེན་ལྟ་ཚུལ་གྱིས་ཇན་ཨོ་སི་ཏིན་གྱི་བསམ་བློ་དང་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་ཀྱང་། དངོས་ཡོད་འཚོ་བ་འབྲི་བཞེངས་མཛད་རྒྱུ་རྒྱུན་བསྐྱངས་ནས་ཁོ་མོའི་བུ་མོ་ཚོས་དགའ་བ་རང་དབང་དང་ཕོ་མོ་འདྲ་མཉམ། སྤྱི་ཚོགས་ལ་ཟབ་ཞུགས་བྱ་རྒྱུའི་དབང་ཐང་འདྲ་མཉམ་སོགས་ཀྱི་ཆེད་དུ་འབད་འབུངས་བྱ་དགོས་པ་བརྗོད་ཡོད་ལ། རྒྱུ་ནོར་གྱི་གཉེན་སྒྲིག་གི་སྤྱི་ཚོགས་རྣམ་པ།ཐོབ་དང་གོ་ས། ཁྱིམ་ཚང་གི་འབྲེལ་འདྲེས་སོགས་ཀྱིས་སྐབས་དེའི་སྤྱི་ཚོགས་ཁྲོད་གཉེན་སྒྲིག་ལ་ཤུགས་རྐྱེན་ངན་པ་མང་པོ་ཐེབས་པ་བརྗོད་གཞིར་བཟུང་ནས། དངོས་ཡོད་འཚོ་བའི་གདོང་འབག་དམར་བཤུ་བྱས་ཏེ་ཅིས་ཀྱང་འདྲ་མཉམ་དང་བརྩེ་དུང་ལྡན་པའི་མི་ཞིག་བྱ་རྒྱུ་བརྗོད་བྱའི་མཚོན་དོན་ནམ་སྙིང་བོར་བཟུང་ནས་བྲིས་ཡོད་པར་སྙམ་མོ༎

མཇུག་བསྡུ་བའི་གཏམ།

      འདི་ནས་དགེ་བའི་བཤེས་གཉེན་དག་གིས་ཐུགས་གཟབ་གནང་རྒྱུ་ཞིག་ལ་བདག་གིས་དབྱིན་ཇིའི་རྩོམ་པ་པོ་ཇན་ཨོ་སི་ཏིན་ཀྱི་བརྩམས་པའི"ཁེངས་དྲེགས་དང་ཕྱོགས་ཞེན"ཞེས་པའི་སྒྲུང་གཏམ་ལ་ཅུང་ཟད་དཔྱད་པ་ཞེས་པའི་དཔྱད་རྩོམ་འདི་བོད་སྐད་ཀྱི་ལམ་ནས་དཔྱད་པ་རགས་ཙམ་བཏང་ཡོད་ལ། ཤེས་རྒྱ་དང་མཐོང་རྒྱ་གང་གི་ཆ་ནས་དབུལ་ཞིང་ཕོངས་པའི་བློ་དམན་བདག་གིས་བྲིས་པའི་དཔྱད་རྩོམ་འདི་ལ་མི་འདང་ས་གང་མང་ཡོད་པ་སྨོས་མ་དགོས་མོད། འོན་ཀྱང་མཛའ་བརྩེ་ཕྱི་ཐག་རིང་བའི་དགེ་རྒན་རྣམ་པའི་བཀའ་དྲིན་གྱིས་འདིའི་ཕྱོགས་ལ་བག་ཆགས་ཅུང་ཙམ་བཞག་ཡོད་པའི་རང་ཉིད་ཀྱིས་མིང་གྲགས་ཆེ་བའི་དབྱིན་ཇིའི་བརྩམས་སྒྲུང་ཞིག་ལ་དཔྱད་པ་ཕྲན་བུ་ཙམ་བཏང་ཡོད་པ་འདིར་རང་གི་འཆར་སྣང་ཙམ་ཞིག་ཡི་གེར་བཀོད་པ་ལེགས། མཐར་གཟུར་གནས་མཁས་དབང་རྣམས་ཀྱིས་བློ་དམན་བདག་ལ་བརྗོད་ལྷུག་དང་དགོངས་འཆར་སྩོལ་བར་མཁྱེན།
ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།
༡《傲慢与偏见》典藏全译本(英)简•奥斯丁,刘慧菊译
༢ “pride and prejudice”Jane Austen 外文出版社
༣ ཤར་ལོ་ཏེ་པི་རོན་ཐི།(Charlotte Bront,夏洛蒂•勃朗特,1816—1855)དབྱིན་ཇིའི་བརྩམས་སྒྲུང་མཁན་གྲགས་ཅན།བརྩམས་ཆོས《ཅན་ཨེར》སོགས་འདུག
༤ སུའུ་ཟན་ཨན་ཐོན་ནེ།  (SB Anthony,苏珊•安东尼,1820—1906)ཨ་མེ་རི་ཁའི་བུད་མེད་ཀྱི་ཁེ་དབང་རིང་ལུགས་པ། སྤྱི་ཚོགས་བྱ་འགུལ་མཁན།
བརྩམས་ཆོས《བུད་མེད་མི་ཡིན་ནམ་མིན》སོགས་འདུག
༥《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》ར་རྫ་འཇམ་དབྱངས་སྐྱིད་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

ལྷོ་ནུབ་མི་རིགས་སློབ་ཆེན2012ལོའི་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བོད་རྒྱ་ལོ་ཙཱའི་ཞིབ་འཇུག་སློབ་མ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།