བོད་ཀྱི་གནའ་དཔྱད་རིག་པའི་ཞིབ་འཇུག་པ་ཤ་བོ་མཁའ་བྱམས་ལགས་ཀྱི་དཔྱད་རྩོམ།

རྩོམ་པ་པོ།:ཤ་བོ་མཁའ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-01 09:34:24 ཀློག་གྲངས།:
༄༅། །བཙན་པོའི་སྐབས་ཀྱི་ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་ལོ་རྒྱུས་དང་འབྲེལ་ལྷ་སྲས་མུ་རུག་བརྩན་གྱི་སྐོར་ལ་དཔྱད་པ།
ཤ་བོ་མཁའ་བྱམས།

ནང་དོན་གནད་བསྡུས། རྩོམ་འདིར«རྒྱལ་པོ་བཀའ་ཐང»དུ་འཁོད་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་འབྲེལ་ཡོད་ཞིབ་འཇུག་གི་གནས་ཚུལ་ངོ་སྤྲོད་དང་། དེ་ནས«ཆོས་འབྱུང་མུན་སེལ་སྒྲོན་མེ»རུ་འཁོད་པའི་ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་ལོ་རྒྱུས་གཉིས་ཕན་ཚུན་ཞིབ་བསྡུར་བརྒྱུད་ཡིག་ཆའི་ཁུངས་གཅིག་ལ་འབྲེལ་ཚུལ་དང་ཚིག་ཁྱད་ལས་མངོན་པའི་ལོ་རྒྱུས་ཀྱི་གལ་གནད་རེ་གཉིས་ལ་དབྱེ་ཞིབ། མཐའ་མར་ཐང་ཡིག་ཞུ་བ་བོའམ་རྩ་བའི་དཔང་པོ་མུ་ཏིག་བཙན་པོའམ་གཅེན་མུ་རུག་བརྩན་ཐང་མཚམས་སུ་བབས་ནས་མཐའི་སོ་ཁ་བཟུང་བ་དང་འདན་ཀློང་ཐང་དུ་དགོངས་པ་རྫོགས་པ། སློབ་དཔོན་པདྨའི་རྣམ་ཐར་ཁག་གམ་བཀའ་ཐང་རིགས་མི་འདྲ་བར་འཁོད་པའི་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ས་བོན་མང་པོ་ཞིག་ལྷ་སྲས་མུ་རུག་བརྩན་གྱི་སྐུ་ཚེ་དང་འབྲེལ་ཚུལ་ཐད་ལ་དཔྱད་པ་བྱས་ཡོད།
གནད་ཚིག ཕྱོགས་བཞིའི་རྒྱལ་པོ། ཐང་ཡིག མུ་རུག་བརྩན།

        བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ལྡེ་སྲོང་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་བོད་ཀྱི་དབང་ཤུགས་དར་བའི་རྩེ་མོར་ཐོན་ཡོད་པས་འཛམ་གླིང་གསུམ་གཉིས་དབང་དུ་བསྡུས་ཞེས་པའི་སྐད་ཆ་དེ་བྱུང་བ་ཡིན་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་འཕྲུལ་རིའི་རྡོ་རིང་དུ་རོབ་ཙམ་འཁོད་ཡོད་པ་ནི། འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་སྔ་ནས་མཐའ་བཞིའི་རྒྱལ་པོ་གཞན་དང་མི་འདྲ་སྟེ་བྱིན་གྱི་སྒམ་དཀྱེལ་ཆེན་པོ་དང་དབུ་རྨོག་བཙན་པོས་ཡར་ནི་ཏ་ཞིག་གྱི་མཚམས་མན་ཆད་མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཅད་ཆབ་འོག་དུ་འདུ་སྟེཆབ་སྲིས་ནི་ལྷོ་བྱང་ཤར་ནུབ་མཐའ་ཀླས་པར་ཆེའོ་ཞེས་དང་།[1] དེ་བཞིན་ཁྲི་ལྡེ་སྲོང་བཙན་གྱི་རྒྱལ་ཆེན་བང་སོའི་རྡོ་རིང་དུའང་། ཤར་ཕྱོགས་རྒྱ། ལྷོ་ཕྱོགས་རྒྱ་གར། དེ་ནས་ཏ་ཟིག དྲུ་གུ ཧོ་ཡོ་ཧོར་ཁག་སོགས་དང་དམག་འཐབ་པའམ་མཇལ་དུམ་གསོལ་བའི་ནང་དོན་ཐིག་ཕྲེང་ཉི་ཤུ་ལྷག་བཀོད་ཡོད།[2] ཡིན་ཡང་རྒྱ་ནག་གི་ཚན་པ་མ་གཏོགས་རྡོ་རིང་ཡི་གེ་འཕྲོ་བརླག་ཐེབས་པས་ནང་དོན་གསལ་བོ་རྟོགས་མི་ཐུབ་པ་ཧ་ཅང་ཕངས་པའི་གནས་ཡིན། ཡིན་ཡང་དུས་རབས་བཅུ་བཞི་བར་གཏེར་ནས་བཞེས་པར་གྲགས་པའི་ཡིག་ཚང«རྒྱལ་པོ་བཀའ་ཐང»དུ་ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་གོ་རིམ་དང་ནང་དོན་རགས་རིམ་ཙམ་རྒྱལ་ཆེན་བང་སོའི་རྡོ་རིང་དང་ཅུང་མཚུངས་བར་བྱུང་ཡོད་ཅིང་། དེར་རིག་གཞུང་ཞིབ་འཇུག་པའི་སྡེ་ནས་སྔ་ས་ནས་དོ་སྣང་བྱུང་ཡོད། འདིར་དུས་རབས་བཅུ་དྲུག་པའི་རིག་འཛིན་པདྨ་གླིང་པས་མཛད་པའི་སློབ་དཔོན་པདྨའི་རྣམ་ཐར«ཆོས་འབྱུང་མུན་སེལ་སྒྲོན་མེ»རུ་ཡང་གོང་དང་སྒྲོམ་གཞི་མཚུངས་ལ་ཚིག་ཁྱད་ཅན་ཞིག་ཡོད་ལ། ཡིག་ཚང་གོང་འོག་རིགས་བསྡུར་བརྒྱུད་སྐབས་དེའི་བོད་ཀྱི་ལོ་རྒྱུས་ཀྱི་གནད་ཁ་ཤས་ཇེ་གསལ་དུ་གཏོང་ནུས་ལ། ལྷག་པར་ཡིག་ཚང་འདི་ཞུ་བ་པོའམ་ལོ་རྒྱུས་ཀྱི་དཔང་པོ་ལྟ་བུ་མུ་ཏིག་བཙན་པོའམ་གཅེན་མུ་རུག་བརྩན་གྱི་སྐུ་ཚེའི་ལོ་རྒྱུས་སྐོར་སློབ་དཔོན་པད་མའི་རྣམ་ཐར«ཆོས་བྱུང་ཡིད་ཀྱི་མུན་སེལ»དུ་བྱུང་ཡོད་པས། འདིར་འབྲེལ་ཡོད་ཞིབ་འཇུག་གི་གནས་ཚུལ་ངོ་སྤྲོད་དང་། ཡིག་ཚང་གི་སྔ་ཕྱིའི་བྱུང་བ་དང་ཕན་ཚུན་བར་གྱི་དབྱེ་འབྲེལ་དང་རིན་ཐང་ངོ་སྤྲོད། རྙིང་མའི་སློབ་དཔོན་པདྨའི་རྣམ་ཐར་ཁག་གམ་བཀའ་ཐང་ལུགས་ཀྱི་ལོ་རྒྱུས་སྒྲོམ་གཞིའི་ས་བོན་ལྷ་སྲས་མུ་རུག་བརྩན་གྱི་སྐུ་ཚེ་དང་འབྲེལ་ཚུལ་ཐད་དཔྱད་པ་རགས་ཙམ་བྱ་རྒྱུ་ཡིན་ནོ། །
དང་པོ། ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་སྐོར་གྱི་ཡིག་སྣའི་ཞིབ་འཇུག
        ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་སྐོར«རྒྱལ་པོ་བཀའ་ཐང»དུ་བྱུང་ཡོད་ལ། ལེའུ་བཅུ་དགུའི་བདག་ཉིད་ཅན་གྱི་ཡིག་ཚང་འདི་བཙན་པོ་མུ་ཏིག་བཙན་གྱི་ངོར་ཇོ་མོ་ཚེ་སྤོང་བཟས་ཞུས་ཤིང་སློབ་དཔོན་པདྨས་གསུང་ལ། འདན་མ་རྩེ་མང་གིས་ཟིན་བྲིས་སུ་བཏབ་པ་ཕྱིས་སུ་གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང་པ(1323-1360)མཆོག་གྲུབ་རྒྱལ་པོས་དགེ་བ་མཐར་རྒྱས་གླིང་ནས་སྤྱན་དྲངས་པ་འཁོད་འདུག[3] ད་ལྟ་དངོས་སུ་མཐོང་རག་ཏུ་ཡོད་པ་ནི་འབྲུག་སྤ་གྲོའི་བྲིས་མ་དང་། རྟག་བརྟན་ཕུན་ཚོགས་གླིང་གི་དབུ་མེད་བྲིས་མ་དང་དབུ་ཅན་ཤིང་དཔར་མ། ད་རུང་ཞོལ་གྱི་པར་རྙིང་པར་གསར་སོགས་འདུག་ཅིང་དག་ཆ་ཕལ་ཆེ་བ་གཞི་གཅིག་ཏུ་བབ་འདུག རྒྱལ་ཕྱིའི་རིག་གཞུང་ཞིབ་འཇུག་པའི་སྡེ་ནས་ཐོག་མར་སི་ཏིན་ནས་དོ་སྣང་བྱུང་ཡོད་ཅིང་། སྤྱི་ལོ1935ལོར་དཔར་དུ་བཏབ་པའི«ཀྲུང་གོའི་ནུབ་ལྗོངས་སྐོར་ཀྱི་བོད་ཀྱི་གསུང་རབ་དང་ལག་བྲིས་མ»ཞེས་པའི་དེབ་དང་པོའི་སྟེང་ཕྱོགས་བཞིའི་རྒྱལ་པོ་བཏུལ་བ་གཙོར་བྱས་བཙན་པོའི་སྐབས་དང་འབྲེལ་བའི་ནང་དོན་ཕལ་ཆེ་བ་ཞིག་ཡིག་བསྒྱུར་དང་མཆན་འགྲེལ་སྦྲགས་མས་འཁོད་འདུག[4] བསྒྱུར་མཆན་འདི་དབྱི་ཏ་ལི་བ་ཐུའུ་ཆི་ཡིས་སྤྱི་ལོ1950ལོར་དཔར་དུ་བཏབ་པའི«བཙན་པོའི་བང་སོ»རུ་དྲངས་ནས། བང་སོ་འཕྲུལ་རིའི་རྡོ་རིང་གི་ཐིག་ཕྲེང14~15བར།“ཐུགས་སྒམ།།ཁོང་ཡངས།བཀའ་བརྟན།ཟུང་ཐུབ།”ཅེས་པ་དང«རྒྱལ་པོ་བཀའ་ཐང»གི་ཤོག་ངོས213པའི“ཐུགས་སྒམ་བཀའ་བཙན་ཁོང་རྒྱུད་ཡངས་པ་དང་།།ཟུངས་ཐུབ་དཔྱད་པས་ཐུགས་སྟོབས་རབ་ཏུ་ཆེ།།”ཞེས་པ་དང་། གཞན་འཕྲུལ་རིའི་རྡོ་རིང་གི་ཐིག་ཕྲེང23~25བར“ཕྱོགས་བརྒྱད་དུ།བཀའ་བཙན།།ཆབ་སྲྀད་ཆེ་སྟེ།།ཤར་ཕྱོགས་རྒྱལ་པོ་ཆེན་པོར་རྒྱ་འདུག་པ་དང་།།བར་དུ་བཀའ་ཁོན་བྱུང་ནས་དགྲར་བསྡོ་བ་ལས།།”ཅེས་པ་དང«རྒྱལ་པོ་བཀའ་ཐང»གི“མཐའ་བཞི་ཕྱོགས་བརྒྱད་བཀའ་བཙུན་ཆབ་སྲིད་ལ།།ཕྱོགས་བཞིར་རྒྱལ་པོ་སྡེ་བཞི་གནས་པ་ཡང་།། བར་དུ་བཀའ་འཁོན་བྱུང་ནས་དགྲ་རུ་བདོ།།”ཞེས་པ་སོགས་ཕན་ཚུན་འབྲེལ་བ་ཡོད་པར་དམིགས་ནས་ཨོ་རྒྱན་གླིང་པར་རྡོ་རིང་གི་ཕྱི་མོ་ཞིག་གམ་ཡང་ན་འབྲེལ་ཡོད་ཡིག་ཚང་ཞིག་ཡོད་པར་ཚོད་དཔག་གནང་འདུག[5] ཕྱིས་ཀྱི་སྤྱི་ལོ1969ལོར་རིས་ཆར་རྡི་སིང་གིས་སྤེལ་བའི«བང་སོ་འཕྲུལ་རིའི་རྡོ་རིང་གི་ཡི་གེ»ཞེས་པའི་ཆེད་རྩོམ་དུ«རྒྱལ་པོ་བཀའ་ཐང»གི་ལྷོ་ཕྱོགས་རྒྱ་གར། དེ་ནས་ཏ་ཟིག དྲུ་གུ ཧོ་ཡོ་ཧོར་ཁག་སོགས་ཚན་པ་ལུང་དྲངས་ནས་དབྱེ་བསྡུར་གྱིས་ཐོག་མའི་ལོ་རྒྱུས་ཀྱི་ས་བོན་མང་པོ་ཞིག་རྡོ་རིང་ལས་ཡོང་བ་དང་དེའི་སྟེང་གང་ལ་གང་འཚམ་གྱི་ལས་སྣོན་བྱས་ཡོད་ཚུལ་སོགས་གོང་མ་ལས་ཁ་གསལ་བཟོས་འདུག[6] དེ་བཞིན་དུས་རབས་བཅུ་བཞིའི་ཚལ་བ་ཀུན་དགའ་རྡོ་རྗེ(1309-1364)འི«དེབ་ཐེར་དམར་པོ»དང་། དུས་རབས་བཅོ་ལྔ་བའི«རྒྱ་བོད་ཡིག་ཚང»དང་ཆག་ལོ་ཆོས་རྒྱལ་གྱི«དུས་འཁོར་ཆོས་འབྱུང»དང་། དུས་རབས་བཅུ་དྲུག་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»རྣམས་སུ་རྒྱ་གར་རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་བོད་དུ་རྒྱལ་པོ་སད་ན་ལེགས་འཇིང་ཡོན་ཡོད་པར་ཡར་ལུངས་བང་སོའི་རྡོ་རིངས་ཀྱི་ཡི་གེ་ལ་ཡོད་ཅེས་མཚན་ཅུང་མི་འདྲ་བ་གྲུབ་ཐོབ་ཨུ་རྒྱན་པའམ་གྲུབ་ཆེན་ཨོ་རྒྱན་པ། ཨོ་རྒྱན་པ་ཞེས་བྱུང་ཡོད།[7] «རྒྱལ་པོ་བཀའ་ཐང»གི་རྒྱ་གར་གྱི་རྒྱལ་པོར་ར་ཛ་དྷརྨ་ཤྲཱི་དང་ཊ་ཡུ་གཉིས་ཞེས་བྱུང་པ་དང་གོང་གི་ཡིག་ཚང་ཁག་ཏུ་དྲངས་པའི་རྒྱལ་པོ་དྷརྨ་པཱ་ལ་གཉིས་བར་ཚིག་ཁྱད་བྱུང་ཡོད་པར་མ་ཟད། བཀའ་ཐང་དུ་བྱུང་བའི་ལི་ཡུལ་དང་རྒྱ་ནག་བེ་ཆུ་རྒྱལ་ཁམས་གཉིས་རྡོ་རིང་དུ་མེད་ཅིང་། རྡོ་རིང་དུ་ཡོད་པའི་ཧོ་ཡོ་ཧོར་བཀའ་ཐང་དུ་བྱུང་མེད་པས་རྡོ་རིང་གི་ཡིག་ཚང་དངོས་ལ་གཞིགས་ཡོད་མེད་ལ་ཡང་དོགས་གནས་ཡོད་ཅིང་། ཡིན་ན་ཡང་རྒྱལ་ནང་གི་ཞིབ་འཇུག་པ་རེ་འགས་རྡོ་རིང་གི་ཡི་གེ་ཡིག་ཚང་དུ་ཁུངས་དྲངས་པའི་བཤད་སྒྲོས་འཁྱམ་པོ་ཞིག་ཡོད་མོད་བདེན་པ་མིན།[8] གཞན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་«རྒྱལ་རབས་དེབ་ཐེར་དཀར་པོ»རུ། སྔོན་བོད་ཀྱི་དམག་རྣམས་སྤྲ་ནག་ཕུབ་པའི་སྲོལ་ཡོད་པ་དང་།བཙན་དང་རྒྱལ་པོའི་འཁོར་གྱི་རུ་འདྲེན་སྡེ་བཞི་ཡང་ཕལ་ཆེར་སྔོན་གྱི་སྲོལ་ལ་ཡོད་ཚུལ་བཀའ་ཐང་གི་ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་ལེ་ཚན་ནས་ལུང་དྲངས་ཡོད་པ་དང་།[9] གཞན«གཏམ་རྒྱུད་གསེར་ཐང»དུ། ཐང་ཡིག་སྡེ་ལྔར་གྲགས་པ་འདིའི་བྱིངས་རྣམས་ཆེས་གནའ་དུས་སུ་བྲིས་པ་ཞིག་ཡིན་པ་གོར་མ་ཆག་མོད། འོན་ཀྱང་ཚིག་སྦྱོར་ཕལ་ཆེར་ཉམས་པ་དང་། བླུན་འཆར་གྱི་རྫུན་ཡང་མང་དུ་བསྲེས་ཡོད་པས་ཡི་གར་འོང་བ་ཞིག་མི་འདུག་ནའང་། སྔོན་གྱི་ལོ་རྒྱུས་རྣམས་ལ་དེ་འདྲ་ཁོ་ན་མ་གཏོགས་མགོ་ནས་མཇུག་གི་བར་རྫུན་ཚིག་གཅིག་ཀྱང་མ་འདྲེས་པ་ཞིག་རྙེད་དཀའ[10]ཞེས་ཡིག་ཚང་འདིའི་ས་བོན་སྔ་བ་ལ་ཕྱིས་སུ་ལྷད་གང་འཚམ་བྱུང་ཡོད་ཚུལ་དགག་བཞག་གནང་ཡོད་ལ། དུས་རབས་བཅུ་གཉིས་པའི«ཉང་ཆོས་འབྱུང»དུ་གོང་གི་དགེ་ཆོས་ཀྱི་དྲངས་པའི་ཚིག་སྣ་ཙམ་མ་ཟད་བཀའ་ཐང་གི་ས་བོན་མང་དུ་བྱུང་ཡོད་པས་མ་མཐའ་ཡང་དུས་རབས་བཅུ་གཉིས་པའི་ཡིག་ཆ་ཞིག་ཡིན་པ་ར་སྤྲོད་ཞུ་ནུས།[11] དེ་བཞིན་དུས་རབས་བཅུ་དྲུག་གཡས་གཡོན་དུ་བྱོན་པར་སྣང་པའི་རྙིང་མ་བ་པདྨ་བཛྲས་ཀྱང་རྒྱལ་པོ་བཀའ་ཐང་གུ་རུ་ཇོ་ཙེ་ལ་ཡང་ཡོད་ཅེས་དང་།ཐང་ཡིག་རྣམས་གྲོང་ཚིག་མི་མཛེས་པ་དེ་དག་གིས་མོག་མོག་པོར་བྱས་སྣང་ངོ་ཞེས་སྔ་ས་ནས་པར་གཞི་མི་འདྲ་བ་ཡོད་པ་དང་ཕྱིས་སུ་གང་ལ་གང་འཚམ་གྱི་བཟོ་བཅོས་ཐེབས་ཡོད་པ་ཤེས་ཐུབ།[12]
གཉིས་པ། «ཆོས་འབྱུང་མུན་སེལ་སྒྲོན་མེ»ལས་བྱུང་པའི་ཕྱོགས་བཞིའི་རྒྱལ་པོ་བཏུལ་བའི་སྐོར་དང་དེའི་ཚིག་ཁྱད།
        ཆོས་འབྱུང་འདིའི་མཚན་རྒྱས་པར«སློབ་དཔོན་པདྨའི་འཁྲུངས་རབས་ཆོས་འབྱུང་མུན་སེལ་སྒྲོན་མེ»ཞེས་མུ་ཏིག་བཙན་པོས་ཟིན་བྲིས་སུ་བཏབ་པ་རིག་འཛིན་པདྨ་གླིང་པས་བསམ་ཡས་དབུ་རྩེའི་བྱང་ཆུབ་ཆེན་པོའི་ཁྲི་ནས་གཏེར་ལས་བཏོན། ཕྱིས་སུ་གཙང་གཡས་རུ་ཉུག་གི་བན་ཆུང་མཁའ་སྤྱོད་རྣམ་རྒྱལ་གྲགས་པ་རྡོ་རྗེ་ལ་གནང་ནས་བརྒྱུད་ཚུལ་མཇུག་བྱང་དུ་འཁོད་འདུག་ཅིང་། ཆོས་འབྱུང་ཧྲིལ་བོར་ལེའུ་བརྒྱ་དང་གཉིས་འདུག ཤོག་གྲངས་བཞི་བརྒྱ་ང་དྲུག་དང་ཤོག་ངོས་དགུ་བརྒྱ་ལྷག་བཞུགས། གཏེར་སྟོན་རིག་འཛིན་པདྨ་གླིང་བ(1450–1521)ནི་དཔལ་ལྡན་འབྲུག་ནས་འཁྲུངས་པའི་མཁས་གྲུབ་གཉིས་ལྡན་གྱི་རྙིང་མའི་བླ་མ་ཞིག་ཡིན་པའི་ཆ་ནས་གསུང་འབུམ་པོ་ཏི་ཉི་ཤུ་ལྷག་མཆིས་ལ། འབྲུག་ལ་ཞིབ་འཇུག་བྱེད་མཁན་ཀུན་གྱིས་དོ་སྣང་ཡོད་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཏུ་གྱུར་འདུག[13] ཡིན་ཡང་ད་ལྟའི་ཆར་ཁོང་གི་«ཆོས་འབྱུང་མུན་སེལ་སྒྲོན་མེ་»འདི་ལ་ཆེད་དུ་ཞིབ་འཇུག་བགྱིས་པ་དོ་སྣང་མ་བྱུང་ཡང་། བསྟན་བཅོས་འདི་རྩོད་གཞི་ཅན་ཞིག་ཡིན་པ་དང་རྒྱལ་དབང་ལྔ་པ་གཙོ་བྱས་པའི་མཁས་པ་མང་པོས་དགག་བཞག་བྱས་ཡོད་ཚུལ་རོབ་ཙམ་གོ་ཐོས་བྱུང་།[14]
        ཕྱོགས་བཞི་རྒྱལ་པོ་བཏུལ་བའི་སྐོར་ལེའུ་གོ་ལྔ་པའི་རྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་འདེབས་ཞུས་པའི་ཚན་པར་བསྡུས་འདུག་ཅིང་། ཤོག་ངོས་སུམ་བརྒྱ་དོན་གསུམ་ནས་དོན་བཞིའི་སྟེང་འཁོད་འདུག་པ་དང«རྒྱལ་པོ་བཀའ་ཐང»བར་གྱི་མཐུན་ཁྱད་རྣམས་མཆན་གྱི་རྣམ་པར་འཁོད་ཡོད་པ་གཤམ་གསལ།
        དང་པོ་ཆབ་སྲིད་བཞེས་མ་ཁད་དུ་ནི། མཐའ་བཞི་ཕྱོགས་བརྒྱད་བཀའ་བཙན་ཆབ་སྲིད་ལ། ཕྱོགས་བཞིར་རྒྱལ་པོ་བཞི་རུ[15]གནས་པ་ཡང་། བར་དུ་བཀའ་འཁོན་བྱུང་ནས་དགྲ་རུ་བསྡོ། སྲིན་པོ་འཇིགས་བྱེད་བོད་ཀྱི་དམག་རྣམས་གཡོས།[16] ཆབ་སྲིད་བོད་དམག་ཁྲི་ཚོ་བརྒྱད[17]ཆས་ཏེ། དམག་དཔོན་རྣམས་ནི་སོ་ཁ་འདུལ་བའི་དུས།[18] སྔོན་གྱི་ཤུལ་མཚོན[19]གྱད་མི་རྟ་ཞོན་བརྒྱ། གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། གཡོན་གྱི་རུ་འདྲེན་སྔགས་འཆང[20]ཕུར་ཐོགས་བརྒྱ། སླད་ཀྱི་རྗེས་མྱུལ་ཕུབ་ཅན[21]མདུང་ཐོགས་བརྒྱ། རྒྱ་ཡུལ་ཤར་གྱི་ཕྱོགས་སུ་དམག་གིས་ཕུབ།[22] རྒྱད་ཀྱི་དཔའ་བོ་དམག་གིས་སྣ་ལ་བཀྱེལ།[23] ཕ་རོལ་དཔུང་འཇོམས་མཚོན་ཆའི་འཁོར་ལོ་བསྐོར། སློབ་དཔོན་ཆེན་པོས་རྣམས་སྲས་འཁོར་བཅས་རྣམས།[24] འཇངས་ཀྱི་ཡུལ་དུ་དམག་རོགས་དཔུང་ལ་བཏང་།[25] ཆབ་སྲིད་མངའ་བདག་རྡོ་ས་མེད་པར་བྱས།[26] རྒྱ་ནག་ཡུལ་ཁམས་ཐམས་ཅད་དབང་དུ་བསྡུས།[27] ཡིད་བཞིན་ནོར་བུས་ཐོག་དྲངས་ནོར་མང་ཕུལ།[28] ལྷོ་ཕྱོགས་རྒྱ་གར་རྒྱལ་པོ་བཞུགས་པ་ཡང་། ར་ཛ་དྷརྨ་ཤྲཱི་དང་ཊ་ཡུ[29]གཉིས། དམག་དཔུང་གཡོས་ནས་བཀའ་ཡི་བབས་སུ་བཅད།[30] རྒྱ་གར་རྒྱལ་སྲིད་བོད་ཀྱི་བྲན་དུ་བྱས། རྒྱ་གར་ཡུལ་གྱི་ནོར་རྫས་རིན་པོ་ཆེ། ཁ་ཟས་བཟང་པོ་དུས་ལས་མ་ཡོལ་ཕུལ།[31] རྒྱ་གར་སྟོད་སྨད་རྒྱལ་པོ་ཆེན་པོ་གཉིས། རང་ལ་ཉན་ཞིང་བཀའ་ལ་གཅེས་སྤྲས་བྱེད། ནུབ་ཕྱོགས་སྟག་གཟིགས[32]རྒྱལ་པོ་བཞུགས་པ་ཡང་། རྒྱལ་པོ་ལ་མེར་མུར་དང་ཧབ་བརྡལ[33]གཉིས། བོད་ཀྱིས་བཀའ་ལ་གཅེས་པར་གཟུངས་ནས་ནི། རིན་ཆེན་ནོར་དང་སྨན་གྱི་རྒྱ་དཔེ[34]དང་། ཁ་ཟས་བཟང་པོ་དུས་ལས་མ་ཡོས་ཕུལ།[35] བོད་ཀྱི་བཀའ་འོག[36]ཆབ་སྲིད་དམ་པར་མཛད། བོད་ཀྱི[37]བཀའ་བསྩལ་གང་ཡིན་གུས་པས་ཉན། བྱང་ཕྱོགས་གྲུ་གུ་གེན་པར[38]བཞུགས་པ་ཡང་། བར་དུ་བཀའ་ཙན[39]བྱུང་ནས་བསྡོ་བ་ལ། སྲིན་པོ་གདོང་དམར་བོད་ཀྱིས་དམག་གཡོས་ནས།གྲུ་གུ་ཡུལ་གྱིས་ཨུ་པུ[40]མན་ཆད་དུ། བོད་ཀྱི་དམག་དཔུང་སྤྲ་ནག་ཕུབ་ནས་སུ། ཡུལ་བརླགས་མི་རྣམས་མཐའ་ནས་བཙལ་ཏེ་བཀུག[41] ཁྱིམ་གཏད་རང་རང་སོ་སོར་འཇགས་སུ་བཅུགས།[42] ཡུལ་དུ་མི་ངན་བསྟན་པ་གསུམ་འབྱུང[43]སྟེ། ཡ་ཀོས་དེད་དཔོན་ཡུན་དུ་མཚོ་ལ་བཞགས།[44] གཡུའི་ཐུབ་པ་འཇིགས་རྟེན་སྒྲོན་མ་ཡིས།[45] ཐོག་དྲང་རིན་ཆེན་ནོར་མང་ཕྱག་དུ་ཕུལ།[46] གྲུ་གུ་གེན་པར[47]བོད་ཀྱི་བྲན་དུ་བཅད། བོད་ཀྱིས་དམག་དཔག་དཔུང་ལིའི་ཡུལ་དུ་གཏེག[48] ལི་ཡུལ་ལྕགས་ར་སྨུག་པོ་བྲན་དུ་བྱས།[49] བོད་དམག་ཤར་ཕྱོགས་བེ་ཆུའི[50]ཡུལ་དུ་ཕབ། རྒྱ་ནག་བེ་ཆུའི་རྒྱལ་པོ་ཆེན་པོ་ཡིས། རང་གི་ཆབ་སྲིད་མངའ་རིས[51]བོད་ལ་ཕུལ། དར་ཟབ་རིན་ཆེན་རྔ་མོང[52]མང་པོ་དང་། ཁ་ཟས་གཅེས་པ་དུས་ལས་མ་ཡོལ[53]ཕུལ། དེ་འོག་རྒྱ་ནག་ཁེ་ཆུའི་རྒྱལ་པོ་ཡིས།[54] རིན་ཆེན་ནོར་དང་ཁ་ཟས་བཅས་པ་ཕུལ།[55] ལྷོ་ཕྱོགས་འཛམ་བུ་གླིང་གིས་གསུམ་ཉིས་ནི།བོད་རྒྱལ་སེད་ན་ལེགས་ཀྱིས་མངའ་རུ་བསྡུས།།[56]ཞེས་འབྱུང་ལ།
        གོང་གི་མ་ཡིག་འདིར་ལན་རེར་ཚིག་ལྷག་རེ་གཉིས་སླེབས་འདུག་མོད། རྒྱལ་པོ་བཀའ་ཐང་དང་འདི་གཉིས་ཡིག་ཆ་གཅིག་ལ་ཁེན་ཡོད་པ་རྟོགས་ནུས་ཤིང་། བསྡུར་བ་བྱས་ཚེ་དོན་ཁ་ཤས་ཇེ་གསལ་དུ་འགྲོ་བ་ནི། ཆབ་སྲིད་བོད་དམག་ཁྲི་ཚོ་བརྒྱ་ཞེས་པ་འདིར་ཆབ་སྲིད་བོད་དམག་ཁྲི་ཚོ་བརྒྱད་ཞེས་དང་། དེ་མུར་དམག་དཔོན་རྒྱལ་པོ་རྣམས་ནི་འདུལ་བའི་དུས་ཞེས་པར་དམག་དཔོན་རྣམས་ནི་སོ་ཁ་འདུལ་བའི་དུས། རྒྱ་ཡུལ་གཤོག་པའི་ཕྱོགས་སུ་དམག་གིས་ཕུལ་ཞེས་པར་རྒྱ་ཡུལ་ཤར་གྱི་ཕྱོགས་སུ་དམག་གིས་ཕུབ། དམག་སྒོ་གཅོད་པར་བཀའ་ཡིས་ས་བསྒུགས་ནས་ཞེས་པར་དམག་དཔུང་གཡོས་ནས་བཀའ་ཡི་བབས་སུ་བཅད། སྟག་གཟིག་ནས་སྨན་གྱི་ལྔ་དོས་ཞེས་པར་སྨན་གྱི་རྒྱ་དཔེ། གྲུ་གུ་གེ་སར་ཞེས་པར་གྲུ་གུ་གེན་པ། ཤར་ཕྱོགས་རྒྱ་ནག་ཅེས་པར་ཤར་ཕྱོགས་བེ་ཆུ་སོགས་ལོ་རྒྱུས་དངོས་ཡོད་དང་ཐག་ཉེ་བའམ་མུ་མཐུད་བརྟག་དགོས་པའི་གནད་དོན་ཡང་གང་མང་ཞིག་འབྱུང་ཞིང་། འདིར་ཡུལ་བརླགས་མི་རྣམས་མཐའ་ནས་བཙལ་ཏེ་བཀུག ཁྱིམ་གཏད་རང་རང་སོ་སོར་འཇགས་སུ་བཅུགས། ཡུལ་དུ་མི་ངན་བསྟན་པ་གསུམ་འབྱུང་སྟེ། ཡ་ཀོས་དེད་དཔོན་ཡུན་དུ་མཚོ་ལ་བཞགས།ཞེས་པར་ཡུལ་བརླག་མི་རྣམས་མོན་གྱི་ས་ལ་བསྐྱལ། ཁྱིམ་མཁར་མོན་གྱི་ས་ལ་བཏོད་ནས་ཀྱང་། ཡུལ་དུ་མི་ངན་བསྟན་པ་སུན་བྱུང་སྟེ། སྤ་བཀོང་དེད་དཔོན་ཡུལ་མཁར་འཚོ་བར་བཞག་ཅེས་རྒྱལ་པོ་བཀའ་ཐང་གི་ཚིག་སྣ་ཨེ་དག་སྙམ་ལ། བོད་བཙན་པོའི་སྐབས་མཐའི་མི་དམངས་རྣམས་བོད་དུ་བསྒྱུར་ཆེད་ཐབས་སྣ་ཚོགས་ཤིག་བཏང་འདུག་ལ། ལྷག་པར་མཐའི་དམག་ཡུལ་དབུས་སུ་འཇུག་པ་དང་ཡུལ་དབུས་ཀྱི་བོད་མི་མཐའ་རུ་འཇོག་པ་བོད་ཀྱི་ལུགས་སྲོལ་ཞིག་ཡིན་པ་ཡང་ཤེས་ནུས།
        གཞན་ནང་དོན་ཁ་ཤས་ཀྱི་སྟེང་ནས་པར་གཞི་འདིར་ཡང་སྐྱོན་ཡོད་པར་འདོད་དེ། མགོ་ནས་མར་རིམ་གྱིས་དེད་ན། རྒྱད་ཀྱི་དཔའ་བོ་དམག་གིས་སྣ་ལ་བཀྱེལ་ཞེས་པར་གྱད་ཀྱི་དཔའ་བོ་དམག་གིས་སྣ་ལ་བསྐོས་ཞེས་པ་ལ་བསྟན་དོན་གསལ་བོ་ཡོད་པ་དང་། ད་རུང་སློབ་དཔོན་ཆེན་པོས་རྣམས་སྲས་འཁོར་བཅས་རྣམས།གཡུའི་ཐུབ་པ་འཇིགས་རྟེན་སྒྲོན་མ་ཡིས།ཐོག་དྲང་རིན་ཆེན་ནོར་མང་ཕྱག་དུ་ཕུལ་ཞེས་པའི་སྐབས་དེའི་དངོས་ཡོད་གནས་ཚུལ་དང་ཨེ་མཐུན་ཡང་བསམ་ལ། སྐབས་འདིར་ནང་པ་སངས་རྒྱས་པའི་གནས་ལ་གཏོར་བརླག་མི་བྱེད་པའི་ཁྲིམས་ཡང་ཡོད་པ་ལྟ་བུ།[57] རྒྱ་ནག་ཁེ་ཆུའི་རྒྱལ་པོ་ཡིས། རིན་ཆེན་ནོར་དང་ཁ་ཟས་བཅས་པ་ཕུལ་ཞེས་པ་ཡང་ཚིག་གི་བཟློས་སྐྱོན་འབྱུང་།
        གཞན་འཇང་ཡུལ་དུ་དམག་རོགས་བཏང་ནས་ཆབ་སྲིད་བཤིག་པའི་ནང་དོན་དེ་བཀའ་ཐང་དུ་ཐོན་མེད་ཀྱང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་བོད་ཀྱི་ཆབ་སྲིད་མངའ་བདག་བོད་ལ་གཏོགས་པར་བཅུག་པའི་ལོ་རྒྱུས་དང་མཐུན་པའི་ཆ་ཡོད།
གསུམ་པ། གཅེན་མུ་རུག་བརྩན་གྱི་ལོ་རྒྱུས་སྐོར།
        ལོ་རྒྱུས་ཡིག་ཚང་གི་ཐད་ནས་སློབ་དཔོན་པདྨའི་རྣམ་ཐར་བཀའ་ཐང་གི་རིགས་འདི་ཧ་ཅང་གལ་ཆེ་ལ། བཀའ་ཐང་གནང་སའི་ཡུལ་ལམ་ཞུ་བ་པོ་མུ་ཏིག་བཙན་པོའམ་ཡིག་རྙིང་ལྟར་གྱི་གཅེན་མུ་རུག་བརྩན་གཉིས་ནི་ཡི་གེ་ཕབ་ཁྱད་ཙམ་ལས་མི་སྣ་གཅིག་ཡིན་མོད། བཀའ་ཐང་མི་འདྲ་བར་ཅུང་འཁྲུག་པའི་ཆ་ཡང་ཡོད། ཁོང་གི་ལོ་རྒྱུས་བོད་ཀྱི་ཆོས་འབྱུང་ཕལ་མོ་ཆེའི་ནང་རགས་བསྡུས་ཙམ་ལས་མི་འདུག «རྒྱལ་པོ་བཀའ་ཐང»དུ། སློབ་དཔོན་མཚན་གསོལ་མུ་ཏིག་བཙན་པོ་ཞེས། ཡབ་ཀྱིས་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ཞེས། ནང་བློན་མཚན་གསོལ་མཇིང་ཡོན་སད་ན་ལེགས། རྒྱ་ཡིས་མཚན་གསོལ་མུ་རི་བཙན་པོ་ཞེས[58]མུ་ཏིག་དང་མུ་རི། ལྡེ་སྲོང་གསུམ་མི་སྣ་གཅིག་ཡིན་པ་དང་། ཡིན་ཡང་ཚན་པ་རང་གི་དབུར་འཁོད་པའི་བཙན་པོའི་རབས་སུ་མུ་ནེ་བཙན་པོ། མུ་རུབ་བཙན་པོ། སད་ན་ལེགས་ཞེས་ཁ་ཁར་བཞག་ཡོད་པ་ནང་འགལ་དུ་མཆིས། སློབ་དཔོན་པདྨའི་རྣམ་ཐར«ཆོས་འབྱུང་མུན་སེལ་སྒྲོན་མེ»ལྟ་བུར་མཚོན་ན་ཕྱོགས་གཅིག་ནས་གོ་བ་གཅིག་དང་ཕྱོགས་གཞན་ཞིག་ནས་རྒྱལ་སྲས་ཞེས་པ་མཚན་འགོར་སྦྱར་ཡོད་པས་བཙན་པོ་དངོས་མ་ཡིན་པའི་ཤུགས་བསྟན་གྱི་གོ་བ་ཡང་ཡོད། དེ་ལ«དཀར་ཆག་འཕངས་ཐང་མ»རུ་བཙན་པོ་མུ་རུག་བརྩན་མཚན་ཅན་གྱིས་མཛད་པའི«འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་བཤད་པ»ཞེས་པ་ཡོད་པས[59]ཕྱི་རྒྱལ་གྱི་མཁས་པའི་ཁྲོད་ཁོང་ལན་ཞིག་བཙན་པོར་དབང་སྐུར་བར་མ་ཟད། སྤྱི་ལོ798ལོ་ནས་སྤྱི་ལོ802ལོའི་བར་སྲིད་ཁྲིར་བཞུགས་པའི་ལྟ་བ་ཡང་ཡོད།[60] དེ་ལ་བོད་ཀྱི་ལོ་རྒྱུས་ཡིག་ཆ་སྔ་བ་ཏུན་ཧོང་ཡིག་རྙིང་གི་བཙན་པོའི་གདུང་རབས་རིམ་བྱུང་ལས། ཁྲི་སྲོང་ལྡེ་བཙན་དང་། ཚེས་པོང་ཟ་རྨ་རྒྱལ་ལྡོང་སྐར་བཤོས་པའྀ་སྲས་། མུ་ནྀ་བརྩན་དང་། ལྡེ་སྲོང་བརྩན། མུ་བརྩན་གདུང་ཆད་ནས་། ལྡེ་སྲོང་བརྩན་དང་ཞེས་རྒྱལ་སྲས་འདི་བཙན་པོར་ཚུད་མེད།[61]  ཞྭ་ལྷ་ཁང་གི་རྡོ་རིང་ནུབ་མར་གཅེན་མུ་རུག་བརྩན་གྱི་མཚན་བྱུང་ཡོད་པར་མ་ཟད་མནའ་གན་གྱི་གྲས་སུ་ཞུགས་ཡོད་ལ། འདི་ལས་རིགས་འདེད་བགྱིས་ན་ལྷོ་བྲག་གི་སྨན་ཐང་དང་ལྡེའུ་ཅུང་གི་བྲག་བརྐོས་སྟེང་གི་ལྷ་བཙན་པོ་སྤུན་མཆེད་བྱ་བ་ཡང་མུ་རུག་བརྩན་ཡིན་པ་ཞོར་ནས་རྟོགས་ནུས། དེ་བཞིན་སྤྱི་ལོ712ལོར་བསླངས་པའི་ཞྭ་ལྷ་ཁང་གི་རྡོ་རིང་ཤར་མའི་སྟེང་ཁོང་གི་མཚན་འདི་བྱུང་མེད་པས་འདིའི་གོང་ལྷ་སྲས་ཁོང་སྐུ་གཤེགས་པར་ཡང་བཤད།[62] དེ་བཞིན་ཕྱིས་ཀྱི་ཆོས་འབྱུང་ལོ་རྒྱུས་སྔ་གྲས«ཉང་ཆོས་འབྱུང»ལ་མཚོན་ཡང་ཐང་ཡིག་གི་ལུང་གི་ཚན་པའི་སྐབས་དང་། ཕྱིས་ཀྱི་རྒྱལ་རབས་སྒྲིག་སྟངས་ཐད་སྔ་ཕྱི་འགལ་བའི་ཆ་ཡོད་པ་ཕུད། མུ་ཏིག་བཙན་པོ་ཁོང་བཙན་པོ་དངོས་ལ་བརྩིས་མེད་ཅིང་། མུ་ཏིག་བཙན་པོ་ལ་དབང་སྐུར་བའི་བར་དུ་སྣ་ནམ་པ་དང་འབྲེལ་ནས་གྲོངས་པ་དང་བང་སོ་རྒྱལ་པོ་ཟིང་ཟིང་བརྩིགས་ཚུལ་བསྟན་ཡོད།[63] «ལྡེའུ་ཆོས་འབྱུང»བསྡུས་པར་ནང་དོན་གཙོ་བོ་གོང་དང་མཐུན་པར་ཕྱིས་སུ་ཐང་མཚམས་སུ་ཕབ་ཡོད།[64] «ལྡེའུ་ཆོས་འབྱུང་རྒྱས་པ»རུ་གོང་མའི་ནང་དོན་དང་མཐུན་པ་ཕུད། «གསང་བ་ཕྱག་རྒྱ་ཅན»ལས་ལུང་དྲངས་པར་མུ་ཏིག་བཙན་པོས་ཆོས་སྣུབ་པས་སྣ་ནམ་པས་རྟ་གྲིར་བསད་ནས་བཀྲོངས་བར་བཤད།[65] དེ་བཞིན«གསང་བ་ཡང་ཆུང»དུ་ཐང་མཚམས་ཀྱི་བང་སོའི་གྲས་སུ་མུ་ཏིག་བཙན་པོ་ཡོད།[66] «སྔོན་གྱི་གཏམ་མེ་ཏོག་ཕྲེང་བ»རུ་གཅུང་མུ་ཏིག་བཙན་པོས་རྐོང་ཡུལ་རྐྱང་བུ་ཚལ་གྱི་ལྷ་ཁང་བཞེངས་ནས་རབ་ཏུ་བྱུང་བར་ཡང་བཤད།[67] ལྷ་སྲས་འདིའི་ལོ་རྒྱུས་རྒྱས་ཤོས་«ཆོས་བྱུང་ཡིད་ཀྱི་མུན་སེལ»དུ་འདི་ལྟར་སྣང་སྟེ། མངའ་བདག(བཙན་པོ་ཁྲི་སྲོང་ལྡེ་བཙན)དང་ཞང་རྒྱལ་ཚ་ལྷ་སྣང་གཉིས་ཀྱིས་འཛམ་གླིང་སུམ་ཉིས་དབང་ལ་བསྡུ་བའི་བཀའ་གྲོས་མཛད་པའི་ཚེ། ལྷ་སྲས་མུ་རུག་བཙན་པོ་ཡུམ་གྱིས་བཏང་ཡོང་བ་དང་། གཙོ་བོ་ཡང་རྒྱལ་བུ་རང་ལ་དུག་གཏོང་ངམ། མཐའ་ལ་སྤྱུགས། གང་རུང་གཅིག་བྱེད་པ་འདུག་པས་རྟོག་ཅིག་བྱས་པས། རྒྱལ་བུ་རྗེ་བློན་གྱི་བཀའ་གྲོས་སར་ཕྱིན། ཞང་གི་བུས་སྒོ་སྲུང་སྟེ། རྗེ་བློན་བཀའ་གྲོས་རྡོག་པས་དར་ཅིག་བཞུགས་བྱས་པ་དང་། རྒྱལ་བུས། ཕའི་གན་དུ་བུ་འོང་ས་མེད་ཟེར་ཏེ་རལ་གྲི་བསྣུན་ནས་ཞང་གི་བུ་བསད།……རྗེ་སྐྱེངས་ཏེ་ནོངས། ཕྱིས་འགོས་གྱིས་བར་བྱས་ཏེ། སྲས་མུ་རུག་བཙན་པོ་མཐའ་འདུལ་བའི་དམག་ལ་ལོ་གསུམ་ཐོངས།ཞང་གི་བུའི་སྟོང་ལ་གྲྭ་དོལ་གཞུང་གསུམ་བྱིན་ནས་གྱོད་འགྲིག་པར་བྱས་ཡོད། དགུང་ལོ་ཉེར་ལྔ་ནས་སོ་ལྔའི་བར་དམག་ལ་ཞུགས་ནས་སོ་ཁ་མང་པོ་བཏུལ་ཡོད་པ་དང་།སོ་ཁ་ཐམས་ཅད་མུ་རུག་བཙན་པོས་བཏུལ་བའི་ལོ་རྒྱུས་ལྡན་མ་རྩེ་མང་གིས་ཡི་གེར་བཀོད་ཅེས་«རྣམ་སྲས་སྤྲིན་གསེབ་མའི་ལོ་རྒྱུས་»སུ་འབྱུང་ཞེས་པ་དང་། ཕྱིས་སུ་ཡར་འཁོར་ནས་ཞང་རྒྱལ་ཚ་ལྷ་སྣང་གིས་རྒྱལ་བུ་བསད་ཀྱིས་དོགས་ནས་བྱང་ཀོང་དུ་སྤྱུགས། ཀོང་པོའི་མཆིམས་གད་པ་སྐྱ་བོར་ཐུགས་དམ་གྱི་ལྷ་ཁང་བཞེངས་པ་དེང་སེང་ཡོད་ཅེས་རྒྱུས་པར་ལྡེབ་མ་གསུམ་ལྷག་འཁོད་ཡོད།[68]
        གཞན«ཞྭ་ལྷ་ཁང་གི་རྡོ་རིང་ནུབ་མ»རུ། ཕྱིས་ཡབ་དང་གཅེན་ཐུགས་ནོངས་བརྟུད་པར་བྱུང་བའྀ་རྗེས།། ང་ཆབ་སྲྀད་མ་བཞེས་པའྀ་སྐབསུ་ཁ་ཅིག་ཕན་ཕུན་དང་། གདོན་སྩོན་པ་དག་ཡོད་པ་ཡང། བན་དེ་ཏིང་ངེ་འཛྀན་ཀྱིས་ཉཾ་དྲོད་ཟིན་ནས། དཔེནད་པའྀ་བཀ་གྲོས་གསོལད། ཁྲག་ཁྲུག་མྱེད་པར་བྱས། ལེགས་པ་བྱའོ་ཆོག་གི་གཞི་བཟུང་ནས། ངའྀ་ཆབ་སྲིད་ལས་སྩོགསཏེ་། སྤྱྀར་ལེགས་པའྀ་ལས་ཆེན་པོ་བྱས་ཏེ།[69]ཞེས་ཡབ་སྲས་བར་དུ་འགལ་ཟླ་བྱུང་བ་དང་།སྒོ་སྲུང་སྣ་ནམ་བུ་བསད་པར་བརྟེན་ཐང་མཚམས་སུ་ཕབ་པ་དང་ཕྱིའི་སོ་ཁ་བཟུང་། དེའི་སྐོར་ལ་པདྨ་གླིང་པའི་དཀའ་ཐང«ཆོས་འབྱུང་མུན་སེལ་སྒྲོན་མེ»རུ། ཡུམ་གྱིས་སྲས(མུ་ནེ་བཙན་པོ)དང་ཕོ་ཡོངས་དུག་གིས་བཀྲོངས། རྒྱལ་པོ་ཡབ་ཡུམ་དགོངས་རྫོགས་སྒྲིབ་སྦྱོང་མཛད། བང་སོ་འཕྱོང་ལུང་ང་ར་ཐང་དུ་བཞེངས། མུ་རུབ་བཙན་པོས་མདོ་ཁམས་གནོན་དུ་ཐེགས། ཡབ་དང་གཅེན་གཉིས་ཆོས་ཀྱི་དབྱིངས་སུ་ཐེགས། ཁྲི་ལྡེ་སྲོང་བཙན་གཅུང་དང་བྲལ་བ་དང་།[70] ཡུམ་གྱི་གཅེན་ལ་དུག་བཏང་བཀྲོངས་པ་ཡིས། མྱ་ངན་ཆེན་པོས་རྐྱེན་བྱས་སྐུ་ཁམས་སྙེལ། མདོ་ཁམས་ཀློང་ཐང་སྒྲོལ་མར་དགོངས་པ་ཡལ། ལྡེ་སྲོང་བཙན་གྱིས་ཐུགས་དམ་རྒྱུད་བསྐུལ་ཏེ། པད་འབྱུང་བྷོ་དྷི་བཻ་རོ་ནམ་སྙིང་བཞི། བོད་ཀྱི་གྲུབ་ཆེན་ལོ་ཙཱ་བཙུན་སྡེ་གཉིས། མདོ་ཁམས་ཀློང་ཐང་སྒྲོལ་མར་སྦྱན་དྲངས་ནས། ཟླ་བ་ལྔ་རུ་སྒྲིབ་སྦྱོངས་འཕྲིན་ལས་མཛད། བང་སོ་གཙུག་ལག་ཁང་གི་ཉེ་འཁོར་བཞེངས[71]ཞེས་བྱུང་ལ། ཡིག་ཚང་འདིར་གཞིགས་ན་གཅེན་མུ་རུག་བརྩན་མཐའི་སོ་ཁ་བཟུང་པའི་རིང་སྐུ་མྱ་ངན་གྱིས་མནར་ནས་མཐར་འདན་ཡུལ་ཀློང་ཐང་སྒྲོལ་མ་ལྷ་ཁང་ངམ་དེང་གི་སྲིད་འཛིན་ས་ཁོངས་སེར་ཤུལ་རྫོང་ལོ་ཕྱུག་གྲོང་བརྡལ་གཞིས་ཆགས་ཡུལ་དུ་སྐུ་གྲོངས་ཞིང་དེར་འདས་མཆོད་བསྒྲུབས་པ་ཡིན། ལོ་རྒྱུས་ཀྱི་དོན་རྐྱེན་འདིར་བསམ་ན་ད་ལྟའི་ཡུལ་འདིར་གནས་པའི་བྲག་ལྷ་མོའི་རྣམ་སྣང་རྡོ་བརྐོས་དང་དབྱེར་གོ་གྲོང་ཚོའི་རྣམ་སྣང་གི་སྐུ་འདྲ་མི་སེར་ཕལ་བའི་བཞེངས་མི་ཐུབ་པའང་ལྷ་སྲས་འདིའི་འདས་མཆོད་ཀྱི་དགོངས་རྫོགས་དང་འབྲེལ་བ་ཨེ་ཡོད་སྙམ།
        འདིར་དམིགས་གསལ་གྱི་དོ་སྣང་བྱ་དགོས་པ་ཞིག་ལ། ད་ལྟའི་སློབ་དཔོན་པདྨའི་རྣམ་ཐར་ཕལ་ཆེ་བའམ་བཀའ་ཐང་ཀུན་གྱི་བྱིངས་ལས་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་ལ་རྣམ་པ་དང་ནང་དོན་ཐུན་མོང་བའི་སྒྲིག་གཞི་ནི་མུ་རུག་བརྩན་གྱིས་ཞུས་ནས་སློབ་དཔོན་གྱིས་གསུངས་པའམ་ཡང་ན་ཁོང་དཔང་པོ་བྱས་ནས་ཇོ་མོ་ཚེ་སྤོང་བཟས་ཞུས། འདན་མ་རྩེ་མང་གིས་ཟིན་བྲིས་སུ་བཏབ་པར་སྒྲིག་ཡོད། འདི་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཕལ་མོ་ཆེས་སྒྲོམ་གཞི་ནས་བལྟས་ཚེ་ཆེས་ཁྱད་པར་བ་ཞིག་ཡིན་པ་མ་ཟད། བདག་ཅག་གི་སྟོན་པས་ཆོས་གསུང་བའི་རྒྱལ་བའི་བཀའ་འགྱུར་གྱི་དང་བསྟུན་པའི་ཆ་ཡོད་ལ། དེ་བཞིན«བཀའ་ཐང་ཡིད་ཀྱི་མུན་སེལ»དུ་མུ་རུག་བརྩན་དགུང་ལོ་ཉེར་ལྔ་ནས་སོ་ལྔའི་བར་དམག་ལ་ཞུགས་ནས་སོ་ཁ་མང་པོ་བཏུལ་ཡོད་པ་དང་། སོ་ཁ་ཐམས་ཅད་མུ་རུག་བཙན་པོས་བཏུལ་བའི་ལོ་རྒྱུས་ལྡན་མ་རྩེ་མང་གིས་ཡི་གེར་བཀོད་ཅེས་རྣམ་སྲས་སྤྲིན་གསེབ་མའི་ལོ་རྒྱུས་སུ་བྱུང་ཞེས་པ་བདེན་པ་ཡིན་ན། ལྷ་སྲས་མུ་རུག་བརྩན་གྱི་སྐུ་ཚེའི་མཛད་པའི་ཡིག་ཚང་གཞི་བཞག་ནས་ད་ལྟའི་ཐང་ཡིག་གི་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཆེས་ཐོག་མའི་རྣམ་པ་བྱུང་བར་ཡང་དོགས་པ་སྐྱེས་ཆོག་པ་སྟེ། «སྦ་བཞེད»ཁུངས་བཙུན་དུ་བཞག་ན་སློབ་དཔོན་པདྨ་བོད་ནས་ལོ་གསུམ་ལས་བཞུགས་མེད་ལ། སྐབས་དེའི་མི་སྣ་གཙོ་བོ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ལོ་རྒྱུས་ཀྱི་གནད་མང་པོ་ཞིག་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ལ་འཁེལ་དགོས་མོད། བཀའ་ཐང་ཀུན་གྱི་ལོ་རྒྱུས་ཀྱི་གནད་མང་པོ་ཁྲི་ལྡེ་སྲོང་བཙན་རིང་ལ་འཁེལ་བ། མཚམས་རེར་གཅེན་མུ་རུག་བཙན་དང་གཅུང་ཁྲི་ལྡེ་སྲོང་བཙན་ཡང་འཁྲུག་ཡོད་པར་མ་ཟད། བཙན་མོ་ཚེ་སྤོང་བཟའ་དང་མུ་ཏིག་བཙན་པོའི་བར་གྱི་མ་བུའི་འབྲེལ་བ་ཡང་མི་གསལ། མཚམས་རེར་མུ་ཏིག་བཙན་པོ་བཙན་པོའི་ཚབ་ལྟ་བུར་སྣང་ཡང་ལོ་རྒྱུས་ཀྱི་དོན་དངོས་དང་འགལ་ཡོད། «ཆོས་འབྱུང་མུན་སེལ་སྒྲོན་མེ»རུ་མུ་རུག་བརྩན་ཁམས་འདན་མའི་ས་ནས་གྲོངས་པ་ཡིན་ན་འདན་མ་རྩེ་མང་གིས་ཡི་གེར་བཏབ་པ་ཡང་ལྟོས་དབང་མ་ཡིན་པར་ཁོང་བཞུགས་སའི་ས་གནས་ཀྱི་བློན་པོ་ཞིག་ཡིན་པ་དང་། ལོ་བཅུའི་རིང་མཐའི་སོ་ཁ་བཟུང་ནས་ཕྱོགས་བཞིའི་དགྲ་བཏུལ་བའི་ལོ་རྒྱུས་སྟེང་བཀའ་ཐང་ཀུན་ཏུ་བྱུང་བའི་ཕྱིའི་སོ་ཁ་བཏུལ་བའི་ལོ་རྒྱུས་བྱུང་བ་ཡིན་ལ། ད་ལྟའི་ཡིག་ཚང་གི་ངོས་ནས་ལོ་རྒྱུས་འདི་མངའ་བདག་ཉང་ནས་བཟུང་སྒྲིག་མགོ་ཚུགས་ཡོད་པ་ཁོང་གི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལ་བལྟས་ཚེ་རྟོགས་ནུས་ལ། ཡིན་ཡང་གོང་གི་ཡིག་ཚང་ལ་ལར་ཁོང་གིས་ཆོས་སྣུབ་པ་དང་སྣ་ནམ་གྱིས་རྟ་གྲིར་བཀྲོངས་པ། རབ་ཏུ་བྱུང་ནས་ཀོང་པོའི་ཡུལ་དུ་ལྷ་ཁང་བཞེངས་པ་སོགས་ད་དུང་མི་གསལ་བའི་ལོ་རྒྱུས་ཀྱི་གསང་བ་ཤིན་ཏུ་མང་བས་ན་མུ་མཐུད་དཔྱད་པ་གཏོང་དགོས་པར་འཁུམས་སོ། །
  
ལུང་འདྲེན་དཔྱད་ཡིག
[1] པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་པོད་ཀྱི་རྡོ་བརྐོས་ཡིག་རྙིང་ཕྱོགས་བསྒྲིགས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:32.
[2] པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་པོད་ཀྱི་རྡོ་བརྐོས་ཡིག་རྙིང་ཕྱོགས་བསྒྲིགས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:136-137.
[3] གུ་རུ་ཨུ་རྒྱན་གླིང་པ། རྒྱལ་པོ་བཀའ་ཐང་། བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། 1986:227.
[4] F.W. Thomas, Tibetan Library Texts and Documents Concerning Chinese Turkestan
(Part one Library Texts ), Selected And Translated by F.W. Thomas,Stephen &Sons,LTD.,Hertford,1935:264~192. མུ་འབྲེལ་དེབ་འདིའི་གྲས་ཀྱི་གཙོ་བོ་ཞིག་རྒྱ་ཡིག་ལ་བསྒྱུར་ཡོད་པ་ནི་གཤམ་གྱི་ཐོ་འདི་ཡིན་མོད། དེབ་འདི་རྒྱ་ཡིག་ལ་བསྒྱུར་མེད།[英]F.W. 托马斯编著/刘忠译注:敦煌西域古藏文社会历史文献,民族出版社,2003年。
[5] G.tucci ,1950.the tombs of the Tibetan kings,Roma:39~40.ཞིབ་ཏུ1986ལོའི་མི་རིགས་དཔེ་སྐྲུན་ཁང་གི་པར་མ་གཞིར་བཟུང་པ་ཡིན།
[6] H.E.Richardson,1969.The inscriptions at the Tomb of Khri Lde Srong Brtsan.JRAS. 
[7] ཤ་བོ་མཁའ་བྱམས། རྒྱལ་ཆེན་བང་སོའི་རྡོ་རིང་སྐོར་ལ་དཔྱད་པ། བོད་ཀྱི་རྡོ་རིང་སྐོར་གྱི་གནའ་དཔྱད་རིག་པའི་དཔྱད་ཞིབ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2020:39-42.
[8]
王尧.吐蕃金石录,文物出版社,1982:148.
[9] དགེ་འདུན་ཆོས་འཕེལ།རྒྱལ་རབས་དེབ་ཐེར་དཀར་པོ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008:214/218.
[10] དགེ་འདུན་ཆོས་འཕེལ།གཏམ་རྒྱུད་གསེར་ཐང་། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008: 82.
[11] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2010:318.
[12] པདྨ་བཛྲ། སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཀྱི་མུན་སེལ། བོད་ལྙོངས་མི་དམངས་དཔེ་སྐྲུན་ཁང་།2010:95-96;112.
[13] Gayley, H. 2007. ’’Patterns in the ritual dissemination of Padma Gling pa’s treasures’’, in Bhutan, Traditions and Changes, edited by J.A. Ardussi and F. Pommaret. Leiden: Brill, pp. 97-120. Henry, N. 2008. La vie et l’oeuvre rdzogs chen de Padma gling pa
(1450-1521), MA thesis, Paris: Inalco. —2016. La tradition de Padma gling pa au Spiti dans la Vallée des nuages, PhD. thesis, Paris: Inalco.
[14] རྒན་ཚངས་དབང་དགེ་འདུན་བསྟན་པས་གསུངས།
[15] བཞི་རུ་ཞེས་པར་སྡེ་བཞི།
[16] སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གཡོས་ཞེས་ཁྱད་ཆེ།
[17] བརྒྱད་ཅེས་པར་བརྒྱ།
[18] དམག་དཔོན་རྒྱལ་པོ་འདུལ་བའི་དུས་སུ་ནི་ཞེས་ཁྱད་ཆེ།
[19] ཤུལ་མཚོན་ལ་བཤུལ་སེལ།
[20] སྔགས་མཁན་ལ་སྔགས་འཆང་།
[21] ཞུབ་ཆེན་ལ་ཕུབ་ཅན། འབྲུག་སྤ་བྲོ་བྲིས་མར་ཕུབ་ཆེན་ཞེས་འབྱུང་།
[22] རྒྱ་ཡུལ་གཤོག་པའི་ཕྱོགས་སུ་དམག་གིས་ཕུལ་ཞེས་ཁྱད་ཆེ།
[23] རྒྱད་ལ་གྱད་དང་བཀྱེལ་ལ་བསྐོས།
[24] ཐིག་ཕྲེང་འདི་བྱུང་མེད།
[25] ཐིག་ཕྲེང་འདི་བྱུང་མེད།
[26] ཆབ་སྲིད་མངའ་ཐང་དོ་ཟླ་མེད་པར་བྱས་ཞེས་ཁྱད་ཆེ།
[27] ཐིག་ཕྲེང་འདི་བྱུང་མེད།
[28] ཐིག་ཕྲེང་འདི་བྱུང་མེད།
[29] རཱ་ཛ་ངྷརྨ་དཔལ་དང་དྲའུ་དཔུང་།
[30] དམག་སྒོ་གཅོད་པར་བཀའ་ཡིས་ས་བསྒུགས་ནས་ཞེས་ཁྱད་ཆེ།
[31] བཟང་པོ་ལ་བཟང་དགུ མ་ཡོལ་ལ་མ་འདས།
[32] སྟག་གཟིགས་ལ་ཏ་ཟིག
[33] ལ་མེར་མུར་དང་ཧབ་བརྡལ་ལ་ལ་མེར་མུ་དང་ཧབ་གདལ།
[34] རྒྱ་དཔེ་ལ་ལྔ་དོས། དགའ་ལྡན་ཕུན་ཚོགས་གླིང་གི་དབུ་མེད་མར་ལྔ་དཔེ་ཞེས་འབྱུང་།
[35] བཟང་པོ་ལ་གཅེས་པ།མ་ཡོལ་ལ་མ་ཡོས།
[36] བཀའ་འོག་ལ་མངའ་འོག
[37] བོད་ཀྱི་ཚབ་རང་གི
[38] གྲུ་གུ་གེན་པ་ལ་གེ་སར་གྲུ་གུ
[39] བཀའ་བཙན་ལ་བཀའ་འཁོན།
[40] ཨུ་པུ་ལ་ཨོང་དུ།
[41] ཡུལ་བརླག་མི་རྣམས་མོན་གྱི་ས་ལ་བསྐྱལ་ཞེས་ཁྱད་ཆེ།
[42] ཁྱིམ་མཁར་མོན་གྱི་ས་ལ་བཏོད་ནས་ཀྱང་ཞེས་ཁྱད་ཆེ།
[43] གསུམ་འབྱུང་ཞེས་པར་སུན་བྱུང་།
[44] སྤ་བཀོང་དེད་དཔོན་ཡུལ་མཁར་འཚོ་བར་བཞག་ཞེས་ཁྱད་ཆེ།
[45] ཐིག་ཕྲེང་འདི་བྱུང་མེད།
[46] ཐིག་ཕྲེང་འདི་བྱུང་མེད།
[47] གྲུ་གུ་གེན་པ་ཞེས་པར་གྲུ་གུ་གེ་སར།
[48] གཏེག་ལ་ཕབ།
[49] བྱས་ལ་སྤྱད།
[50] བེ་ཆུ་ལ་རྒྱ་ནག
[51] མངའ་རིས་ལ་མངའ་ཐང་།
[52] དར་ཟབ་རིན་ཆེན་རྔ་མོང་ལ་དར་ཟབ་ལྔ་དོས་རིན་ཆེན།
[53] མ་ཡོལ་ལ་མ་འདས།
[54] ཐིག་ཕྲེང་འདི་བྱུང་མེད།
[55] ཐིག་ཕྲེང་འདི་བྱུང་མེད།
[56] རིགས་འཛིན་པདྨ་གླིང་པ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་སངས་རྒྱས་བསྟན་པའི་ཆོས་འབྱུང་མུན་སེལ་སྒྲོན་མེ། འབྲུག་ཐིམ་ཕུ་པར་མ། 1975-76:528.
[57] པ་ཚབ་པ་སངས་དབང་འདུས་ཀྱིས་བསྒྲིགས། གསར་རྙེད་བྱུང་བའི་སྤུ་རྒྱལ་པོད་ཀྱི་དམག་ཁྲིམས་ཡི་གེ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2017:35.
[58] གུ་རུ་ཨུ་རྒྱན་གླིང་པ། རྒྱལ་པོ་བཀའ་ཐང་། བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། 1986:117. ཡང་། སློབ་དཔོན་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ལ། མུ་ཏིག་བཙན་པོ་ལེགས་པའི་བློ་གྲོས་ཞེས།ཡབ་ཀྱིས་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ཞེས། ནང་བློན་མཚན་གསོལ་མཇིང་ཡོན་བསད་ན་ལེགས། རྒྱ་ཡིས་མཚན་གསོལ་མུ་རི་བཙན་པོ་ལགས།རྒྱལ་པོ་གཅིག་ལ་མཙན་བཞི་བ་རུ་གྲགས་ཞེས་རིགས་འཛིན་པདྨ་གླིང་པ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་སངས་རྒྱས་བསྟན་པའི་ཆོས་འབྱུང་མུན་སེལ་སྒྲོན་མེ། འབྲུག་ཐིམ་ཕུ་པར་མ། 1975-76:738.
[59] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་།2003:55.
[60] Brandon Dotson,“EmperorMu rug btsan and the ’Phang thang ma Catalogue”, Journal of the International Association of Tibetan Studies,December,2007.
[61] འབྲི་གུང་འཕྲིན་ལས་ལྷུན་གྲུབ། བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་།2010:79.
[62] Brandon Dotson,“EmperorMu rug btsan and the ’Phang thang ma Catalogue”, Journal of the International Association of Tibetan Studies,December,2007.
[63] ཉང་རལ་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་།2010:383.
[64] ལྡེའུ་ཇོ་སྲས། ལྡེའུ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1987:133.
[65] མཁས་པ་ལྡེའུ། རྒྱ་བོད་མཁས་པའི་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1987:359/376.
[66] མཁས་པ་ལྡེའུ། རྒྱ་བོད་མཁས་པའི་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1987:380.
[67] གྲགས་པ་སྨོན་ལམ་བློ་གྲོས། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2005:23.
[68] པདྨ་བཛྲ། སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཀྱི་མུན་སེལ། བོད་ལྙོངས་མི་དམངས་དཔེ་སྐྲུན་ཁང་།2010:64-67.
[69] པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་པོད་ཀྱི་རྡོ་བརྐོས་ཡིག་རྙིང་ཕྱོགས་བསྒྲིགས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2011:60.
[70] འདིར་གཅེན་གཅུང་གི་འབྲེལ་བ་ཅུང་འཁྲུག་ཡོད་པར་སྣང་།
[71] རིགས་འཛིན་པདྨ་གླིང་པ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་སངས་རྒྱས་བསྟན་པའི་ཆོས་འབྱུང་མུན་སེལ་སྒྲོན་མེ། འབྲུག་ཐིམ་ཕུ་པར་མ། 1975-76:729.


ཤ་བོ་མཁའ་བྱམས། བོད་ལྗོངས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་གནའ་དཔྱད་དང་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིན།

དཔྱད་རྩོམ་འདི་ནི༢༠༢༡ལོའི«བོད་ལྗོངས་སློབ་ཆེན་རིག་དེབ»དེབ་བཞི་པའི་སྟེང་གསལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།