རྒྱ་གར་གྱི་རྩོམ་པ་པོ་ར་ཝིད་ཋེར་ཀོར་གྱི་སྒྲུང་རྩོམ་《གྷོ་ར》།

རྩོམ་པ་པོ།:བེ་རི་འཇིགས་མེད་དབང་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-07 15:55:00 ཀློག་གྲངས།:

         རྩོམ་སྒྲུང་འདི་ཉིད་དུས་རབས་ཉི་ཤུ་པའི་མགོར་རྒྱ་གར་བའི་མཁས་པ་ཞིག་གིས་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་གནས་བབ་གཞི་ལ་བཅོལ་ནས་བྲིས་ཤིང༌། སྐབས་དེར་རྒྱ་གར་ཡོངས་རྫོགས་དབྱིན་ཇི་སྲིད་གཞུང་གི་འོག་གནོན་བཅིར་བརྡུང་གསུམ་གྱི་འབུར་འཇོག་ཇི་ལྟར་བྱས་པའི་གནས་ཚུལ་ཀུན་ད་ལྟའི་བོད་ཀྱི་སྤྱི་ཚོགས་གནས་བབ་གཉིས་མི་རིགས་ཤིག་ཆགས་འཇིག་གི་འགག་རྩར་སླེབས་པའི་ཉེན་ཁ་གཅིག་མཚུངས་ཡིན་པ་ཡང་ཀློག་པ་པོ་ཁྱེད་ཀྱིས་བསམ་བློའི་ངོར་ཁད་ཀྱིས་འཆར་འོང་ལ། དེ་དང་ཆབས་ཅིག་མི་རིགས་ཤིག་མི་རིགས་གཞན་ཞིག་གི་བཙན་འཛུལ་དང་གནོན་ཤུགས་ཀྱི་འོག་ནས་འཕར་ཚག་རྒྱབ་དགོས་ན་རིག་པའི་གཞུང་ལུགས་གང་ཞིག་ལ་རྒྱབ་བཅོལ་དགོས་སམ་སྙམ་པའི་བསམ་བློ་ཉིད་མི་སྐྱེ་ཀ་མེད་ཡིན། དེར་བརྟེན་སྒྲུང་རྩོམ་འདིའི་གོ་རིམ་མཐའ་ཆགས་ཀྱི་བྱུང་རིམ་ནང་དུའང་སྐབས་དེའི་རྒྱ་གར་བའི་སྤྱི་ཚོགས་ཁྱེད་གནའ་སྲོལ་རྩ་གཏོར་རྒྱུ་དེ་ཉམས་རྒུད་དུ་ཕྱིན་ཟིན་པའི་རྒྱལ་ཁབ་ཅིག་སླར་གསོ་བྱེད་རྒྱུའི་འཆར་འགོད་ཡང་དག་པ་ཞིག་ཏུ་ངོས་འཛིན་དང༌། གཞན་དག་གནའ་སྲོལ་གཅེས་འཛིན་གྱི་ལམ་ཆེ་ཐོག་དེང་སྲོལ་ངན་པའི་བཀག་རྡོ་གཙང་སེལ་བྱེད་རྒྱུ་དེ་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་སླར་གསོའི་ཆ་རྐྱེན་ཡང་དག་པར་ཞིག་ཏུ་ངོས་འཛིན་གྱིས་མི་རིགས་རིང་ལུགས་ཀྱི་རྨངས་གཞི་བརྟན་པོ་ལྡན་ནའང་བསམ་བློའི་ལྟ་གྲུབ་རྒྱང་རིང་དུ་བསྐལ་བའི་ཕྱོགས་ཁག་གཉིས་པོ་དེ་དག་ལ་ “གནའ་སྲོལ་རིག་པའི་ས་བོན་གྱི་རྨང་གཞི་ལ་བརྟེན་ནས་དེང་རབས་རིག་པའི་གསར་གཏོད་ཀྱི་མྱུ་གུ་འབུལ་པའི་སོ་ནམ་པ་ཞིག་བྱས་ན། ད་བཟོད་གནའ་དུས་གཉིས་ཀའི་ཞན་ཆའི་མཐའ་དང་བྲལ་བའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ལྡན་པའི་འབྲས་བུ་གཡུར་དུ་རྩ་བ་ཞིག་འབྱུང་རྒྱར་ཐེ་ཚོམ་མི་དགོས་’ པའི་བླང་བྱ་བཏོན་ནས་བསམ་བློའི་འཐབ་རྩོད་ཤུགས་ཆེ་འཕར་བའི་སྐབས་སུ་བསམ་བློའི་ལྟ་གྲུབ་དང་རིག་པའི་གཞུང་ལུགས་ཀྱི་དུན་ལམ་ལ་གནའ་དེང་གི་གཙུག་ལག་རིག་གཞུང་གི་ལམ་སྣེ་གང་ཞིག་འཚོ་དགོས་པའི་རྣམ་གཞག་ཀྱང་སྒྲུང་རྩོམ་འདིའི་རྒྱུད་རིམ་ནས་མཛུབ་བསྟན་བྱས་འདུག རྣམ་བཞག་འདི་དང༌། དེང་སང་རང་རེ་བོད་ཀྱི་གནས་སྟངས་ཐོག་གནའ་སྲོལ་མཁས་པའི་རྒན་རབས་པ་ཚོ་དང༌། དེང་ལུགས་ལ་ཞེན་པའི་གཞོན་སྐྱེས་བློ་གསལ་བ་ཚེས་དུས་རབས་འདིའི་ནང་རིག་པའི་གཞུང་ལུགས་གང་ཞིག་ལ་རྨང་གཞི་བཅོལ་དགོས་པའི་ལྟ་ཚུལ་ཐད་བསམ་བློའི་འཐབ་རྩོད་རྒྱུད་མར་བྱུང་དང་འབྱངུ་བཞིན་པའི་སྐབས་འདིར་བསྒྱུར་སྒྲུང་འདི་ཉིད་ཀྱི་བར་འཆིང་བཏབ་པའི་དར་ཟབ་ཀྱི་མདུད་པ་ལྟ་བུ་ཞིག་ཀྱང་རེད་ཅེས་བརྗོད་མི་འགྲིག་པ་མེད་པ་མངོན་ཏེ། ད་དུང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུད་ཀྱི་ཞུ་དགོས་པ་ཞིག་ནི་རྒྱ་གར་དབྱིན་ཇི་སྲིད་གཞུང་གི་དབང་བསྒྱུར་འོག་རྒྱ་གར་པའི་ཆོས་ལུགས་ལྟ་གྲུབ་དང་གནའ་སྲོལ་གོམས་གཤིས་ཐོག་གད་ཆག་ཇི་ཙམ་བཟོས་ཡོད་པ་དང༌། ་ཀོར་སོགས་རྒྱལ་གཅེས་ལྷག་བསམ་ཅན་གྱི་རྒྱ་གར་མཁས་བླུན་མང་པོས་ཐབས་ཇུས་ཇི་ལྟར་བཏོན་ཚུལ་བཅས་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ལ་ཕྱི་མིག་ཅེར་ན། སྔ་ཕྱི་བར་གུསམ་དང་དངོས་ཤུགས་རྒྱུད་གསུམ་ནས་རང་རེ་བོད་ཀྱིག་ནས་སྟངས་དང་ཁུག་ནང་ཁུག་རྒྱབ་ལྟ་བུའི་གཅིག་མཚུངས་སུ་འདུག་པས་ཀློག་པ་པོ་ཁྱེད་ཀྱི་སེམས་ཁོངས་སུ་ཚོར་བའི་བཟི་ཁ་ཆེས་ཆེར་འཕར་ངེས་ད་དུང་སྒྲུང་རྩོམ་འདི་ཉིད་ཐོག་མར་རྩོམ་པའི་སྐབས་ཀྱི་ཁོར་ཡུག་དེའི་གནས་སྟངས་དང༌། སྒྱུར་པ་པོས་བསྒྱུར་བའི་ད་ལྟའི་གནས་སྐབས་ཀྱི་ཁོར་ཡུག་གཉིས་ཀྱི་དབར་མི་རིགས་ཤིག་ཆགས་འཇིག་གི་གནས་ལ་གྱར་བའི་གནས་སྟངས་གཅིག་མཚུངས་ཡིན་ལ་བསྒྱུར་རྩོམ་འདི་ཉིད་དུས་རབས་ཀྱི་རྩོམ་སྒྲུང་རིག་པའི་ཁྱད་ཆོས་ཀྱི་རྨང་གཞི་ལྡན་པའི་སྒྲུང་རིང་ཐེངས་དང་པོ་དེ་ཡིན་པ་དང་དབྱིན་ཡིག་ཐོག་ཡོད་པའི་གྲགས་ཅན་གྱི་སྒྲུང་རྩོམ་རིང་མོ་ཞིག་བོད་སྐད་ཐོག་བསྒྱུར་བའང་ཐེངས་དང་པོ་དེ་ཡིན་སྲིད་སྙམ།

         རྩོམ་པ་པོ་འདིའི་སྙན་ངག་དང་སྒྲུང་རྩོམ་མང་པོ་ཞིག་འཛམ་གླིང་འདིར་སྐད་ཡིག་འདྲ་མིན་གྱི་ཐོག་ནས་ཁྱབ་བརྡལ་ཤིག་ཏུ་ཆེ་ནའང་རང་རེ་བོད་ལ་མཚོན་ན་སྙན་རྩོམ་ཐུང་ངུ་རེ་གཉིས་མ་གཏོགས་རྩོམ་རྒྱུུར་ཐུབ་མེད་ལ། དེའང་རྒྱ་ཡིག་ཐོག་ནས་འགྱུར་གཉིས་པ་ཙམ་ཡིན་པས་སྒྱུ་རྩལ་གྱི་བྲོ་བ་མང་ཆེ་བ་ཞིག་རང་བཞིན་གྱིས་བརླག་འགྲོ་བ་ཆོས་ཉིད་ཡིན། ག་ཤ་དངོས་གྲུབ་ཀྱིས་བོད་བསྒྱུར་གནང་བའི་ “གླུ་ཐལ་སྦྱར་བ་’ དང༌། “ཞལ་ཟས་མ་’ གཉིས་ཡོད་པར་ཡིད་རང་ཞུ་འོས་ཀྱང་རྩོམ་བསྒྱུར་གྱི་སྒྱུ་རྩལ་ཐད་གནས་ཚད་ག་འདྲ་ཞིག་ཏུ་སླེབས་ཡོད་མེད་ཟམ་གདོང་པཎཌི་ཏའི་སྔོན་བརྗོད་ལ་བརྟེན་ནས་ཤེས་ཐུབ་པ་ཞིག་ཡིན།

         ཆེས་ཡ་མཚན་དགོས་པ་ཞིག་ལ་ཝཱ་ར་ཎ་སི་མཐོ་སློབ་ནས་ཐོན་པའི་མཁས་པ་འཕགས་བོད་གཉིས་ཀའི་སྐད་ཡིག་ལ་ནང་བྱན་ཆུབ་པར་རློམ་མཁན་དེ་ཙམ་མང་པོ་བྱུང་ཡོད་ནའང་བོད་པ་རང་གིས་ཐེ་ཀོར་གྱི་རྩོམ་ཆོས་བོད་བསྒྱུར་གནང་མཁན་རྐང་གཅིག་ཀྱང་མ་བྱུང་བ་དེར་ཡ་མཚན་མི་སྐྱེ་ཀ་མེད་རེད་སྙམ། རྣམ་པར་གཅིག་ཏུ་ན་གཏན་ཚིགས་རིགས་པའི་གཞུང་ལུགས་རྣམས་སུ། “ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར།’ ཞེས་པའི་གཞུང་གི་བསྟན་དོན་ཉིད་དུ་གྲུབ་པར་འདོད་ནའང་མི་རིགས་པ་ག་ལ་ཡོད་སྙམ། ད་དུང་དེ་བས་ཡ་མཚན་དགོས་པ་ཞིག་ལ་དུས་རབས་ཉི་ཤུ་ལོ་རབས་དགུ་བཅུ་པའི་ནང་གཞི་ནས་རྒྱ་གར་དུ་སླེབས་ཤིང༌། གཏན་ཚིག་དང་ནང་དོན་རིག་པ་རྨང་གཞིར་བྱས་པའི་ཞོར་ལ༌། གཞི་ནས་དབྱིན་ཧིན་གྱི་སྐད་ཡིག་ཐོག་གོམ་པ་དང་པོ་སྤོ་བར་མཛད་མཁན་ཞིག་གིས་འཛམ་གླིང་ཐོག་སྙན་གྲགས་ཡོད་པའི་སྒྲུང་རྩོམ་རིང་པོ་འདི་འདྲ་ཞིག ལུས་སེམས་ཀྱི་ངལ་བ་དང་དཔལ་འབྱོར་གྱི་གྱོང་གུད་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ་རྩོམ་བསྒྱུར་བྱས་པ་འདིར་དོན་དངོས་ཐོག་བོད་ཀྱི་གཙུག་ལག་སྐད་ཡིག་རིག་པའི་གཞུང་ལུགས་ལ་ཤ་ཞེན་ཡོད་མཁན་གྱི་ཀློག་པ་པོ་ཞིག་ཡིན་ཕྱིན་ཆད་དགའ་བསུའི་འཛུམ་ཀོང་དང་དུངས་པའི་མིག་ཆུ་མི་དོན་ཀ་མེད་རེད།

        ལོ་ཙཱ་བ་ཁོང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཞིག་ཡོད་པ་ནི་བསམ་བློའི་འཆར་འགོད་གང་ཞིག་སྔོན་དུ་བཏང་པ་དེའི་རྗེས་རྡོ་ལ་རི་མོ་བྲིས་པ་ལྟ་བུར་ཤི་ཡང་གཞན་དུ་ཕྱོགས་པར་མི་འགྱུར་བའི་དམ་བཅའ་བརྟན་པོ་ལྡན་པ་དང༌། གང་ཞིག་བསླབ་པའི་ཤེས་བྱའི་གནས་དེར་ཉིན་མཚན་གྱི་དུས་ཚིགས་དང་ཁོར་ཡུག་གི་དབྱེ་སྒོ་མི་འབྱེད་པར་བརྩོམ་པ་ཆུ་བོའི་རྒྱུན་ལྟར་བསྲེངས་པ། འདྲ་ཆགས་དང་སྤོམ་ཉམས་ཀྱི་མཐོ་འདོད་མེད་པར་རྒན་བྱིས་དར་གསུམ་དང་ལྷག་པར་སྤྱོད་པའི་རྒྱ་གློད་པའི་མི་སྣ་ཚུན་ཆད་དང་འགྲོགས་འགྲོས་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་མིའི་ཚོར་འདུའི་ཁོར་ཡུག་ཉུལ་བར་དམིགས་བསལ་གྱི་དོ་སྣང་ཟབ་པ། བོད་ཡིག་གི་ཤེས་བྱའི་ཆུ་ཚད་མཐོན་པོའི་ཐོག་རྒྱ་ཡིག་དང་དབྱིན་ཡིག་གི་ཤེས་བྱའི་ཆུ་ཚད་ཀྱང་ངེས་ཅན་ལྡན་པ། མངོན་ལྐོག་གི་ཤེས་བྱའི་དཀའ་གནད་གང་ཞིག་ཡིན་ཡང་ཤེས་ལྡན་མི་སྣར་དྭོགས་འདྲི་བྱེད་རྒྱུར་སུན་སྣང་མེད་པ། ཟས་གོས་གནས་མལ་གྱི་ཆ་རྐྱེན་དང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དབར་ཆ་མི་མཉམ་པའི་གནས་བབ་ཀྱི་བར་སྟོང་ཇི་འདྲ་ཞིག་ལུས་ནའང་སེམས་ཁམས་ལ་ཆག་གྲུམ་མི་ཐེབས་པའི་སྙིང་སྟོབས་དང་སྤོབས་པ་ལྡན་པ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁམས་མང་པོ་ལུས་ཀྱི་བེམ་པོ་ཙམ་མ་ཡིན་པར་བློ་དང་རིག་པས་ཡང་ཡང་སྐོར་བའི་མཐོང་རྒྱ་དང་ཐོས་རྒྱའི་ཉམས་མྱོང་མང་བ། བྷང་ག་ལ་དང་ཧིན་རྡི། དབྱིན་ཇི། རྒྱ་ཡིག་བཅས་ཡིག་རིགས་བཞི་སྦྲག་གི་མ་དཔེ་ལ་གཞིར་བཅོལ་ནས་སླར་བཅོས་དང་འོལ་ཚོད་ཀྱི་གཡང་གཟར་མེད་པའི་ལམ་ཆེ་ཐོག་བོད་རང་གི་སྲོལ་རྒྱུན་གྱི་དྲི་བསུང་མ་ཡར་བའི་ལེགས་ཆ་འབུར་དུ་བཏོན་ནས་ཞིབ་བསྒྱུར་བྱས་པ་སྟེ། མདོར་ན་བསྒྱུར་སྒྲུང་རིང་མོ་འདི་ཉིད་རིམ་པར་བཞིན་ཀློག་ན་རྩོམ་པ་པོ་དང་ལོ་ཙཱ་བའི་བསམ་བློའི་དཔལ་ཡོན་དང༌། སྒྱུ་རྩལ་གྱི་འཁྱུག་འགྲོས། ཕུགས་བསམ་གྱི་མདུན་ལྗོངས། ལྟ་གྲུབ་ཀྱི་རྨང་གཞི་བཅས་འཁྱགས་རི་ལ་ཉི་མ་དང༌། གངས་རི་ལ་ཟླ་འོད་འཕོས་པ་ལྟར་གསལ་ལྷམ་མེར་མཐོང་ངེས་སྙམ།

        དེས་ན་ད་ལྟའི་ཆར་ཟླ་རེར་ཧིན་སྒོར་ཁྲི་ཕྲག་ཟ་མཁན་གྱི་མཁས་དབང་དང་རྒྱ་བོད་དབྱིན་ཧིན་ལེགས་སྦྱར་ཀུན་ལ་ཆགས་ཐོགས་མེད་པའི་ལོ་ཙཱ་བ་སོགས་ཀྱི་མིང་སྙན་པོ་ཁུར་ཏེ་རྐུབ་བཀྱགས་ཐོག་རྨོངས་གཉིད་ཁུག་ནས་དུས་ཚོད་སྐྱེལ་མཁན་དེ་རིགས་ཕོ་ཁྱོ་ག་ཡིན་ན་བོད་པའི་སྤྱི་ཚོགས་ནང་མི་རིགས་དང་སྐད་ཡིག་གཞན་གྱི་གྲགས་རྩོམ་རེ་བོད་བསྒྱུར་མཛོད་དང༌། ད་བཟོད་ཁྱོད་ཅག་དོན་དངོས་ཀྱི་ལོ་ཙཱ་བ་དང་མཁས་པའི་མིང་གིས་བསྙད་ན་བསྙད་རིན་ཆོས་པའི་གནས་རིམ་ལ་སླེབས་པ་རེད།

        ད་དུང་བོད་ཡིག་ཚིག་བཅད་རེ་གཉིས་འབྲི་ཤེས་པ་དང་རྩོམ་པ་པོ་ཡིན་སྣང་ཤར་མཁན། གྲྭ་ལོག་དང་སློབ་ལོག་དེ་རིགས་ལ་དབྱར་ཀའི་ཤ་མོ་བཞིན་སྟོང་བསམ་གྱི་སྤོབས་པ་གློ་བུར་བ་ཞིག་སྐྱེས་ནས་ཨ་རིའི་ཧོང་ཐོན་མེ་དང༌། ཧཕ་རེ་སི་མང་པོ་སང༌། ཨིན་ཌི་ཡའི་ཐེ་ཀོར། རྒྱ་ནག་གི་ཀོ་མོ་རོ། བོད་ཀྱི་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་སོགས་སྒྱུ་རྩལ་རྩོམ་རིག་ཐོག་སྙན་གྲགས་ཆེས་ཆེར་ལྡན་པའི་རྩོམ་པ་པོ་ཁ་ཤས་ཀྱི་མིང་གཞུང་བགྲངས་ནས་སྔོན་བྱོན་དམ་པ་གོང་མ་ཚོ་རྗེ་ལུས་དང་རྨོངས་རྒན། སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་ཉམས་མྱོང་མེད་པ་བཅས་ཀྱི་གྲལ་གསེབ་ཏུ་འཕངས་ནས། རང་ཉིད་བསམ་བློ་དང་རྩོམ་རིག་གསར་པའི་ལམ་ཆེ་ཐོག་སྔོན་ཐོན་གྱི་རུ་དར་སྒྲེང་མཁན་ཞིག་ཏུ་འཁྲུལ་སྣང་ཤར་མཁན་དེ་རིགས་ལའང་བསྒྱུར་སྒྲུང་འདིས་གཟུགས་རིས་མི་མངོན་པའི་འགྲམ་ལྕག་ཚ་པོ་ཞིག་བྱུགས་འདུག་སྙམ།

        མཁས་པའི་གསུང་སྒྲོས་སུ། བཻ་རོ་ཙཱ་ན་སོགས་སྔོན་གྱི་ལོ་ཆེན་ཚོས་རྒྱ་གར་བའི་གྲོང་གསེབ་པའི་སྐད་ཚུན་ཆད་ལ་ནང་བྱན་ཆུད་པའི་སྒོ་ནས་གསུང་རབ་བོད་བསྒྱུར་གནང་པས། ཚིག་སྙན་ལ་དོན་འཇེབས་པ། བརྗོད་དོན་ལ་འཁྲུལ་བའི་དྲི་མ་མ་ཞུགས་འི་ཁྱད་ཆོས་ལྡན་ལ། ཕྱིས་ཀྱི་ལོ་ཙཱ་བ་མང་པོ་བལ་ཡུལ་དུ་ཟླ་བ་ཁ་ཤས་རེ་བསྡད་ནས་ཚིག་རིས་བསྟར་ཆགས་ཀྱིས་སྒྲ་བསྒྱུར་བྱས་རིགས་ཐད་ཚིག་གི་སྒྲ་སྦྱོར་དང་དོན་གྱི་རྡོག་རྩ་གཉིས་ཀར་འཁྲུལ་བ་ཞུགས་ཚུལ་འཁོད་པ་དང༌། དེང་གི་ཆར་ཡང་རྒྱ་དབྱིན་ལེགས་སྦྱར་ཧིན་དི་སོགས་ནས་བོད་སྒྱུར་བྱེད་མཁན་ཚོའི་གནས་ཚོད་དང་ཁད་མཉམ་པའི་སྒྱུར་ཆོས་ཚོར་སྐད་ཡིག་གི་ཆུ་ཚོད་ལྡང་མཁན་ཚོས་གཟིགས་ན་བསྒྱུར་སྟངས་གི་ཐད་ལྟད་མོ་ཆེན་པོ་ཞིག་མཐོང་ངེས་སྙམ།

        ཨ་རི་ཝོང་ཐེ་མེན་རྩྭ་ལོའི་ཚོམས་བུ་མ་བརྩམས་པའི་སྔོན་སྲོལ་རྒྱུན་གྱི་རྩོམ་སྒྲིག་པའི་འགན་བཞེས་འདུག་པ་དང༌། དགེ་ཆོས་ཀྱིས་བླ་བྲང་དང་འབྲས་སྤུངས་སོགས་སུ་ཤེས་བྱ་རིག་གནས་ལྔ་ལ་བསླབས་པ། དོན་འགྲུབ་རྒྱས་ཀྱི་ཏུན་ཧུང་ཡིག་རྙིང་དང་ར་མ་ཎའི་རྟོགས་བརྗོད་ཚུན་ཆད་ལ་སྦྱོང་བརྩོན་ཇི་ཙམ་བྱས་ཡོད་པ་ཤེས་ན། ད་བཟོད་གསར་གཏོད་ཀྱི་མྱུ་གུ་གང་ཞིག་འབུས་དགོས་ན་སྲོལ་རྒྱུན་གྱི་ས་བོན་བརྟན་པོ་ཞིག་དགོས་པ་དེ་ཅིས་ཀྱང་ཤེས་ངེས་སྙམ། དེས་ན་ལོ་ཙཱ་བ་ཁོང་གཞིས་བྱེས་གཉིས་ཀར་ནང་དོན་གཙོས་པའི་འཕགས་བོད་ཀྱི་སྲོལ་རྒྱུན་རིག་པའི་གཞུང་ལུགས་ལ་བརྩོན་པ་སྔོན་དུ་སོང་མེད་ན་ཚད་མཐོའི་སྒྲུང་རིང་འདི་འདྲ་ཞིག་བོད་བསྒྱུར་གནང་རྒྱུ་ལས་སླ་བོ་མིན། རྒྱུ་མཚན་ནི་དེང་སང་གི་གསར་སྒྲུང་ཡ་ག་བ་དེ་དང་དེ་འདྲའ་རིགས་མ་ཡིན་པར་རྩོམ་པ་པོ་ཕྱི་ནང་གི་གྲུབ་མཐའ་གཉིས་ཀར་འགྲན་ཟླ་མེད་པའི་མཁས་པ་ཡིན་སྟབས་བརྗོད་ཚིག་དེ་རིགས་ སྐྱ་རྐྱ་ དང་ རྒྱ་རྐྱ་ ཐོན་མཁན་གྱི་དེང་རབས་མཁས་པ་ཚོས་ཟུར་ཆ་ཙམ་ཡང་བསྒྱུར་རྒྱུའི་སྤོབས་པ་རྙེད་ཐབས་མེད། ཡང་འཇིག་རྟེན་གྱི་ཁ་དཔེར་ཤིང་འཛེར་མེད་རྒྱ་རྫོང་གནས་སུ་དཀོན། ཞེས་པ་ལྟར་ཚིག་དོན་སྒྱུ་རྩལ་གོ་རིམ་སོགས་ལ་སྐྱོན་ཆ་རེ་གཉིས་ཡོད་པ་ནི་ཅིག་ཀྱང་སྲིད་པ་ཞིག་ཡིན་པས་དེ་རིགས་ཀློག་པ་པོ་ཚོས་ཤ་གཟུག་གསོན་པོ་ཟ་རྐྱང་མི་གནང་པར་ངང་པས་ཆུ་ལས་འོ་མ་ལེན་པ་ལྟར་གནང་རྒྱུ་ཡང་དྲན་གསོ་གཏོང་རྒྱུ་ཡིན།

        མཐའ་བསྡོམས་རྒྱ་ཆེར་ཀློག་པ་པོ་ཚོས་གསེར་སྲང་སྟོང་ཕྲག་གིས་མི་ཁུག་པའི་གྲགས་རྩོམ་བསྒྱུར་སྒྲུང་འདི་བཞིན་བོད་ཡིག་ཤེས་མཁན་ཡོངས་སུ་རྫོགས་པའི་མིག་སྔར་ཁྲ་ལྷམ་མེར་ཀློག་ཆོག་ཆོག་ཏུ་བཏོན་པ་འདིར་ནོར་བུ་རང་ལག་ཏུ་སླེབས་པར་ཤེས་ནས་ནོར་བུའི་ནོར་ཉམས་དཔྱད་རོགས་ཞུ་རྒྱུ་དང༌། གངས་ཅན་གཙུག་ལག་རིགས་པའི་གཞུང་ལུགས་འདི་ཉིད་སྲིད་མཐའི་བར་དུ་དར་ཞིང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།། ཁདྲོ། བཀྲ་ཤིས།

                                              བེ་རི་འཇིགས་མེད་དབང་རྒྱལ་གྱིས་ ༢༠༠༤ ཟླ་ ༡༠ ཚེས་ ༢༠ ལ།། །།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།