དཔེ་ཀློག་དང་དཔེ་ཆ།

རྩོམ་པ་པོ།:(འཇར་མན)ཞོ་ཕེན་ཧ་ཝུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-06 10:01:00 ཀློག་གྲངས།:
      རིག་གནས་པ་མང་པོ་ཞིག་ཤིན་ཏུ་ངན་ལ་གཡོ་དང་སྒྱུ་ཆེ་བས། ཁོ་ཚོ་ཕ་རོལ་པས་བླ་ན་མཐོ་བའི་གཤིས་སྤྱོད་དང་དོན་དམ་པའི་བློ་སྦྱོང་རྣལ་མ་འཐོབ་ལ་བརྩོན་པར་མི་མོས་པར། བྲི་རྩལ་ཡོད་རྒུ་གཅིག་ཏུ་བསྡུས་ནས་ཞུན་ཕབ་པའི་ཐབས་མཁས་ཀྱི་ཀྱོ་བ་རྣོན་པོ་དེ་སྤྱད་ནས་མི་སེམས་དགུག་ཅི་ཐུབ་ཀྱིས། ཀློག་པ་པོ་ཚོར་དུས་འཕྱོར་ཅན་གྱི་དཔེ་དེབ་གསར་བ་བཀླག་ཏུ་གཞུག་སྟེ། དམིགས་པ་ནི་སྤྱི་ཚོགས་འབྲེལ་ལམ་ཁྲོད་ནས་རང་ཉིད་ལ་བཤད་རྒྱུ་གཏམ་རྒྱུ་རེ་ཡོད་པར་བརྩོན་རྒྱུ་ལས་མ་འདས། དཔེར་ན་སི་པེན་དི་ལུན②དང་སྦོལ་བུར(Bulwer)། ཨེའུ་རྒྱེན·ཞོར·ཨེའུ་རྒྱེན་ཞོར③སོགས་ཀྱིས་སྐབས་ཅིག་ལ་མགོ་བདེ་གླགས་འཚོལ་གྱིས་རང་གི་གྲགས་པ་དོན་དུ་གཉེར་མྱོང་བ་ལྟ་བུ་རེད།འདི་ལྟ་བུའི་རྩོམ་ཡོན་གྱི་ཡོང་འབབ་ལ་དམིགས་པའི་བརྩམས་ཆོས་ཡུལ་དུས་གང་ལའང་མ་ཁྱབ་ས་མེད་པར་མ་ཟད།ཁྱབ་རྒྱ་ཤིན་ཏུ་ཆེ། དཔེ་དེབ་འདི་རིགས་ཀྱི་ཀློག་པ་པོ་ཚོ་ཇི་འདྲའི་སྙིང་རྗེ་བ་ལའང་། ཁོ་ཚོས་ཅི་མི་སྙམ་པར་རྩོམ་པ་པོ་ཉི་ཚེ་བ་དག་གི་དཔེ་གསར་དག་བཀླག་པ་རང་གི་འགན་འཁྲིར་སེམས།དེའི་རྐྱེན་གྱིས་ཁོ་ཚོས་གནའ་དེང་དང་ཕྱི་ནང་གི་རྩོམ་པ་པོ་མཆོག་གྱུར་འགའ་རེ་ཡོད་པ་ཚོའི་གཞུང་ཆེན་དག་མི་བཀླག་པས་དེ་ཚོའི་མཚན་ཙམ་ཐོས་པ་ཁོ་ནའོ།། ལྷག་པར་དུ་ཉི་མ་རེར་པར་དུ་སྐྲུན་བཞིན་པའི་གོ་བདེའི་དུས་དེབ་དག་དེ་བས་ཀྱང་གཡོ་དང་སྒྱུ་ཆེ་བས།མི་ཚོས་རིན་ཆེན་དང་པོའི་དུས་ཚོད་དག་ཆུད་ཟོས་སུ་གཏང་ནས།དོན་ངོ་མར་བློ་སྦྱོང་ལ་ཕན་པའི་བརྩམས་ཆོས་དག་བཀླག་ཁོམ་མེད་པར་འགྱུར་ལ་གྲོགས་ཏན་བྱེད། རྒྱུ་མཚན་འདི་འདྲའི་དབང་གིས། དཔེ་ཆ་ཀློག་སྐབས་སྔོན་ལ“རིག་ཚད་མཐོང་ཚད་གང་བྱུང་དུ་མི་བཀླག”པའི་གནད་འདི་ཡིད་ལ་ངེས་དགོས། དེ་ལྟར་བྱ་ནུས་ན། དཔེ་ཀློག་གི་ཐབས་ཟབ་མོ་དེ་ལ་གོམས་པར་འགྱུར། དེ་ལྟ་མ་ཡིན་པར་མང་མང་གིས་དགའ་མོས་ཡི་རང་བྱེད་སའི་དཔེ་དེབ་དག་གང་བྱུང་གིས་ལག་ཏུ་ལེན་པ་འཁྲུལ་བའོ།། དཔེར་ན། སྐབས་ཐོག་དེ་ལ་གྲགས་བཞིན་པའམ་ལོ་གཅིག་གི་ཡུན་ལ་ཐེངས་དུ་མར་པར་དུ་བསྐྲུན་པའི་དཔེ་དེབ་དག་སྟེ།སྲིད་ཕྱོགས་ཀྱི་དང་ཆོས་ཕྱོགས་ཀྱི། སྒྲུང་རྩོམ་དང་སྙན་ངག་ཕྱོགས་ཀྱི་དཔེ་དེབ་དེ་ཚོ་གང་དྲན་དྲན་གྱིས་བཀླག་པར་མི་བྱ་ལ།རྨོངས་པས་བྲིས་པའི་དཔེ་དེབ་གང་དེ་ལ་རྒྱུན་དུ་མང་མང་གིས་དགའ་མོས་ཡི་རང་བྱེད་པའི་ཚུལ་དེ་ཁྱོད་ཀྱིས་ཅིས་ཀྱང་རྟོགས་དགོས།དེ་ལ་བལྟས་ན་གསེར་ལས་དཀོན་པའི་དུས་ཚོད་དག་ཕྱོད་ཆེ་ཞིང་ཟབ་གསལ་བརླིང་པར་ཐག་བཅད་པའི་གཞུང་ཆེན་དག་བཀླག་ལ་སྤྱད་ན་ཅིས་ཀྱང་དགའ་སྟེ།དེ་དག་གི་ཁ་ཙམ་ཕྱེ་བས་ཀྱང་ཁྱོད་ལ་ཕན་རླབས་ཆེན་པོ་འབྱུང་བའི་ཕྱིར་རོ། །
      དཔེ་དེབ་ཉི་ཚེ་བ་དག་མ་བཀླགས་པས་ཁྱོད་ལ་སྐྱོན་གཟུག་མཁན་མེད་ལ། དཔེ་དེབ་བཟང་པོ་དག་བཀླགས་པས་ཀྱང་ཁྱོད་ལ་སྡིགས་མོ་བྱེད་མཁན་འབྱུང་མི་སྲིད།གཞུང་ངན་གང་ཞིག དུག་རྫས་ཇི་བཞིན་མིའི་སེམས་རྒྱུད་བརླག་བྱེད་དུ་འགྱུར་སྟེ། ཀློག་མཁན་ཕལ་བ་ཚོ་སྤྱིར་བཏང་དཔེ་གསར་བཀླག་རྒྱུར་དགའ་བས། མཁས་པ་སྔ་མ་དག་གི་ཟབ་གསལ་བརླིང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་བརྩམས་ཆོས་བཀླག་ཁོམ་མེད་པར་འགྱུར་ལ། དེ་ལ་བརྟེན་ནས་རྩོམ་པ་པོ་རང་ཡང་གནས་སྐབས་དེ་ཙམ་ཁོ་ནར་བྲིན་པའི་ལྟ་བ་མཐའ་ཅན་དེ་ལས་ནམ་ཡང་ཕར་འདའ་བ་མེད་པ་དེ་བཞིན། ང་ཚོའི་དུས་རབས་འདི་འདི་ལྟར་རང་གིས་རང་ལ་དཀྲུགས་ཤིང་བསྐྱིལ་བའི་འདམ་ནང་དུ་ལྡིང་སྟེ་གཏིང་ནས་གཏིང་ལ་བྱིང་བཞིན་པའི་ཕྱིར་རོ།།
༧ དཔེ་དེབ་གང་མང་ཞིག་གིས་བསམ་གཟས་ནས་གནའ་ཡི་བསམ་བློ་མཁན་ཆེན་དག་མཚམས་སྦྱོར་བའམ་དེ་ཚོར་དཔྱད་པ་གཏང་སྟབས།ཀློག་མཁན་རང་ག་པ་ཚོ་དཔེ་དེབ་འདི་རིགས་བཀླག་པར་སྤྲོ་པ་ལས། བསམ་བློ་མཁན་ཆེན་དག་གི་མ་རྩོམ་བཀླག་རྒྱུར་མི་དགའ།དེ་ཡང་ཁོ་ཚོ་དུས་འཕྱོར་གྱི་རྗེས་སྙེག་རྒྱུ་ཁོ་ན་ལས། འཕྲོ་མ་ལ་ཁ་ཡ་གཏན་ནས་མི་བྱེད་པའི་རྒྱུ་མཚན་གྱིས་དང་། དེའི་འཕྲོར“ཆོས་ཐམས་ཅད་རིགས་ཀྱིས་ཕྱེ”བའི་གནས་ལུགས་ཀྱི་དབང་གིས་ཏེ། ཁོ་ཚོའི་སྣང་ངོར་ཁ་སང་དེ་རིང་གི་མི་མནོག་ཆུང་དག་གི་གནས་ལུགས་ཀྱིས་སྟོངས་ཤིང་སྙིང་པོས་དབེན་པའི་གཏམ་བརྗོད་དག་མཁས་ཆེན་སྔ་མ་དག་གི་ལྟ་བ་ལས་གོ་བདེ་བར་འདོད་ནས། གཞུང་ཆེན་རྙིང་པ་དག་མིག་ལམ་དུ་མི་འགྲོ་བའི་རྒྱུ་མཚན་གྱིས་ཀྱང་ངོ་།། བདག་ཤིན་ཏུ་སྐལ་བ་བཟང་སྟེ། བྱིས་པའི་དུས་ནས་སེལ་ཀོལ④གྱི་སྙན་འཇེབས་འགྱུར་ཁུགས་ཡོངས་སུ་རྫོགས་པའི་ལེགས་བཤད་དེ་བཀླགས་ཐུབ་སོང་ལ། རྗེས་ནས་ཀྱང་རྒྱུན་དུ་དེ་ཚད་གཞིར་འཁྱེར་བ་ཡིན། དེ་ལས་ཇི་སྐད་དུ།“ཁྱོད་ཀྱིས་རྒྱུན་དུ་གནའ་དཔེ་དང་གནའ་མིའི་མ་རྩོམ་བཀླག་དགོས་པ་ལས། ཁ་སང་དེ་རིང་གི་མིས་ཁོང་ཚོར་དཔྱད་པའི་གཏམ་དག་ལ་སྙིང་པོ་ཅི་ཞིག་ཡོད”ཅེས་འབྱུང་།
      མི་རང་ག་པ་ཚོ་ལུགས་གཅིག་གིས་བླུགས་པ་ལྟར་ཕན་ཚུན་ཤིན་ཏུ་འདྲ་ཆེ་བ་ལ། དུས་སྐབས་གཅིག་གི་ནང་ལ་སྐྱེས་པའི་མི་ཚོའི་བསམ་བློ་ལྟ་བ་ཕལ་ཆེར་ཡོངས་སུ་མཚུངས་ཤིང་།ཁོ་ཚོའི་དྲན་འཆར་དག་ཀྱང་དེ་འདྲའི་འཁོས་ཆུང་བ་ལ་ཨང་། ཁོ་ཚོས་བསམ་བློ་མཁན་ཆེན་དག་གི་གཞུང་ཆེན་རྣམས་མི་བཀླག་པར་རྡུལ་ཁྲོད་དུ་བསྐྱུར་ནས། རིག་གནས་པ་མནོག་ཆུང་ཚོས་བྲིས་པའི་གོང་ཐང་མེད་པའི་དཔེ་དེབ་གང་ཞིག གསར་དུ་པར་དུ་བསྐྲུན་པ་ཞིག་ཡིན་ཚེ། དེ་མུར་སྔ་གཞུག་བརྩད་ནས་བཀླག་པའི་སྲོལ་འདི་ཇི་འདྲའི་གླེན་རྟགས་ཤིག་རེད་ཨང་། རྩོམ་པ་པོ་ཕལ་བ་ཚོས་བྲིས་པའི་བརྩམས་ཆོས་གང་ཞིགསྦྲང་ནག་ཚང་ནས་བརྡོལ་བ་བཞིན་ཉི་མ་རེ་རེར་ཐོན་ངེས་ལ། མི་རང་ག་པ་ཚོས་དེ་དག་གི་སྣག་ཚའི་དྲི་མ་ད་དུང་ཡལ་མེད་པ་ལ་བལྟས་ནས་བཀླག་རྒྱུར་བྲེལ་ཏེ། དེ་ཡང་བླུན་རྟགས་ངོ་མའོ།།བརྩམས་ཆོས་འདི་རིགས་ལོ་ཁ་ཁེར་གྱི་གཞུག་ནས་ཅིས་ཀྱང་འདོར་ངེས་ལ། དོན་དམ་པར་པར་དུ་བསྐྲུན་པའི་ཉིན་དང་པོ་དེ་ལ་འདོར་ཐུབ་ན་རབ་སྟེ། མ་དོར་ན་མི་རབས་གཞུག་མ་ཚོས་རྩེད་དགོད་ཀྱི་ཡུལ་དུ་འཁྱེར་བ་ཙམ་ལས་ཅི་ལའང་བརྩི་མི་སྲིད་པའི་ཕྱིར་རོ།།
      དུས་རབས་གང་ཞིག་ཡིན་ཀྱང་། རིག་གནས་སྒྱུ་རྩལ་རིགས་མི་འདྲ་བ་གཉིས་རེ་འབྱུང་ངེས་ལ།དེ་གཉི་གས་ཕན་ཚུན་རྣམ་པར་མི་གཅོད་པར་ལྷན་ཅིག་ཏུ་གནས་པར་འགྱུར། དེ་ཡང་རིགས་གཅིག་ནི་དོན་དམ་དུ་གྲུབ་པའི་ཆོས་དང་། ཅིག་ཤོས་ནི་ཕྱིའི་རྣམ་པར་གྱུར་བའི་ཆོས་སོ། ། སྔ་མ་ནི་མི་འཇིག་པའི་ཆོས་ཅན་གྱི་རིག་རྩལ་དུ་གྲུབ་ལ།རྩོམ་པ་པོས་ཀྱང་རྩོམ་རིག་གི་ཆེད་དུ་རྩོམ་བྲི་བས་ན། ཁོང་ཚོའི་ལས་སྦྱོར་གང་དེ་བརྟན་ཞིང་བརླིང་ལ་ཚགས་ཤིན་ཏུ་ཞིབ་ཁར།སྨྲ་བ་ཤིན་ཏུ་ཉུང་། དེ་ལྟ་ནའང་ལས་ཀའི་ས་ཕྱོད་ཤིན་ཏུ་ཆུང་སྟེ། ཡོ་རོབ་ནས་དུས་རབས་གཅིག་གི་ནང་ལ་བྱུང་བའི་བརྩམས་ཆོས་ཀྱི་གྲངས་རན་ཙམ་ཞིག་ལས་མེད་པ་ལྟ་བུ་རེད།རིགས་ཕྱི་མའི་རྩོམ་པ་པོ་དག་གི་རྩོམ་ཡིག་གང་དེ། རང་ལ་ལྟོ་གོས་ཀྱི་བདག་རྐྱེན་གནང་མཁན་འབའ་ཞིག་ཏུ་གྱུར་ཡོད་ལ། ཁོ་ཚོ་ལར་ནས་ཧོལ་རྒྱུགས་ཐོད་བརྒལ་ལ་དགའ་ཞིང་། ཁྱད་པར་དུ་ལྟད་མོ་པའི་དགའ་འབོད་ཀྱི་སྐུལ་མ་འཐོབ་པ་དེས་རྐྱེན་བྱས་པ་ན། ལོ་རེར་གྲངས་ཀྱིས་མི་ཟིན་པའི་བརྩམས་ཆོས་དག་ཚོང་རར་འགྲེམ་ནུས། དེ་ལྟ་ནའང་། ལོ་འགའ་རེའི་གཞུག་ནས་མི་རྣམས་ལ་དོགས་པ་སྣ་ཚོགས་སློང་སྟེ། དཔེ་དེབ་དེ་ཚོ་ད་ལྟ་གང་དུ་ཡོད་དམ། སྔོན་ཆད་ཀྱི་འབྲུག་བཞིན་ལྡིར་བའི་སྐད་གྲགས་དེ་ཚོ་ད་ལྟ་གང་དུ་བུད་སོང་ངམ་ལ་སོགས་པའི་དྲི་བ་གདོན་པར་འགྱུར་རོ།། དེའི་སྟབས་ཀྱིས། རིགས་ཕྱི་མ་དེ་ལ་ང་ཚོས་གཏད་མེད་ཀྱི་རིག་རྩལ་དང་། སྔ་མ་ལ་ཡུན་བརྟན་གྱི་རིག་རྩལ་དུ་བཏགས་པ་ཡིན།
༨ དཔེ་ཆ་བླུ་སྐབས་སུའང་དཔེ་ཀློག་གི་དུས་ཚོད་ངེས་ཅན་ཡོད་པ་ཤིན་ཏུ་ལེགས་ནའང་། མི་ཕལ་པ་ཚོས་རྒྱུན་པར་ཐད་ཀར་ཉོ་རྒྱུ་ལས་བཀླག་རྒྱུ་མི་དྲན། བརྒྱ་ལ་བཀླག་ནའང་ཞིབ་མོར་བཀླག་སྐབས་ཡོད་མི་སྲིད།
      དཔེ་ཀློག་ལ་དུངས་ཤིང་རེ་བའི་མི་གང་དེས། རང་གིས་བཀླགས་ཚར་བའི་དོན་ཡོངས་རྫོགས་ཡིད་ལ་གཟུང་ཐུབ་པ་དཔེར་ན། ལྟོ་འདུན་ཅན་གྱི་མི་དེས་ཟོས་ཟིན་པའི་ཟ་མ་ཡོངས་རྫོགས་ལྟོ་བར་ཉར་བ་ཇི་བཞིན་ནོ། ། འབྱུང་ཁམས་ཀྱི་ཕྱོགས་ནས་མི་རྣམས་བཟའ་བཏུང་གི་ཉེར་བསྡོགས་ལ་བརྟེན་ནས་སྲོག་འཚོ་ཞིང་།སེམས་ཁམས་ཀྱི་ཕྱོགས་ནས་དཔེ་ཀློག་ལྟ་སྦྱོང་ལས་ཐོབ་པའི་ཤེས་བྱའི་ཉེར་ལེན་ལ་བརྟེན་ནས་སྲོག་འཚོ་བར་བྱེད་པས་ན། ད་གཟོད་འདི་ལྟ་བུའི་གཟུགས་ཤེས་ཀྱི་ངོ་བོར་གྲུབ་བོ། །
      དེ་ཡང་འབྱུང་ཁམས་ཀྱིས་རང་གི་ཁམས་ལ་འཕྲོད་པའི་བཟའ་བཏུང་ལས་འཇུ་མི་ཐུབ་པའི་གནས་ལུགས་དེ་བཞིན། ཀློག་མཁན་སུ་ཡིན་ཀྱང་རང་ཉིད་མོས་སའི་ཤེས་བྱ་སྟེ། རང་གི་ལྟ་གྲུབ་བམ་དམིགས་པ་དང་འཕྲོད་པའི་ཆོས་དེ་ཁོ་ན་ཡིད་ལ་གཟུང་ཐུབ། མི་སུ་ཡིན་ཀྱང་རང་རང་ལ་དམིགས་གཏད་རེ་ཅིས་ཀྱང་ཡོད་ངེས་ནའང་། ལྟ་བའི་རྩ་ལག་ཏུ་གྲུབ་པའི་དམིགས་པ་ཡོད་མཁན་མང་པོ་མེད། ལྟ་བ་ཡོངས་སུ་གཞི་མ་གྲུབ་པའི་མི་གང་དེའི་རང་ལྡོག་གི་དགའ་མོས་ལ་ཤིན་ཏུ་ཚད་ཡོད་སྟབས།དཔེ་ཀློག་ལྟ་སྦྱོང་གི་འདུ་བྱེད་ཇི་ལྟར་བརྩམས་ཀྱང་ངལ་བ་འབྲས་མེད་དུ་འགྱུར་བས་བློ་སྐྱེད་ཅི་ཡང་འབྱུང་མི་སྲིད།
      Repetitio est Mater Studioun(སྐྱོར་སྦྱོང་ནི་དཔྱོད་འཇུག་གི་རྩ་བའོ)། རྩ་ཆེ་བའི་དཔེ་དེབ་གང་ཞིག་ཡིན་ཀྱང་། གང་མགྱོགས་ཀྱིས་བསྐྱར་དུ་ཐེངས་གཅིག་བཀླག་དགོས།དེ་ལ་དགོས་པ་གཉིས་ཡོད་དེ། དང་པོ་ནི་བསྐྱར་ཀློག་གི་སྐབས་སུ་དཔེ་དེབ་དེས་བསྟན་པའི་བརྗོད་བྱ་ཕན་ཚུན་བར་གྱི་འབྲེལ་བ་དག་སྔར་ལས་གསལ་བོར་རྟོགས་ལ། མཇུག་ཤེས་པས་མགོ་རྩོམ་ས་ཡོངས་སུ་རྟོགས་པར་འགྱུར། གཉིས་པ་ནི་ཐེངས་གཉིས་པར་བཀླག་སྐབས། བར་མཚམས་གང་ནས་ཀྱང་ཐེངས་དང་པོར་ཀློག་སྐབས་དང་མི་འདྲ་བའི་ཉམས་རྟོགས་སྐྱེ་འོང་པས། ཕྱི་མ་ཕྱི་མའི་སྐབས་སུ་རང་ལ་བཞག་པའི་བག་ཆགས་སྔ་མ་སྔ་མའི་སྐབས་དང་མི་འདྲ་བ་དཔེར་ན། སྒྲོན་འོད་མི་འདྲ་བའི་ཁྲོད་གཟུགས་གཅིག་ལ་བལྟ་བའི་མིག་ཤེས་བཞིན་ནོ། །
      བརྩམས་ཆོས་ནི་རྩོམ་པ་པོའི་བློ་དཔྱོད་ལས་ཉེ་བར་བལྟམས་པའི་ལྟ་བའི་སྙིང་པོའོ། ། གལ་སྲིད་རྩོམ་པ་པོ་གང་དེ་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་ཚེ། བརྩམས་ཆོས་དེ་ལ་ཁོའི་འཚོ་བ་ངོ་མ་ལས་ཀྱང་གྱ་ནོམ་ཕུན་སུམ་ཚོགས་པའི་དོན་འདུས་ཤིང་། ཕལ་ཆེར་རྩོམ་པ་པོ་རང་གི་འཚོ་བའི་དང་དོད་དུ་འགྱུར་ནུས་པར་མ་ཟད། དེ་ལས་རིང་དུ་བརྒལ་བའི་སྐབས་ཀྱང་མང་། རྩོམ་པ་པོ་ཉི་ཚེ་བ་དག་གི་བརྩམས་ཆོས་ལའང་དགེ་མཚན་གྱི་ཆ་དང་བྲོད་ཆ་ཅུང་ཟད་རེ་ཡོད་ངེས་ཏེ།བརྩམས་ཆོས་དེ་ཚོ་ཁོ་ཚོའི་བློ་དཔྱོད་ཀྱི་སྙིང་པོ་དང་། བསམ་བློ་ལྟ་བ་དང་དཔྱོད་འཇུག་མཐའ་དག་གི་འབྲས་བུའང་ཡིན་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི། ཁོའི་འཚོ་བ་སྟབས་ལེགས་ནས་གེགས་མེད་ལམ་འགྲོ་བྱུང་ཚུལ་དེ་ང་ཚོའི་བློར་འབབ་པའི་ངེས་པ་གཏན་ནས་མེད།དེའི་སྟབས་ཀྱིས། རྩོམ་པ་པོ་འདི་རིགས་ཀྱི་དཔེ་དེབ་མཚམས་རེར་བཀླག་ཀྱང་མི་སྟོ།ལྷག་པར་དུ། བླ་ན་མཐོ་བའི་ནང་སེམས་ཀྱི་རིག་གནས་ཀྱིས་ཡུན་དང་ཁད་ཀྱིས་ང་ཚོའི་རྟོགས་པ་ཚད་གཞན་ཞིག་ཏུ་སླེབས་སུ་གཞུག་ལ། དེ་ནས་བཟུང་དགའ་བདེ་གཞན་ནས་འཚོལ་མི་དགོས་པར་དཔེ་ཆ་དེ་ཉིད་ལས་ཟད་མེད་དུ་རྙེད་པར་འགྱུར་བ་སྨོས་མ་དགོས་སོ།།
      གནའ་དཔེ་གྲགས་ཆེན་བཀླག་ལས་འབྱུང་བའི་སེམས་ཀྱི་དགའ་བ་འདི་གཞན་སུ་དང་གང་གིས་ཀྱང་སྟེར་མི་ནུས་ཏེ། ང་ཚོས་གནའ་དཔེ་འདི་རིགས་ལག་ཏུ་བླངས་ནས་ཇ་ཐུན་གཅིག་གི་ཡུན་ལ་བཀླགས་པས་ཀྱང་། ལུས་སེམས་ལྷོད་ནས་བདེ་ལ་འབབ་ཅིང་དགའ་བས་མྱོས་ཏེ་གྲོལ་བར་འགྱུར་བ་དཔེར་ན། འཇམ་མཉེན་དྭངས་བསིལ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆུ་མིག་གི་ཆུ་བཏུང་བས་ལུས་སེམས་བདེ་བག་གིས་ཚིམ་པར་འགྱུར་བ་ལྟ་བུའོ།། དེ་ཡང་ཕལ་ཆེར་བརྡ་རྙིང་གི་ཚིག་སྦྱོར་ལ་སྙན་རོའི་ཡོན་ཏན་ཡོངས་སུ་རྫོགས་པའི་དོན་གྱིས་དང་། དེའི་འཕྲོར་རྩོམ་པ་པོ་དག་གཟི་ཆེ་ཞིང་བརླིང་ལ་གཟིགས་རྒྱང་རིང་བས། བརྩམས་ཆོས་གང་དེ་བགྲང་བྱ་སྟོང་ཕྲག་གི་ལོ་ཟླ་བརྒྱུད་ཀྱང་གོང་ཐང་ལ་ཉམས་པ་གཏན་མེད་པའི་དོན་གྱིས་ཏེ།རྒྱུ་མཚན་འདི་གཉིས་ཀྱི་དབང་གིས་སོ། ། ཁ་སང་དེ་རིང་བརྡ་རྙིང་སྦྱང་རྒྱུ་མུ་མཐུད་དེ་ཇེ་དཀའ་ནས་ཇེ་དཀར་འགྲོ་བཞིན་པ་བདེན་ནའང་།འབད་དེ་མི་སྦྱོང་བར་ནམ་ཞིག་མཚམས་བཞག་ཚེ། རིག་རྩལ་གསར་པ་རེ་འབྱུང་སྲིད་ཀྱང་། བརྗོད་བྱ་དོན་གྱི་ཐད་ནས་སྔོན་ཆད་བྱུང་མྱོང་མེད་པའི་རྩིང་ཞིང་གཏིང་མེད་པ། གོང་ཐང་གིས་དབུལ་བ་ཅན་ལས་འདའ་མི་སྲིད། འཇར་སྐད་ཀྱི་གནས་ཚུལ་ལྷག་ཏུ་དེ་བཞིན་སྟེ། ད་ལྟའི་འཇར་སྐད་ཁྲོད་ན་གནའ་དུས་ཀྱི་བཟང་ཆ་འགའ་རེ་མཐོང་རྒྱུ་ཡོད་ཀྱང་། ཆོ་མེད་ཀྱི་རྩོམ་པ་པོ་གང་མང་ཞིག་སྤྲོ་ལངས་ནས་དེ་ཚོ་བྱུང་རྒྱལ་དུ་སྤྱད་དེ། དེ་ཚོ་ཡུན་གྱིས་དོན་མེད་དོན་ལོག་མགོ་ཆག་བརླ་རྡུམ་གྱི་རྗོད་པའམ། ཅི་ཡིན་ཆ་མི་འཚལ་བའི་རྗོད་ངག་དག་ཏུ་སྒྱུར་བཞིན་པ་འདི་ཤིན་ཏུ་མི་ལེགས་སོ།།
      རྩོམ་རིག་གླིང་ན་ལོ་རྒྱུས་རིགས་གཉིས་ཡོད་དེ། གཅིག་ནི་ཆབ་སྲིད་ཀྱི་དང་།ཅིག་ཤོས་ནི་རྩོམ་རིག་སྒྱུ་རྩལ་གྱིའོ། ། སྔ་མ་ནི་བློ་རིག(ཀུན་གཞི意志)གི་ལོ་རྒྱུས་དང་། ཕྱི་མ་ནི་ཤེས་རབ་ཀྱི་ལོ་རྒྱུས་སོ། ། སྔ་མའི་བརྗོད་བྱ་འཇིགས་ཆེ་སྟེ།བྲིས་ཚད་ཐམས་ཅད་འཇིགས་སྔངས་དང་དཀའ་སྡུག གཡོ་འཕྲུལ། གསོད་གཅོད་སོགས་རེད་ལ།ཕྱི་མའི་བརྗོད་བྱ་གཙང་བདེ་ཡི་གར་འོང་བ་དག་སྟེ། མི་ཚོའི་མ་རིག་པའམ་རྨོངས་ཕྱོགས་བྲིས་པའི་ཆ་ཡིན་ཀྱང་དེ་བཞིན་ནོ།། འདི་ལྟ་བུའི་ལོ་རྒྱུས་ཀྱི་དབྱེ་སྡུད་གལ་ཆེན་དག་དོན་གྱིས་མཚན་ཉིད་རིག་པའི་ལོ་རྒྱུས་སུ་གྲུབ། མཚན་ཉིད་རིག་པ་འདི་ལྟ་བུའི་ལོ་རྒྱུས་ཀྱི་རྩ་བའི་དབྱངས་རྟ་གཉོམ་པོ་ངོ་མ་དེའོ།། འདི་ལྟ་བུའི་དབྱངས་རྟ་གཉོམ་པོ་དེ་ཡུན་གྱིས་ལོ་རྒྱུས་གཞན་པའི་ཁོངས་སུ་མཆེད་འགྲོདེའི་སྟབས་ཀྱིས། མཚན་ཉིད་རིག་པའི་སྒོ་འདི་སྟོབས་ཆེན་གྱི་ཤེས་བྱ་ངོ་མ་ཞིག་ཏུ་མངོན་ནའང་།དེའི་སྟོབས་དང་ནུས་པ་ཕྱིར་མངོན་པའི་ཡུན་ཧ་ཅང་དལ།
༩ སུ་ཞིག་གིས་སྐྱོ་གར་ཅན་གྱི་ལོ་རྒྱུས་ཀྱི་གཞུང་ཞིག་བྲི་ནས། གཞུང་དེ་ལས།འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས། རང་གི་སྨྱུག་རྩལ་ལ་དབང་འབྱོར་བའི་རྩོམ་པ་པོ་དང་སྒྱུ་རྩལ་མཁན་པོ་དག་རྒྱལ་ཁབ་ཀྱི་གཟི་བརྗིད་དུ་རློམ་ནའང་།འཚོ་བཞུགས་སྐབས་སུ་ཁོང་ཚོས་མནར་གཅོད་ཀྱི་སྡུག་ཆེན་པོ་མྱངས་པའི་ཚུལ་དག་ཇི་བཞིན་དུ་བྲི་བར་བྱ་ཞིང་། གཞུང་དེ་ལས། དུས་རབས་དང་རྒྱལ་ཁབ་ཡོད་དོ་ཅོག་ན། བདེན་པ་དང་དགེ་བ་གཉིས་རྒྱུན་དུ་ཕྱིན་ཅི་ལོག་དང་གདུག་ལས་གཉིས་ལ་འཐབ་པའི་ཚུལ་དེ་ཇི་བཞིན་དུ་བྲི་བར་བྱ་བ། གཞུང་དེ་ལས་ད་དུང་། སྒྱུ་རྩལ་གང་ཞིག་གི་ནང་ནས་མིའི་རིགས་ཀྱི་སློབ་དཔོན་ཆེན་མོ་ཚོའི་སྐུ་སྲོག་རྐྱེན་ངན་གེགས་ཚོགས་ཀྱི་ལག་ཏུ་ཤོར་ཚུལ་རྣམས་བྲི་བར་བྱ་བ།མི་རེ་འགའ་མ་གཏོགས། ཁོང་ཚོར་རྩིས་མཐོང་དང་སེམས་ཁུར་བྱེད་མཁན་ཡོད་པ་ཕར་ཟད།  ལྡོག་སྟེ་རྒྱུན་དུ་གཞན་གྱི་གཉའ་གནོན་མྱངས་པའམ་གནས་ངེས་མེད་དུ་ཁྱི་བཞིན་ལྡོམ་ནས་འཚོ་བས་ཤིན་ཏུ་ཕོངས་པར་གྱུར་ནའང་། རྒྱུ་ནོར་སྙན་གྲགས་ཐམས་ཅད་མ་རབས་ཐ་ཤལ་དག་གིས་ལོངས་སུ་སྤྱོད་ལ། ཁོང་ཚོའི་ཚུགས་ཀ་རྣམ་འགྱུར་དག་སྲིད་པ་བསྐོས་ལུགས་ལས་འབྱུང་བའི་ཨའེ་སོ(ཞལ་ཆེམས་རྙིང་པའི་གཏམ་རྒྱུད་དེ་ཨའེ་སོ་དང་ཡ་ཀུ་གཉིས་མཚེ་སྤུན་ནོ། ། ཨའེ་སོ་ཨ་ཕའི་ཆེད་དུ་རི་མགོར་གཅན་གཟན་གསད་དུ་འགྲོ་སྐབས། ཡ་ཀུས་ཨའེ་སོའི་ལྭ་བ་གྱོན་ཏེ་ཁྱིམ་ནས་ཨ་ཕའི་སྨོན་འདུན་ལ་ཉན་ནས་བསྡད་པ་དེའོ)དང་ཤིན་ཏུ་འདྲ་ནའང་། སློབ་དཔོན་ཆེན་མོ་དག་ནི་ད་དུང་དཔའ་མི་ཞུམ། གཉའ་མི་ཆགཐུགས་སྐྱོ་བ་མེད་པར་ཁུར་བརྩོན་ཆེན་པོའི་ལམ་ནས་རང་གི་མཛད་འཕྲིན་མཐའ་དག་ཚུལ་བཞིན་བསྒྲུབས་ཏེ། ལོ་རྒྱུས་ཀྱི་གཟི་དཔངས་ཡར་ལ་བསྐྱེད་ཅིང་མཚན་སྙན་བསྐལ་པ་ནས་བསྐལ་པར་གནས་འགྱུར་བའི་ཚུལ་དག་ཇི་བཞིན་བྲི་བར་བྱ་བའི་རེ་བ་བདག་ལ་ཤིན་ཏུ་ཆེའོ།།
མཆན།
①བང་ཀྱ་ཞིན་དང་བང་ཀྱན་ཀྲའོ་གཉིས་ཀྱི《རྣམ་ཤེས་ཀྱི་ས་མཚམས—ཕྱི་རྒྱལ་བསམ་བློ་པའི་འབོལ་རྩོམ་གསུང་རབ》ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གི༡༩༩༦ལོའི་པར་གཞི་ལས་བདམས།
②སི་པེན་དི་ལུན(Spindlen,1579-1688)འཇར་མན་གྱི་སྒྲུང་རྩོམ་མཁན་པོ།
③ཨེའུ་རྒྱེན•ཞོར•ཨེའུ་རྒྱེན•ཞོར(EugenSue,1804-1805)ཧྥ་རན་སིའི་སྒྲུང་རྩོམ་མཁན་པོ།
④སེལ་ཀོལ(Schlegel,1767-1845)འཇར་མན་གྱི་རྩོམ་པ་པོ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།