མིའི་རིགས་རིག་པའི་དེབ་ཁ་ཤས་ཀྱི་བཀླགས་ཐོ།

རྩོམ་པ་པོ།:ཚེ་མཆོག་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-29 14:20:38 ཀློག་གྲངས།:
རིག་གནས་ལ་ཞིབ་འཇུག་བྱས་པའི་ལོ་རྒྱུས།
                      ___མིའི་རིགས་རིག་པའི་དེབ་ཁ་ཤས་ཀྱི་བཀླགས་ཐོ།
ཚེ་མཆོག་སྐྱབས།

       ས་སྒང་འདིར་འགྲོ་བ་མིའི་རིགས་ཆགས་པའི་ཐོག་མའི་ལོ་རྒྱུས(史前史)ནི་ཤིན་ཏུ་ལྐོག་གྱུར་ཏུ་གནས་ཤིང་། མིའི་རིགས་ཀྱི་འབྱུང་ཁུངས་ཀྱི་ཐད་ལའང་ལོ་རྒྱུས་སྨྲ་བ་མང་པོས་རིགས་པའི་བརྒལ་བརྟག་མང་དུ་བགྱིས། མིའི་རིགས་ཀྱི་འབྱུང་ཁུངས་གཅིག་ཏུ་འདོད་པ་དང་འབྱུང་ཁུངས་མང་དུ་འདོད་པ་སོགས་ལྟ་བ་མང་དུ་བྱུང་། དེ་ལྟར་ཆེས་ཐོག་མར“འགྲེང་དུད”ཀྱི་ཁྱད་པར་བྱུང་སྟེ“འགྲེང་མིའི”(直立行走)གཟུགས་གཞི་གྲུབ་ཅིང་། “སྨྲ་ཤེས་ཤིང་དོན་གོ་བའི”མིའི་རིགས་ཀྱིས“མེ་བཀོལ”ཤེས་པའི་དུས་སྐབས་དེར་མིའི་རིགས་ཀྱི་ཆེས་གདོད་མའི་དུས་སྐབས་སུ་ངོས་འཛིན། མེ་བཀོལ་སྤྱོད་ཤེས་པ་དེས་མིའི་རིགས་ཀྱི་རིགས་པ་ལ་སྔར་མེད་ཀྱི་ཐོད་བརྒལ་བྱུང་སྟེ། མིའི་རིགས་ཚོགས་པ་སོ་སོར་བསྡེབས་པ་དང་། རྔོན་ལས་ཀྱི་ལག་ཆ་གསར་དུ་བྱུང་བ། སྡོད་ཁང་འཛུགས་སྐྲུན། རྫ་ཆས་བཟོ་རྩལ་སོགས་རིགས་པ་མང་དུ་བྱུང་བ་བཅས། “རྡོ་ཆས་གསར་རྙིང་གི་དུས་སྐབས”དང“ཆུ་བོ་ཆེན་པོ་བཞིའི་ཤེས་ཡོན”སོགས་རིམ་གྱིས་ཤར། དེ་དག་ནི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་དུས་ཡུན་ཤིན་ཏུ་རིང་པོར་རིམ་བརྒྱུད་བགྱིས་པ་ཞིག་ཡིན། དེ་ལྟར་སྤྱི་ལོ་སྔོན་གྱི་ལོ་བརྒྱད་བརྒྱ་ནས་ཉིས་བརྒྱའི་བར་འཇིག་རྟེན་འདིར་རིགས་པའི་ཁྱུ་མཆོག་མང་དུ་བྱུང་ཡོད་དེ། རྒྱ་ནག་གི་ཕྱོགས་སུ་ཁུང་ཙི(孔子551-479BC)དང་ལའོ་ཙི(老子571-472BC)སོགས་འཁྲུངས་ཤིང་། རྒྱ་གར་གྱི་ཕྱོགས་སུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ(释加牟尼625-545BC གནས་བརྟན་སྡེ་བའི་ལུགས་ཀྱི་འདས་ལོ།)སོགས་སྐྱེས་བུ་དམ་པ་མང་དུ་བྱོན། དེ་དང་འདྲ་བར་ཨེ་ཅིབ་དང་གྷི་རིགས། རོམ་སོགས་ནུབ་ཕྱོགས་རྒྱ་མཚོའི་མཐའི་ཡུལ་གྲུ་ཁག་ཏུ། གནའ་བོའི་མཚན་ཉིད་རིག་པ་བ་སའོ་ཀུ་ར་ཏི(苏格拉底 Socrates 469-399BC)སོགས་མིའི་རིགས་ཀྱི་རིགས་པ་སྤྱི་ལ་ཤན་ཤུགས་ཤིན་ཏུ་ཆེ་བའི་རིགས་པ་སྨྲ་བ་བསམ་གྱིས་མི་ཁྱབ་པ་མང་དུ་འཁྲུངས། རླབས་ཆེན་གྱི་སྐྱེས་བུ་དག་གི་རྣམ་དཔྱོད་ལས་བྱུང་བའི་རིགས་པ་དེ་དག་གིས་མིའི་རིགས་ལ་སྔར་མེད་ཀྱི་བློ་རྒྱ་ཡངས་པོར་བསྐྱེད་ཅིང་། རྣམ་པར་ཞིབ་པའི་རིགས་པའི་གནས་མང་དུ་གྱེས་མགོ་ཡང་བརྩམས། དེ་ལྟར་སྐྱེས་བུ་དམ་པ་དེ་དག་གི་ཞབས་ལ་གཏུགས་པའི་སློབ་མའི་ཁྲོད“འཛམ་གླིང་རྒྱན་དྲུག་མཆོག་གཉིས”ལྟ་བུ་མང་དུ་བྱུང་སྟེ། རིམ་པར་འཇིག་རྟེན་གྱི་ས་སྒང་རིལ་མོ་འདིའི་སྟེང“མཁས་བརྒྱ་འགྲན་གླེང”དང“མེ་ཏོག་མཉམ་བཞད”ཀྱི“གསེར་མདོག་གི་དུས་སྐབས”ཤིག་ཤར་བ་ལགས།
       འཇར་མན་གྱི“ཆོས་ལུགས་བཅོས་བསྒྱུར”དང་། དབྱི་ཐ་ལན་གྱི“རིག་རྩལ་བསྐྱར་དར”གྱི་རླབས་རྒྱུན་ཁྲོད། སྐད་བརྡ་རིག་པ་དང་གཏན་ཚིགས་རིག་པ། ཚིག་རྒྱན་རིག་པ་སྟེ་རྩ་བའི་རིག་ཚན་ཁག་གསུམ་དང་། ཨང་རྩིས་དང་གླུ་དབྱངས། དབྱིབས་རྩིས། གནམ་རིག་སྟེ་སྒྱུ་རྩལ་ཁག་བཞི་བཅས་པའི་རིག་ཚན་ཁག་གིས་མི་ཆོས་རིག་ཚན་གྱི་རྨང་གཞི་གྲུབ་པར་བྱས་ཡོད། “མི་ཆོས་རིང་ལུགས”སྲོག་ཤིང་དུ་བཟུང་བའི་རིག་རྩལ་བསྐྱར་དར་གྱི་རླབས་རྒྱུན་དེས་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་ལ་སླར་ཡང་གསོན་ཤུགས་གསར་བ་ཞིག་གནང་ཡོད། དུས་རབས་བཅོ་ལྔ་དང་བཅུ་དྲུག་སྐབས་ཕོལ་ཐིལ་ཀར(葡萄牙)དང་སི་ཕན(西班牙)གྱི“གྲུ་ལམ་འཚོལ་ཞིབ”ཀྱི་གྲུབ་འབྲས་ཁྲོད། འཛམ་གླིང་ཤར་ནུབ་དང་གླིང་ཕྲན་སོ་སོའི་བར་གྱི་བཀག་རྒྱ་བཀྲོལ་ཏེ། ས་སྒང་འདིའི་ཡུལ་གྲུ་ཁ་ཐོར་གྱི་རྣམ་པ་དེ་ཅུང་ཙམ་གཅིག་གྱུར་དང་། “ས་རྒྱུས་རིག་པ”བས་ས་བཀྲ་དང་སའི་གོ་ལའི་དབྱིབས་གཟུགས་གསར་དུ་བཟོས་པ་སོགས་ལ་བརྟེན། ཡུལ་གྲུ་ཕན་ཚུན་བར“ཚོང་འགྲུལ”དང“དམག་འཁྲུག”གི་འབྲེལ་བ་བྱུང་། ཕན་ཚུན་བར་ཐུག་འཕྲད་མང་དུ་བྱུང་བའི་དབང་གིས་ས་ཁོངས་སོ་སོའི་ས་ཁམས་ཀྱི་ཆགས་ཚུལ་དང་། ཡུལ་སྲོལ། སྐད་རིགས། ཟ་འཐུང་སོགས་ཀྱི་ཁྱད་པར་ལ་ངེས་ཤེས་དྲངས། ས་ཁོངས་སོ་སོ་བདག་ཏུ་བཟུང་བའི་ཚོ་ཁག་དང་ཚོ་བ་མང་པོ་ལྷན་དུ་བསྡེབས་ཏེ་རིམ་པར“རྒྱལ་ཁབ”ཀྱི་རྣམ་པར་གྲུབ་ཅིང་། ཕན་ཚུན་བར་བཙན་འཛུལ་དང་མངའ་ཁོངས་རྒྱ་བསྐྱེད་ཀྱི་མཇུག་འབྲས་ལས། “ཉི་མ་མི་ནུབ་པའི་རྒྱལ་ཁབ”དང“སྟོབས་ལྡན་རྒྱལ་ཁབ”སོགས་བྱུང་། སྟོབས་ལྡན་དང་ཉམ་ཆུང་གི་ཁྱད་པར་ལས་ཕན་ཚུན་བར་མི་ཚོང་རྒྱག་པའི་སྲོལ་ཡང་བྱུང་སྟེ། “མི་ནག་བྲན་གཡོག་གི་ཉོ་ཚོང”དང“ཟུར་གསུམ་ཉོ་ཚོང”སོགས་མི་རྒྱུ་གཉིས་བརྗེ་རེས་ཀྱི“མི་སེར་སྤེལ་ཡུལ་རྒྱ་བསྐྱེད”ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གྱི་རྒྱུ་རུ་སྨིན། སྲིད་འབྱོར་གྱི་དགོས་མཁོ་ལ་དམིགས་ཏེ་མངའ་ཁོངས་རྒྱ་བསྐྱེད་དང་མི་རིགས་དབང་བསྒྱུར་སོགས་བྱེད་སྐབས། ཡུལ་སྲོལ་དང་སྐད་རིགས་མི་གཅིག་པ་མང་པོར་འབྲེལ་བ་བྱུང་ཞིང་། དེ་དག་དབང་དུ་བསྡུ་བར་མི་རབས་རིམ་བརྒྱུད་ནང་ཤ་དང་རུས་པར་སིམ་པའི་ཡུལ་གྲུ་སོ་སོའི་རིག་གནས་དེར་རྒྱུས་མངའ་ཡོད་རྒྱུ་ནི། “བཙན་རྒྱལ”གང་དེས་མི་རིགས་ཤིག་ཁོངས་སུ་བསྡུ་བའི་ལག་ཆ་གལ་ཆེན་ཞིག་ཏུ་མཐོང་བས། “བཙན་པོས་འབྱོར་བ་བླ་ནས་སྦྱར”ཏེ་རིག་གནས་ལ་ཞིབ་འཇུག་བྱེད་པའི་སྲོལ་དེ་བྱུང་བས། རྩིས་རིག་དང་སྐྱེས་དངོས་རིག་པ། དངོས་ལུགས། རང་བྱུང་ཚན་རིག ས་རྒྱུས་རིག་པ། གཤགས་བཅོས་རིག་པ། ཕྱི་ནད་རིག་པ། གཟུགས་འདས་རིག་པ། གནམ་དཔྱད་རིག་པ་སོགས་རིག་ཚན་མང་པོ་གསར་དུ་དར། རིག་ཚན་དེ་དག་གིས་ཉེ་དུས་ཀྱི་འཛམ་བུ་གླིང་གི་རིག་གནས་ཁྲོད་ཤན་ཆེན་པོར་ཐེབས་ཏེ། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ཤེས་རྟོགས་བྱེད་པའི་རིག་ཚན་ཁག་ལ་བྱས་རྗེས་བཞག་ཡོད། དེ་ལྟར “དབང་བསྒྱུར”དང“བཙན་འཛུལ”གྱི་དམིགས་ཡུལ་ཐ་ཤལ་བ་ལ་རྐྱེན་བྱས་ཏེ་མི་རིགས་གཞན་པའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་དབུ་དེ་བརྩམས་སོ། །
       ད་ནས་གོང་ལ་བརྩིས་པའི་མི་ལོ་བརྒྱ་དང་བརྒྱད་ཅུ་ཡས་མས་ཀྱི་སྐབས་ཤིག འཇིག་རྟེན་འདིའི་རིགས་པའི་གནས་མང་པོར་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ལྟ་བ་ཞིག་བྱུང་མྱོང་སྟེ། དེ་ནི་སྐྱེས་དངོས་རིག་པའི་ཡབ་ཆེན་དུ་གྲགས་པའི་ཏར་ཝིན(查尔斯·达尔文 Charles Darwin 1809.2.12-1882.4.19)གྱིས་སྤྱི་ལོ1859ལོར་མཛད་པའི«དངོས་རིགས་ཀྱི་འབྱུང་ཁུངས»(物种起源 The Origin of Species)ཞེས་པའི་དེབ་དེ་མི་ཡུལ་དུ་འཁྲུངས། དེའི་ནང“སྐྱེས་དངོས་འཕོ་འགྱུར་གྱི་གཞུང་ལུགས”(生物变迁理论)དང“རང་བྱུང་གིས་གདམ་གསེས”(自然选择)སོགས་ཀྱི་ལྟ་བ་བཏོན། སྐྱེས་དངོས་བྱུང་འཕེལ་གྱི་གཞུང་ལུགས་འདིའི་ནང་སྐྱེས་དངོས་ཀྱི་འཕེལ་རྒྱས་དེ་རང་བྱུང་ཁམས་དང་འབྲེལ་ཞིང་། རང་བྱུང་ཆོས་ཉིད་དང་བསྟུན་ཏེ་སྐྱེས་དངོས་ཁ་ཤས་ཡུན་དུ་གནས་པ་དང་། ཁ་ཤས་འཇིག་པ། ཁ་ཤས་གསར་དུ་བྱུང་བ་སོགས་སྐྱེས་དངོས་འཕེལ་འགྱུར་གྱི་སྐོར་ནས་རིགས་པའི་གཞུང་ལུགས་ཤིག་གི་བརྩམས་ཆོས་ཚད་ཐུབ་ཏུ་གྲུབ། གཞུང་ལུགས་འདིའི“འཕེལ་འགྱུར”(进化)གྱི་བརྡ་ཆད་འདི་ལ་རྗེས་ཀྱི་མཁས་པ་མང་པོས་འགྲེལ་ལོག་བྱས་པའི་མཇུག་འབྲས་ལས། འཇིག་རྟེན་འདིར“རིགས་རྒྱུད་རིང་ལུགས”དང“མི་རྒྱུད་དཀར་ནག” “རིག་གནས་བཟང་ངན”སོགས་ཀྱི་ལྟ་བ་རྒྱ་ཆེར་བསྐྱེད། བླུན་པོ་སྙིང་ཁམས་ཅན་སྐོར་ཅིག་གིས་མི་རིགས་དང་རིག་གནས་ལ་མཆོག་དམན་གྱི་ཚད་ཐིག་བཟུང་སྟེ། “མི་རིགས་དམར་གསོད”དང“འཛམ་གླིང་དམག་ཆེན”སོགས་ཀྱི“མུན་ནག་གི་དུས་སྐབས”ཤིག་བྱུང་། སི་པེན་སེ(斯宾赛 Sbencer)ཡི“འཚོ་གནས་བསྟུན་མཁན”(适者生存)ནམ་ཆེས་འོས་ཤིང་འཚམ་པར་འཚོ་བཞེས་བྱེད་པའི་བསམ་བློ་དང་། “སྤྱི་ཚོགས་ཏར་ཝིན་རིང་ལུགས”(社会达尔文主义)སོགས་ཀྱི་མྱུ་གུ་འབུས་ཏེ་རིགས་རྒྱུད་ཀྱི་སྐོར་ལ་ཞིབ་འཇུག་བྱེད་ཅིང་། མིའི་རིགས་ཀྱི་རིགས་རྒྱུད་ཁ་ཤས་ནི་སྤྱི་ཚོགས་ཀྱི“ནད”དང་། ཁ་ཤས་ནི་སྤྱི་ཚོགས་ཀྱི“ནོར་བུ”ལྟ་བུའི་བསམ་བློ་འཁོར་ཏེ། མི་རྒྱུད་ཀྱི་ཤ་མདོག་དང་གདོང་དབྱིབས། གཟུགས་གཞི་བཅས་ཀྱི་ཆ་ནས་རིགས་རྒྱུད་ཀྱི་ཁྱད་པར་བཟུང་། མི་རྒྱུད་ནག་པོ་ནི་སྐྱེས་མ་ཉིད་ནས་ངན་པར་མཐོང་བ་དང་མི་རྒྱུད་དཀར་པོ་ནི་སྐྱེས་མ་ཉིད་ནས་བཟང་པོར་བརྩི་བ་སོགས་ཀྱི་ལྟ་བ་ཐ་ཤལ་བ་དག་བྱུང་བས། “རིགས་མཆོག”(优等种族)ནི་སྤྱི་ཚོགས་ཀྱི་འཚོ་གནས་དང་འཚམ་ཞིང་། “རིགས་དམན”(劣势种族)ནི་སྤྱི་ཚོགས་བརླག་པར་བྱེད་པའི་གཏེ་བོ་ཞིག་ཏུ་མཐོང་སྟེ། དུས་རབས་ཉི་ཤུའི་མགོར་ཨ་རིའི་མི་རྒྱུད་དཀར་པོས་ཡོ་རོབ་ཤར་ལྷོ་ནས་གནས་སྤོར་བྱས་པའི་རིགས་དམན་གྱི་ཁྱུ་དེས་ཨ་རིའི་སྤྱི་ཚོགས་སྦག་བཙོག་བྱེད་པར་སེམས་ཁྲལ་བྱེད་པའི་སྐབས་ཤིག་ཤར། ལྟ་བ་ངན་པ་འདི་དག་གི་ཤུགས་ལས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས། ཤི་ཐུ་ལན(希特勒)གྱི“མི་རིགས་དམར་གསོད་ཆེན་མོ”སོགས་མི་ཡུལ་འདི་དམྱལ་ཁམས་སུ་བསྒྱུར་བའི་དམག་འཁྲུག་གི་དུས་སྐབས་བྱུང་། རིགས་རྒྱུད་རིང་ལུགས་ཀྱི་ལྟ་བ་ངན་པ་དེ་ད་ལྟའི་བར་མིའི་རིགས་ཀྱི་ནང་སེམས་སུ་སིམ་པར་བྱས་ཡོད་དེ། “ཕྱི་གླིང་མགོ་སེར”དང“ཧྥེ་གླིང་མི་ནག” “རྒྱ་ངན” “འཇར་པན་བཙན་རྒྱལ་རིང་ལུགས”སོགས་ཀྱི་ཚིག་ཟུར་ལས་རིགས་རྒྱུད་དང་ས་ཁོངས་བར་མཐོང་ཆུང་དང་མི་མཐུན་པའི་སེམས་ཁམས་ཤིག་ག་ལེར་མཐོང་ཐུབ་བོ། །
       “སྐྱེས་དངོས་ཀྱི་འཕེལ་འགྱུར”དེ“རིག་གནས”ཀྱི་བྱུང་འཕེལ་དང་འབྲེལ་ཏེ། རིག་གནས་མིའི་རིགས་རིག་པའི་གྲུབ་མཐའ་སྟེ“གནའ་རབས་འཕེལ་འགྱུར་སྨྲ་བ”(古典进化论)བྱུང་། གྲུབ་མཐའ་འདི་ཉིད་ཀྱིས་རིག་གནས་ཡོད་ཚད“ཚད་ཤིང་གཅིག”གི་སྟེང་བཞག་སྟེ། མཐོ་དམའ་དང་མཆོག་དམན། སྔོན་ཐོན་དང་རྗེས་ལུས་ཀྱི་ལྟ་བ་བཏོན་པ་བཅས་གོང་འཁོད་ཀྱི་རིགས་རྒྱུད་རིང་ལུགས་ཀྱི་བསམ་བློའི་རྒྱུ་རུ་གྱུར། དུས་སྐབས་འདིར“རིག་གནས”ཞེས་པ་ནི“རིག་གནས་ཆེ་ཆུང་བཅུ”དང“གཙུག་ལག་རིག་གནས”ལྟ་བུའི་རིགས་པའི་གནས་བྱེ་བྲག་ཅིག་ཏུ་མི་འདོད་དེ། འཕེལ་འགྱུར་སྨྲ་བའི་གྲུབ་མཐའི་མཁས་པ་ཆེན་པོ་ཐའེ་ལེས(泰勒 Tylor 1832-1917)“རིག་གནས་སམ་ཤེས་རིག་ཅེས་པ་ནི། མི་རིགས་རིག་པའི་དོན་སྙིང་རྒྱ་ཆེན་པོའི་ཆ་ནས་བརྗོད་ན། དེ་ནི་སྣ་འདུས་ཀྱི་ཕུང་བོ་ཧྲིལ་བོ་ཞིག་སྟེ། དེར་ཤེས་བྱ་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། བཅའ་ཁྲིམས། ཡུལ་སྲོལ་བཅས་དང་། སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་མི་རྣམས་ཀྱི་སྦྱངས་གོམས་ལས་བྱུང་བའི་ནུས་པ་དང་གོམས་གཤིས་གཞན་པ་མཐའ་དག་འདུས་པ་ཡིན”ཞེས་རིག་གནས་ལ་སྒྲ་ཡངས་འཇུག་གི་མཚན་ཉིད་བཀོད། མཚན་ཉིད་འདི་རྗེས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་མཁས་པ་ཕལ་མོ་ཆེས་ལུང་ཁུངས་སུ་བྱས། ཐའེ་ལེ་ཡི་བརྩམས་ཆོས«གདོད་མའི་རིག་གནས»(原始文化)ཞེས་པ་སྤྱི་ལོ1871ལོར་པར་དུ་བསྐྲུན་པ་དང་ལྷན་སྙན་གྲགས་ཀྱང་ཤིན་ཏུ་རྒྱས། ཁོང་ནི་ཆོས་ལུགས་དད་མོས་དང་ཁྱིམ་ཚང་། གཉེན་སྒྲིག་གི་སྐོར་བཅས་གདོད་མའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཏུ་གྱུར། སྤྱི་ལོ1877ལོར«གནའ་རབས་སྤྱི་ཚོགས་སམ་མིའི་རིགས་རྨོངས་མུན་དུས་རབས་ནས་དམུ་རྒོད་དུས་རབས། དེ་ནས་ཤེས་རིག་དུས་རབས་སུ་འཕེལ་བའི་བརྒྱུད་རིམ་ལ་དཔྱད་པ»(གནའ་རབས་སྤྱི་ཚོགས།古代社会)ཞེས་པའི་དེབ་ཤིན་ཏུ་གྲགས་ཅན་ཞིག་པར་དུ་བསྐྲུན། དེབ་འདི་ནི་ཨ་རིའི་མིའི་རིགས་པ་བ་དང་གནའ་རབས་འཕེལ་འགྱུར་སྨྲ་བའི་མཁས་དབང་མོ་ཨེར་ཀེན(摩尔谷Morgan 1818-1881)གྱིས་མཛད་པ་ཡིན། དེབ་འདིའི་ནང་ཤིན་ཏུ་གྲགས་ཆེ་བའི་ལྟ་བ་ནི། གདོད་མའི་སྤྱི་ཚོགས་ཀྱི་དུས་རིམ་དབྱེ་སྟངས་ཏེ། “རྨོངས་མུན་དུས་རབས”དང“དམུ་རྒོད་དུས་རབས” “ཤེས་རིག་དུས་རབས”བཅས་དུས་རིམ་གསུམ་དུ་དབྱེ་ཞིང་། སོ་སོར་ཡང་དམའ་འབྲིང་མཐོ་གསུམ་གྱི་རིམ་པར་ལྟར་ངོས་འཛིན་བྱས་པ་སོགས་རིག་གནས་ཞིབ་འཇུག་གི་ལེགས་ཚོགས་སུ་གྲུབ་སྟེ། རྣམ་པར་ཞིབ་པའི་རིགས་པ་འདི་དག་གིས་རིག་གནས་ཀྱི“གསེར་གྱི་ཡལ་ག”རེ་རེར་ཞིབ་པར་འཇུག་པའི་སྒོ་འཕར་ཡངས་པོར་ཕྱེས།
       རིག་གནས་ཀྱི“འབྱུང་ཁུངས”འཚོལ་ཞིབ་དང་འགྲོགས་ཏེ། མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་ནི“ཁྱབ་སྤེལ”དང“བརྗེ་རེས”ཀྱི་ལོ་རྒྱུས་ཤིག་ཏུ་ཁས་འཆེས། ས་ཁོངས་སོ་སོའི་བར“ཆོས་སྤེལ”དང“ཚོང་ལས” “དམག་འཁྲུག”བཅས་ཀྱི་འབྲེལ་བ་བྱུང་སྟེ། “ཕྱི་ཕྱོགས་བཀག་བཅད”ཀྱི་རྣམ་པ་ལས་རྒྱལ་ཏེ་ཕན་ཚུན་བར་འབྲེལ་འདྲིས་ཀྱི་རྒྱུན་ཡུན་ཏུ་བསྲིངས། ལེ་བར་སྟོང་ཕྲག་གིས་བཅད་པའི་འགོལ་སའི་རིག་གནས་མང་པོར“ཉེ་མཚུངས”ཀྱི་ཆ་མང་པོར་མཆིས་པས། འཇར་མན་གྱི་མིའི་རིགས་རིག་པ་བ་ཀོ་ལེ་པུའུ་ནེ་ཨེར(格雷布内尔Graebner 1877-1934)གྱིས་འཛམ་གླིང་གི་ཡུལ་ཁོངས་སོ་སོའི་ཉེ་མཚུངས་ཀྱི་རིག་གནས་ལ་ཞིབ་འཇུག་བགྱིས་ཏེ། “རིག་གནས་ཀྱི་དཀྱིལ་འཁོར”(文化圈)ཞེས་པའི་གཞུང་ལུགས་བཏོན། རིག་གནས་ཀྱི་འབྱུང་ཁུངས་གཅིག་ཏུ་བྱས་ཏེ་རིམ་པར་ས་ཁོངས་སོ་སོར་ཁྱབ་སྤེལ་བྱུང་བ་ལས། མིའི་རིགས་ཡོད་ཚད་ནི་རིག་གནས་གསར་གཏོད་ཀྱི་བྱེད་པོར་མི་འདོད་པའི་ལྟ་བ་འདིས། “ཨེ་ཅིབ་ལྟེ་བར་སྨྲ་བ”དང་ཉེ་མཚུངས་རིག་གནས་ཀྱི་འབྱུང་ཁུངས་གཅིག་ཁོ་ནར་འདོད་པའི་བསམ་ཕྱོགས་ཐལ་དྲགས་པ་སྐོར་ཅིག་བསྐྱེད། རིག་གནས་ཤིག་གསར་བསྐྲུན་ཐུབ་མིན་དང་རིག་གནས་ཀྱི་འཕེལ་རྒྱས་ནི་རྒྱུད་སྐུད་གཅིག་གི་གོང་འོག་ཏུ་བཞག་པའི་རིག་གནས་འཕེལ་འགྱུར་སྨྲ་བའི་ལྟ་བ་གཉིས་རྐྱ་འཐབ་སྟེ། “རིག་གནས་ཁྱབ་སྤེལ་སྨྲ་བའི་གྲུབ་མཐའ”(文化传播论学派)འདི་དབུ་བརྙེས་སོ། །རིག་གནས་ཀྱི་འབྱུང་རྩ་དང་འཕེལ་རྒྱས་ཀྱི་ཤུལ་ལམ་འཚོལ་མཁན་ཁ་ཅིག་གིས“ཕྱོགས་ལྷུང”གི་སྡང་མིག་ཅེར། གཡོ་ཟོལ་གྱི་སྨིན་མ་གཡོ། ཕྲག་དོག་གི་འཁོན་འཛིན་བཟུང་བའི་རིག་གནས་ཞིབ་འཇུག་ལ་ལམ་འཛོལ་བྱུང་སྟེ། མི་རིགས་བར་མཆོག་དམན“དགྲ་གཉེན”གྱི་འཁོན་སེམས་བསྐྱེད་ནས“དགྲ་འདུལ་གཉེན་སྐྱོང”གི་མཛད་པ་མང་པོ་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་ཡུན་གྱིས་བཞུར།
       དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ། མིའི་རིགས་རིག་པའི་མཁས་པའི་ཁྱུ་ཚོགས་ཁྲོད“གངས་ལ་ཉི་མ་ཤར་འདྲ་བའི”མཁས་པ་ཞིག་བྱོན་པས། རིག་གནས་ཞིབ་འཇུག་ལ“གསེར་མདོག་གི་དུས་སྐབས”ཤིག་ཤར། མི་རིགས་ཕན་ཚུན་བར་དམའ་འབེབས་དང་མཐོང་ཆུང་། ཁྱད་གསོད་དང་ཟུར་ཟ་སོགས་ཀྱིས་ཉམ་དམའ་བར་བྱས་པའི“མུན་ནག་གི་དུས་སྐབས”དེ་ཡལ་ཙམ་བྱས། ཁོང་ནི་འཇར་མན་ནས་སྐུ་འཁྲུངས་ཤིང་ཨ་རི་ནས་མཚན་སྙན་འཛམ་གླིང་དུ་རྒྱས་པའི་མིའི་རིགས་རིག་པའི་མཁས་དབང་པོ་ཨ་སི(博厄斯Boas 1858-1942)ཡིན། ཁོང་གིས“རིག་གནས་ལྟོས་བཅས”(文化相对)ཀྱི་ལྟ་བ་བཏོན་ཏེ། “རིགས་རྒྱུད་རིང་ལུགས”དང“ཡོ་རོབ་ལྟེ་བར་སྨྲ་བ”བཅས་སུ་དགག་པ་ནན་མོ་བྱས། “རིག་གནས་གང་ཞིག་ཡིན་ཀྱང་སྤྱི་ཚོགས་སོ་སོའི་དམིག་བསལ་གྱི་ཐོན་དངོས”ཡིན་པའི་དགོངས་པ་བཞེས་ཏེ། “ལོ་རྒྱུས་དམིགས་བསལ་སྨྲ་བའི་གྲུབ་མཐའི”(历史特殊论学派)སྲོལ་ཕྱེས། གྲུབ་མཐའ་འདིའི་རྗེས་འཇུག་པ་རྣམས་ཀྱིས་རིག་གནས་ནི་ས་ཁོངས་དང་མི་རིགས་སོ་སོའི་དགོས་མཁོ་དང་བསྟུན་ནས་གསར་དུ་བྱུང་བས་འཇིག་རྟེན་འདིར“མེ་ཏོག་མཉམ་བཞད”ཀྱི་དུས་སྐབས་ཤིག་ཤར་བར་དགོངས་ཤིང་། “རིག་གནས་མཆོག་དམན”གྱི་གུ་དོགས་ཀྱི་བསམ་བློ་ནི་བློ་ཆུང་དག་གི་ལས་ཡིན་གྱི། བློ་གྲོས་དང་ལྡན་པ་དག་གིས་ནི་གུ་ཡངས་དང་མིག་རྒྱང་རིང་པོས“རིག་གནས་འདྲ་མཉམ”གྱི་ཕྱོགས་སུ་ཐུགས་ཉམས་བཞེས། ཡུལ་ཁམས་ཀྱི་ཁྱད་པར་ལས“རོང་ཤིང་སྒོ་ཅན”དང“འབྲོག་སྦྲ་ནག་ཅན” “ཤ་ཟན”དང“རྩམ་ཟན”སོགས་བྱུང་། “རྗེས་ལུས”དང“སྔོན་ཐོན”གྱི་ཐིག་མི་གདབ་པར་དུས་སྐབས་སོ་སོའི་མི་རྣམས་ཀྱི་དགོས་མཁོ་དང་ལོ་རྒྱུས་ཀྱི་གནས་བབ་བཅས་ལ་ལྟོས་ཏེ། ས་ཁོངས་བྱེ་བྲག་པའི་ནང་དར་བའི་རིག་གནས་དེ་དག་ས་ཁོངས་དེར་བདག་པར་བྱས་ཏེ་ཞིབ་འཇུག་གི་ལས་བགྱི་བ་ལས། མིའི་རིགས་ཀུན་ལ་སྦྱོར་བཏུབ་པའི“ནད་བརྒྱ་སྨན་གཅིག”ལྟ་བུའི་རིག་གནས་ཤིག་སྲིད་ན་མེད་དོ། །དེ་ལྟའི་རིག་གནས་ཞིབ་འཇུག་ནི“ལྟོས་བཅས”ཤིག་ཡིན་པ་ལས“ལྟོས་མེད”ཀྱི་རིན་ཚོད་བཅད་པ་ནི“ངའི་ཨ་ཕའི་ཕོར་བ་གཙང་མ་ཡིན”པའི་དཔེར་འགྲོ་བ་ལས་འོས་མེད།
       འདི་ལྟར་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་རིག་གནས་ཞིབ་འཇུག་གི་གྲུབ་མཐའ་མང་དུ་གྱེས་མགོ་བརྩམས། དུས་སྐབས་འདིའི་ནང་གཙོ་ཆེ“རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས”ལ་ཞིབ་འཇུག་བྱས་པ་རྒྱུགས་ཆེ་སྟེ། རིག་གནས་ཀྱི་འབྱུང་རྩ་དང་འཕེལ་འགྱུར། ཁྱབ་སྤེལ། ཆགས་འཇིག རྣམ་པ་བཅས་ལ་ཞིབ་འཇུག་བྱས་པའི་དེབ་གྲངས་འབོར་ཆེན་ཐོན། མཐར་གཏུགས་ན་ཁོ་ཚོས་རིག་གནས་ཤིག་གི“ཕ་རྒྱུད་མ་རྒྱུད”དང“རིགས་རུས”སོགས་རིག་གནས་ཀྱི་རྒྱུད་པ་འཚོལ་ཞིབ་བགྱིས་པ་ལས། རིག་གནས་ཀྱི་གཏིང་དུ་ཟུག་པའི“ཤ་རུས་གདོས་བཅས”ལ་ཞིབ་པར་འཇུག་པའི་ལས་ནི་ཤིན་ཏུ་དཀོན་པར་གྱུར། སྣང་ཚུལ་འདི་དག་ལ་བརྟེན་བྱས། ཕོ་ལན་རྒྱལ་ཁབ་ཀྱི་མིའི་རིགས་རིག་པའི་མཁས་པ་མ་ལིན་ནུའོ་ཧྥུ་སི་ཅིས(马凌诺夫斯基Malinowski 1884-1942)“བྱེད་ནུས་རིང་ལུགས་ཀྱི་གྲུབ་མཐའི”(功能主义学派)ལྟ་བ་བཏོན་ཞིང་། ཁོང་གིས་རིག་གནས་ལོ་རྒྱུས་ལ་ཉམས་ཞིབ་མཛད་པ་མ་ཡིན་པར། རིག་གནས་སོ་སོའི་བྱེད་ནུས་ཀྱི་ཆ་ནས་ཕན་ཚུན་འབྲེལ་བ་ལྡན་པ་དང་། རིག་གནས་ཀྱི་བྱེད་ནུས་དེ་དག་གིས་མིའི་སྤྱི་ཚོགས་སུ་ནུས་པ་གང་འདྲ་ཞིག་ཐོན་པའི་ཕྱོགས་སུ་གཞོལ་ཏེ་ཞིབ་འཇུག་བགྱིས། དེ་ལས་ཀྱང་ཁོང་གི་མཛད་རྗེས་ཆེ་ཤོས་ནི་རིག་གནས་ཞིབ་འཇུག་གི་སྡེ་ཡོངས་ལ་ཁྱབ་པའི་ཞིབ་འཇུག་གི་ཐབས་ལམ་སྟེ། “ཡུལ་དངོས་རྟོག་དཔྱོད”(ཡུལ་གྲོང་རྟོག་དཔྱོད།田野调查)བྱ་བའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་བ་དེ་ཡིན། ཞིབ་འཇུག་གི་ཐབས་ལམ་འདི་ནི“མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་བར། ཁྱིམ་གྱི་མལ་དུ་དཔྱད་པའི”ཐམས་ཅད་མཁྱེན་པའི་ལས་དག་མ་ཡིན་པར། “ལག་མཐིལ་གྱི་རི་མོ”ལྟར་གསལ་ལེར་མངོན་པའི“མྱོང་བ་དངོས”ལ་བརྟེན་པའི་ཞིབ་འཇུག་གི་ཐབས་དམ་པ་ཞིག་ཡིན་པས། ནུབ་པ་མེད་པའི་ཉི་མ་དང་འདྲ་བར་ད་ལྟའི་བར་རིག་གནས་ཞིབ་འཇུག་གི་ལས་ཀའི་ཁྲོད་འོད་ལམ་ལམ་དུ་འཚེར། གྲུབ་མཐའ་འདི་ཉིད་ནས་བཟུང་སྟེ། རིག་གནས་ཞིབ་འཇུག་གི་ཁ་ཕྱོགས་ལ་འགྱུར་བ་ཆེ་ཙམ་བྱུང་མྱོང་། སྔོན་ལྟར་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ཙམ་མ་ཡིན་པར། རིག་གནས་ཀྱི་གཏིང་ལ་འཛུལ་ཏེ“རིག་གནས”དང“སྤྱི་ཚོགས”ཀྱི་འབྲེལ་བར་ཞིབ་འཇུག་བྱས་པ་བརྒྱུད། རིག་གནས་དང་མི་གཤིས་ཀྱི་སྐོར། རིག་གནས་དང་སེམས་ཁམས་ཀྱི་སྐོར། རིག་གནས་དང་ཡུལ་ཁམས་ཀྱི་སྐོར་སོགས་རིག་གནས་ཞིབ་འཇུག་གི་ཡལ་ག་མང་དུ་གྱེས་པས། རྗེས་ཀྱི་གྲུབ་མཐའ་སྨྲ་བ་ཁག་ལའང་ཤུགས་རྐྱེན་ཐེབས་ཡོད་དོ། །
       འཛམ་གླིང་དམག་ཆེན་གཉིས་སོགས་ལོ་རྒྱུས་ཀྱི་སྐྱིད་སྡུག་མང་པོའི་ཁྲོད་རིག་གནས་ཞིབ་འཇུག་གི་རྒྱུན་མུ་ནས་བསྲིངས་ཡོད་དེ། “འཕེལ་འགྱུར་སྨྲ་བ་གསར་མའི་གྲུབ་མཐའ”(新进化论学派)དང་། “གྲུབ་ཚུལ་རིང་ལུགས་ཀྱི་མིའི་རིགས་རིག་པ།”(结构主义人类学) “མཚོན་བྱེད་མིའི་རིགས་རིག་པ།” (象征人类) “འགྲེལ་བཤད་མིའི་རིགས་རིག་པ།”(解释人类学)བཅས“ཕྱོགས་སྟོན་འཁོར་ལོ”ལྟ་བུའི་གྲུབ་མཐའ་གསར་བ་མང་དུ་བྱུང་སྟེ། འཇིག་རྟེན་འདི་ཉིད་གསལ་བར་མཐོང་བའི“འཇིག་རྟེན་གྱི་མིག”ཅིག་བསྩལ། རིག་གནས་ནི་མི་རིགས་གང་གི་མཚོན་བྱ་ཡིན་པས་དེའི་མཚོན་དོན་ལ་འགྲེལ་བཤད་བྱ་ཐུབ་ན། རིག་གནས་དང་སྤྱི་ཚོགས་ཀྱི་གྲུབ་ཚུལ་བཅས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཤིན་ཏུ་ཆེ་བར་དགོངས་པའི་གྲུབ་མཐའ་སྨྲ་བ་འདི་དག་གིས་རིག་གནས་ཞིབ་འཇུག་གི་ཐབས་དམ་པ་མང་པོ་ཞིག་འཇིག་རྟེན་འདིར་ལེགས་སྐྱེས་སུ་ཕུལ་ཡོད། ཡུན་རིང“བསྲེག་བཅད་བརྡར་གསུམ”བགྱིས་པའི་རིག་གནས་ཞིབ་འཇུག་གི་ཐབས་དམ་པ་དང་། རིག་གནས་ཀྱི་ཕྱོགས་ཡོངས་ལ་ཞིབ་པར་འཇུག་པའི་རྒྱུ་ཚོགས་ལ་བརྟེན་ནས། མི་རིགས་རིག་པའི(人类学)རིག་ཚན་དེ་ཁྱིམ་རྒྱུད་ཆེན་པོ་མང་དུ་གྱེས་ནའང་། གཙོ་བོ་ཕ་ཁྱིམ་ཆེན་པོ་གཉིས་སམ་བཞི་རུ་འདུ་སྟེ། རིག་གནས་མིའི་རིགས་རིག་པ(文化人类学)དང་གཟུགས་གཞི་མིའི་རིགས་པ་རིག་པ(体质人类学)ཞེས་ཁྱིམ་རྒྱུད་ཆེན་པོ་གཉིས་སམ། ཡང་ན་སྐྱེས་དངོས་མིའི་རིགས་རིག་པ(生物人类学)ཞེས་སྐྱེས་དངོས་ལ་ཞིབ་འཇུག་བྱེད་པ་དང་། གནའ་དཔྱོད་མིའི་རིགས་རིག་པ(考古人类学)ཞེས་དངོས་པོའི་རིག་གནས་ལ་ཞིབ་འཇུག་བྱེད་པ། སྐད་བརྡ་མིའི་རིགས་རིག་པ(语言人类学)ཞེས་སྐད་ཆ་ལ་ཞིབ་འཇུག་བྱེད་པ། རིག་གནས་མིའི་རིགས་རིག་པ་ཞེས་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁྱིམ་རྒྱུད་བཞི་རུ་འདུ། ཁྱིམ་རྒྱུད་འདི་དག་ནི་འབྲེལ་མེད་ཐ་དད་དུ་གནས་པ་ཞིག་མ་ཡིན་པར་ཕ་མེས་གཅིག་ནས་གྱེས་པའི་སྤུན་མཆེད་ལྟ་བུ་ཡིན་པས། ཞིབ་འཇུག་གི་ཁྱབ་ཁོངས་ཐ་དད་ཡིན་ནའང་ཞིབ་འཇུག་གི་ཐབས་ལམ་ནི་ཕན་ཚུན་བར་རམ་འདེགས་ཀྱི་ཚུལ་དུ་སྤྱོད་མུས་སུ་མཆིས་སོ། །
       འདི་ལྟར་མིའི་རིགས་ཀྱི་རིགས་པའི་བྱུང་འཕེལ་དང་ལྷན་དུ། མི་ཡུལ་འདིར“རིགས་པའི་སྟོན་པ”མང་དུ་བྱུང་ཞིང་། དེ་དག་གི“རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད”ཀྱི་དྲིན་གྱིས། ཉམས་ཆུང་མི་རིགས་ཁག་གིས་ཡུན་རིང་མྱོང་བའི“བག་ཁུམ”དང“འཇིགས་སྐྲག” “བྲན་གཡོག” “ཁ་བྲལ”བཅས་ཐ་ཤལ་གྱི་སྤྱོད་པ་ཀུན་ལས་གྲོལ་ཏེ། “ཞི་བདེ”དང“འདྲ་མཉམ” “དམངས་གཙོ”དང“རང་དབང”བཅས་ཀྱི་ལུས་སེམས་གསོ་བའི་སྨན་མཆོག་ཅིག་གསོལ་བའི་བསྐལ་བ་ཤར་བྱུང་། རིག་གནས་ཞིབ་འཇུག་གི་མཛད་པ་རླབས་ཆེན་དེས། མཐོང་རྒྱ་ཁབ་མིག་ལས་དོག་པའི་འུ་ཚོའི་མིག་རྒྱ་ཡངས་པོར་ཕྱེ་ཞིང་། ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས། བསམ་པའི་ཁྱེར་སོ། ས་ཁམས་ཆགས་དབྱིབས་སོགས་ཐ་དད་ཡིན་པའི་མི་རིགས་དང་རིག་གནས་ཕན་ཚུན་བར“གུ་ཡངས”དང“བརྩི་བཀུར”བྱེད་པའི་བཀའ་རྒྱ་བསྒྲགས་ཏེ། ང་ཚོར་འཇིག་རྟེན་མ་སྟོང་བར་དུ་ནུབ་པ་མེད་པའི“སྐྱབས་མགོན”ཞིག་གནང་ཞིང་། “བདག་གཞན་མཉམ་བརྗེ”ཡི་རིགས་ལམ་འདིས་ང་ཚོའི་བློ་ཁོག་ཡངས་པོར་ཕྱེས་ཏེ། “རིག་གནས་གསར་བརྗེ”དང“རིག་གནས་ཚར་གཅོད”ཀྱི་ལྟ་བ་ངན་པ་ལས་དབུ་འཕངས་མཐོ་རུ་འདེགས་པའི་སྤོབས་པ་ཞིག་བསྩལ། དེ་བས“ཕྱོགས་ཞེན་གྱི་སྡང་མིག”དང“མཐོང་ཆུང་གི་སྣ་གཉེར”གྱི་ལས་ལ་དགའ་བའི་སྙིང་ཁམས་ཅན་དག་གིས“འཆི་མེད་རིལ་བུ”ལྟ་བུའི་རིགས་པའི་སྨན་མཆོག་འདི་གསོལ་བའི་རེ་བ་དང་བཅས་རྫོགས་ཙམ་བྱས་སོ། །

དཔེ་ཀློག་བྱས་པའི་དེབ་མིང་།
1 སྤྱི་ཚོགས་རིག་པའི་འཇུག་སྒོ། རྒྱལ་ལོས་བརྩམས།
2 རིག་གནས་མིའི་རིགས་རིག་པའི་གཞུང་ལུགས་གྲུབ་མཐའི་རྣམ་བཤད། ཞ་ཅན་ཀྲུང་གིས་བརྩམས། འབའ་སྟོད་ཚེ་དབང་རྡོ་རྗེས་བསྒྱུར། 
3 མིའི་རིགས་རིག་པའི་སྤྱི་དོན། འབའ་སྟོད་ཚེ་དབང་རྡོ་རྗེས་བརྩམས།
4 文化人类学理论学派 夏建中 著
5 文化人类学的十五种理论 【日】 绫部恒雄 著 中国社科院研究所社会文化室 译
6 人类学的邀请 【美】卢克·拉斯特 著 哇媛 译
7 古代社会 【美】 摩尔根 著  杨东蓴 张栗原 冯汉骥 译  第一、二册
8 考古人类学随笔  张光直 著
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།