རྒྱ་གར་གྱི་རྩོམ་པ་པོ་ར་ཝིད་ཋེར་ཀོར་གྱི་སྒྲུང་རྩོམ་《གྷོ་ར》།

རྩོམ་པ་པོ།:བེ་རི་འཇིགས་མེད་དབང་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-07 15:55:00 ཀློག་གྲངས།:

ལོ་ཙཱ་བ་ཟུང་ཆུ་ཆོས་གྲགས་ཀྱིས་བསྒྱུར་བའི་ཐེ་ཀོར་གྱི་སྒྲུང་རྩོམ་ལྷ་ཡི་ལྡུམ་རྭའི་སྐོར་ལ་རགས་ཙམ་དཔྱད་པ།

ཐོག་མའི་མཚམས་སྦྱོར།

        དགའ་དགོས་ལ་དུངས་འོས་པའི་གླེགས་བམ་གསར་པ་ཞིག་ཀློག་པ་པོ་ཁྱེད་ཀྱི་མིག་སྔར་སྤྱན་བསྟར་ཞུས་དུས་ཁྱེད་ཀྱིས་ཐོག་དང་པོར་དགའ་ནས་འཛུམ་ཀོང་བསྟན་ངེས་ལ། ཐེངས་གཉིས་པར་དུངས་ནས་མིག་ཆུ་ཡང་འཐོར་སྲིད། དེའི་རྒྱུ་མཚན་ངས་ལ་བཤད་ཀྱང་དེབ་ཕྲེང་འདི་རིམ་པར་བཞིན་བཀླགས་པའི་ཁོག་པ་ནས་ངུ་སྒྲ་དང་དགོས་སྒྲ་མེད་པར་ཁྱེད་རང་གི་སེམས་ཁོངས་ཁུ་སིལ་མེར་འཛུལ་ངེས་པས་ཉི་ཟླ་ལ་འཛུབ་མོ་བཙུགས་ནས་འོད་སྣང་གི་འགྲེལ་བཤད་དགོས་དོན་གང་ཡང་མེད།

        ཀློག་པ་པོ་ལགས། འོན་ཀྱང་ཁྱེད་རང་ལ་དེབ་ཕྲེང་འདི་སུས་བརྩམས་པ་དང༌། ག་དུས་བརྩམས་པ། གང་གིས་བསྒྱུར་བ། དུས་ནམ་ཞིག་ལ་བསྒྱུར་བ། རྩོམ་པ་པོའི་བསམ་བློའི་ལྟ་གྲུབ་དང་དེའི་རྒྱབ་ལྗོངས། རྩོམ་པའི་གནས་སྐབས་ཀྱི་སྤྱི་ཚོགས་ཁོར་ཡུག་གི་གནས་སྟངས། སྒྱུར་རྩལ་གྱི་ཉམས་འགྱུར། སྲོལ་རྒྱུན་དང་གསར་གཏོད་ཀྱི་དབྱེ་མཚམས། བསྒྱུར་པ་པོའི་སྒྲ་ཐད་དོན་གསུམ་གྱི་འགྱུར་འགྲོས། བསྒྱུར་རྩལ་དང་བརྗོད་དོན་གང་ཞིག་ལ་རྩ་འཛིན་བྱས་ཡོད་པའི་ཚུལ་ལ་ང་རང་གིས་གང་ཞིག་ཤེས་པའི་ཐོག་ནས་དྲན་གསོ་རགས་ཙམ་ཞིག་བཏང་ན་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་ཁྱེད་རང་གི་དགོངས་པའི་ཀློང་དུ་ཚོར་འདུའི་རལ་ཁ་ལ་རྣོ་དབལ་གྱི་བརྡར་རྡོ་གསར་ལ་པ་ཞིག་ཀྱང་ཆགས་སྲིད་སྙམ། ཞེས་པའི་སྒྲུང་རྩོམ་རིང་པོའི་འདིའི་རྩོམ་པ་པོ་ནི་ར་བིན་ཌ་ཎཱ་ཐེ་ཀུར་ ངཎཏདྲརྣརྟཔྱཎ སྒྱཎྤད ཅཎཐྲྣཔྱྟ ཡིན་ལ། རྩོམ་པའི་ལོ་ནི་དུས་རབས་བཅུ་དགུ་པའི་ནང་ཡིན་ཞིང༌། རྩོམ་པ་པོ་ཁོང་བྷང་ག་ལི་རྒྱལ་རྒྱུད་ཀུན་མཁྱེན་ཞིབ་འཚོ་དང་གདུང་རྒྱུད་གཅིག་པ་ཡིན་ཚུལ་ཡང་གྲགས།ཡིན་པ་དང༌། རྒྱ་གར་ནས་སློབ་གྲྭ་ཐོན་རྗེས་དབྱིན་ལོན་ལ་སློབ་སྦྱོང་སོང་བ་ནས་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་བརྟན་པོ་ཞིག་སླེབས། དེ་དང་སྟབས་བསྟུན་ནས་ནུབ་ཕྱོགས་པའི་རྩོམ་སྒྲོས་དང་ཉེ་བའི་རྩོམ་ཡིག་ཐོག་མར་སྤེལ་བར་ཀློག་མཁན་མང་པོ་ལས་དགའ་བསུ་ཐོབ། འོན་ཀྱང་རང་གི་ཡབ་དང་སྤུན་ཉེ་སོགས་ཀྱིས་དེ་ཙམ་མཉེས་པོ་རང་མ་གནང་སྟབས། སྒྱུ་རྩལ་རྩོམ་རིག་ལ་བསྐྱར་ཞིབ་ཐེངས་གཅིག་བྱས་ཏེ་རྒྱ་གར་གྱི་སྔོན་བྱོན་མེས་དབོན་ཚོའི་སྲོལ་རྒྱུན་གྱི་རྩོམ་རིག་དང༌། ནུབ་ཕྱོགས་པའི་སྒྱུ་རྩལ། ཆོས་ལུགས་ཀྱི་ལྟ་གྲུབ་སོགས་ཀྱི་ལེགས་ཆ་གཅིག་ཏུ་བསྡུས་པའི་རྩོམ་སྲོལ་གྱི་སྒྱུ་རྩལ་གསར་པ་ཞིག་གསར་གཏོད་མཛད་པ་གསལ།

མཁས་མཆོག་ཉིན་དབང་མགོན་པོའམ་ཋེ་ཀོར་གྱི་མི་ཚེ།

         འཛམ་གླིང་ཧྲིལ་པོ་འདིའི་སྟེང་རྩོམ་རིག་གི་མཚན་སྙན་རླུང་ལྟར་ཁྱབ་པའི་རྩོམ་པ་པོ་རཱ་བན་དཱར་ཋ་ཀོར་ནི་ཕྱི་ལོ་ ༡༩༦༡ ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀཱ་ལི་ཀཱ་ཏཱར་ཡབ་དེ་བན་དཱར་ནཱཐ་ཋ་ཀོར་གྱི་སྲས་སུ་སྐུ་འཁྲུངས། ཁོང་གི་ཡབ་འདི་ཉིད་ཀྱང་ཤེས་བྱ་རིག་པའི་གནས་སྤྱི་དང་ལྷག་པར་རྒྱ་གར་གྱི་སྲོལ་རྒྱུན་རིག་པའི་གཞུང་ལུགས། ཡང་སྒོས་མང་ཚོགས་ཀྱི་འཚོ་བ་དང༌། སྤྱི་ཚོགས་ཀྱི་གནས་བབ་ལ་གཟིགས་རྒྱངས་ཡངས་པའི་སྒྱུ་རྩལ་རྩོམ་རིག་ཐོག་སྐད་གྲགས་ཡོད་པར་མ་ཟད། ད་དུང་སྤྱི་ཚོགས་ནང་ཕན་སེམས་དང་ཡ་རབས་ཀྱི་སྤྱོད་པས་ཉམ་ཆུང་བྱམས་སྐྱོང་དང༌། རིག་གཞུང་གཅེས་འཛིན་གྱི་མཛད་པ་བཟང་པོས་མི་ཚེ་མཐའ་འཁྱོངས་མཛད་པས་ཀ་ཏའི་ཁུལ་གྱི་མི་མང་ཚོས་ཁོང་གི་མཚན་ལ་ཐུགས་རྗེ་ ྒཔྱདྲསྣྲཎ ཞེས་འབོད། ཋེ་ཀོར་འཁྲུངས་ནས་ཡུན་རིང་མ་སོང་བར་རང་གི་མ་ཡུམ་འཇིག་རྟེན་འདི་དང་ཁ་བྲལ་སྟབས་ཋེ་ཀོར་གྱི་རང་ཉིད་འཇིག་རྟེན་འདིར་ཐོག་མར་བསྐྱེད་པར་བྱེད་མཁན་གྱི་མ་ཡུམ་དངོས་ལས་དུས་ཡུན་ཧ་ཅང་ཐུང་བའི་ནུ་ཞོ་ཙམ་མ་གཏོགས་བྱམས་སྐྱོང་གི་བརྩེ་མདངས་འོག་བྱིས་པའི་མཉོམ་ལས་རྒྱས་རྒྱུའི་སྐལ་བ་བྱུང་མེད༌། ཁོང་གི་ཡབ་དམ་པ་དེས་ཁོང་ཆུང་དུས་ནས་རྒྱ་གར་བའི་སྲོལ་རྒྱུན་གྱི་ལྟ་གྲུབ་བརྟན་པཽའི་རྨང་གཞི་ལྡན་པའི་ཐོག་ནས་སློབ་སྦྱོང་གི་ཐོག་མ་དབྱངས་ཡིག་བཅུ་དྲུག་དང་གསལ་བྱེད་སོ་བཞིའི་ཀློག་འདོན་གྱི་འགོ་འཛུགས་བྱེད་ས་ནང་ཁྱིམ་རང་དུ་བྱས། དགུང་ལོ་བཅུ་བདུན་པ་ཕྱི་ལོ་ ༡༨༧༧ ལོར་ཕྱི་རྒྱལ་སྐད་ཡིག་དང་ལུགས་སྲོལ་ཡང་ཡུལ་དུས་དང་བསྟུན་ནས་ཤེས་བྱའི་གནས་གལ་ཆེ་ཞིག་ཏུ་ངོས་འཛིན་ཐོག་ཐོས་རྒྱ་དང་མཐོང་རྒྱའི་ཉམས་མྱོང་གསོག་ཆེད་དབྱིན་ཡུལ་གྱི་རྒྱལ་ས་ལན་ཀྲུ་སློབ་གྲྭ་ཆེན་མོའི་ནང་དུ་བཏང༌། ད་དུང་ཁོང་གི་ཡབ་ཀྱིས་ཁོང་ལ་རེ་བ་དམིགས་བསལ་པ་ཞིག་བཅངས་ཡོད་པ་དེ་ནི་ཁྲིམས་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། དེའི་དམིགསཡུལ་ནི་དབྱིན་ཇིའི་བཙན་འཛུལ་འོག་ལྷུང་ནས་གནས་བཞིན་པའི་རྒྱ་གར་གྱི་མི་རིགས་འདིར་ས་གནས་ཁག་གང་ས་ནས་ཉེན་རྟོག་པ་དང་ཁྲིམས་ཞིབ་པའི་ལག་འོག་ནས་བསད་བཟུང་རྡུང་བརྡེགས་བར་མ་ཆད་པ་ཡོང་གི་ཡོད་ཀྱང་ཁྲིམས་ལུགས་ཀྱི་སྒོ་ནས་ཡ་ལན་སློག་རྒྱུའི་ཤེས་ཚད་ལྡན་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དེས་ཡིན་སྲིད། གང་ལྟར་ཡང་ཋེ་ཀོར་གྱི་སེམས་ཁམས་སུ་ཡོད་པའི་སྔོན་གྱི་བག་ཆགས་དང༌། ཡབ་ཀྱི་བསྐུལ་བའི་སློབ་སྦྱོང་གཉིས་ཀླད་པའི་རྩ་ལམ་གཅིག་གི་ནང་དུ་མཉམ་འགྲོ་བྱེད་ཐབས་མ་བྱུང་སྟབས། རང་འདོད་ལྟར་དབྱིན་ཡུལ་དུ་མི་ལོ་ཧྲིལ་པོ་གཉིས་དང་ཕྱེད་ཙམ་བསྡད་རིང་དེང་ལུགས་ཀྱི་ཤེས་བྱ་སྤྱི་དང་ལྷག་དོན་སྒྱུ་རྩལ་རྩོམ་རིག་གི་རྣམ་བཞག་འབུར་དུ་བཏོན་ནས་བསླབས་ཏེ་དབྱིན་ཇི་ལྟ་གྲུབ་དང་འདྲེས་པའི་སྒྲུང་དང་སྙན་ངག་ཁ་ཤས་ཀྱང་བྲིས་པར་ཁོར་ཡུག་དེ་ནས་ཀློག་མཁན་མང་པོའི་ས་ནས་དགའ་བསུ་ཐོབ། རྒྱ་གར་དུ་ཕྱིར་ལོག་རྗེས་ཁོང་གི་རྩོམ་རིག་གི་སྒྱུར་རྩལ་ལ་ཡབ་ཀྱིས་དགྱེས་ཚོར་ཆེན་པོ་གནང་ནའང་བརྗོད་གཞིའི་ལྟ་གྲུབ་ཀྱི་ཐོག་ནས་རྒྱ་གར་གྱི་སྲོལ་རྒྱུན་དང་ཡབ་མེས་ཚོའི་དགོངས་བཞེད་རང་གི་རིག་པའི་གཞུང་ལུགས་ཀྱི་ཆ་ལག་དང་དེའི་དགེ་མཚན། མི་རིགས་ཤིག་གི་སྲོག་རྩ་དམ་འཛིན་དགོས་ན་མི་རིགས་རང་གི་རིག་པའི་གཞུང་ལུགས་རྨོངས་གཞིར་བཞག་ནས་མི་རིགས་གཞན་གྱི་ལེགས་ཆའི་རིག་གཞུང་གིས་ཁ་བསབ་བྱས་ན། ད་བཟོད་རིག་གཞུང་རྙིང་པའི་སྲོལ་འཛིན་དང་གསར་པའི་སྲོལ་བཏོད་ཀྱི་ལག་རྗེ་བཞག་ཐུབ་པའི་བསམ་བློའི་ཁ་ཕྱོགས་ལ་ཉམས་མྱོང་གི་འཛུབ་སྟོན་དང་བསླབ་བྱ་འདི་ཉིད་ཐོབ་པའི་རྗེས། ཋེ་ཀོར་གྱི་རྩོམ་རིག་ཐོག་བསམ་བློའི་ལྟ་སྤྱོད་ཀྱི་ཁ་ཕྱོགས་གསར་པའི་ལམ་ཆེ་ཞིག་གི་སྒོ་ཐོག་མ་དེ་འབྱེད་པ་རེད།

        ཁོང་དགུང་ལོ་ཉེར་གསུམ་པ་ ཕྱི་ལོ་ ༡༨༨༡ ལྕམ་མྀ་ཎཱ་ལི་ནི་དང་མི་ཡུལ་གྱི་འཇིག་རྟེན་འདིར་འཚོ་བའི་ཆ་ལག་སྒྲིག་སླ་ཞིང་བསྐྱེལ་དཀའ་བའི་མི་དང་མིའི་བར་གྱི་འདུམ་སྒྲིག་གི་གཞི་རྩ་དང་འཁོར་བའི་འཆིང་རྒྱ་བསྡམས་པའི་གཉེན་སྒྲིག་གི་མགོ་འཛུགས་བྱས། ཁོང་ཉིད་རིགས་ཀྱི་ཁེངས་པ་དང་མཁས་པའི་དྲེགས་པ་ལ་རྩ་འཛིན་བྱེད་མཁན་གྱི་བྱབ་ཆུང་དེ་རིགས་མ་ཡིན་པར་སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་གནས་སྟངས་ཆེ་ཕྲ་ཀུན་ལ་ཧ་ཅང་ཚོར་བ་རྣོན་པོས་ཞིབ་འཇུག་གནང་རྒྱུ་མ་ཟད་ད་དུང་སྐབས་དེར་རྒྱ་གར་རྒྱལ་ཡོངས་ཀྱི་ཐོག ཐོན་སྐྱེད་དང་འབྲེལ་བའི་ཐོན་ཁུངས་མང་ཆེ་བ་ཞིང་ཁ་ཡིན་པ་དང༌། མང་ཚོགས་མང་ཆེ་བ་ཞིང་པ་ཡིན་སྟབས་རང་ཉིད་སྐུ་ཀཱ་ཀཱ་ཏའི་ཉེ་འགྲམ་སི་ཡཱལ་དཱ་ཧ་ཟེར་བའི་གྲོང་གསེབ་ཏུ་ཡབ་ཀྱི་བཀའ་དགོངས་ལྟར་ཞིང་ཁ་སོ་ནམ་པ་བརྒྱ་ཕྲག་མང་པོ་དང་ལྷན་ཅིག་ཏུ་ཞིང་པའི་འཚོ་བར་ཞུགས་པ་དང་སྟབས་བསྟུན། སྤྱི་ཚོགས་ཚོར་བའི་ཁྲོད་ཀྱི་ཉིང་ཁུ་ཕྱོགས་བསྡོམས་ཀྱིས་ས་གནས་དེ་ག་རང་ནས་ སཱདཱནཱ ཞེས་པའི་ཚགས་ཤོག་ཅིག་མི་ལོ་ཉི་ཤུའི་བར་བཏོན་ཅིང༌། ཚགས་ཤོག་དེའི་ནང་སྒྲུང་རྩོམ་དང༌། སྙན་ངག འབེལ་གཏམ། མཚར་གཏམ། ཟློས་གར་སོགས་ཀྱི་ལེ་ཚན་ཁག་ཁ་ཤས་ཤིག་ཏུ་བགོས་ནས་བསྒྲིགས། དེ་དག་གི་འབྲི་སྲོལ་ཐད་འཚོ་བའི་ཉིན་ཁུ་དང་ཚིག་སྦྱོར་གྱི་སྒྱུ་རྩལ་གཉིས་ཀ་འགྲན་ཟླ་མེད་པར་བརྟེན་ཀློག་མཁན་ཁྲི་ཕྲག་མང་པོའི་བསམ་བློའི་གོམ་ཁ་ཚད་མཐོར་འཕེལ་ཞིང༌། མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་ཚགས་ཤོག་སྙན་གྲགས་ཆེ་ཤོས་ཤིག་ཏུ་གྱུར། ཁོང་དགུང་ལོ་ཞེ་གཅིག་པ་༡༩༠༡ལོར་རྒྱ་གར་ཤར་ཕྱོགས་བྷངྒཱ་ལ་བཱོ་ལཱ་པུར་ཟེར་བའི་སར་ཤཱན་ཏི་ནི་ཀེ་ཏན་གྱི་མཚན་ཐོག་ནས་སྐབས་དེའི་མང་ཚོགས་ཀྱི་ཆ་རྐྱེན་དང་འཚམས་པའི་ཤིང་སྡོང་འོག་སློབ་སྦྱོང་བྱེད་ས་ཡོད་པའི་སློབ་གྲྭ་ཞིག་ཀྱང་གསར་འཛུགས་བྱས་པ། སློབ་གྲྭ་དེ་རྗེས་སུ་ ཝི་ཤྭ་བྷཱ་ར་ཏི་ འཇིག་རྟེན་རིག་པའི་སློབ་གྲྭ་ཆེན་པོ་ཞེས་རྒྱ་གར་གྱི་བསྟན་བཅོས་དང༌། ནང་པའི་བསྟན་བཅོས། ཕྱི་རྒྱལ་གྱི་བསྟན་བཅོས་སློས་སའི་སློབ་གྲྭ་ཆེན་པོཞིག་ཏུ་གྱུར་པ་དེ་བཞིན་ད་ལྟའང་མི་ཉམས་གོང་དུ་འཕེལ་བཞིན་ཡོད་པ་ཡིན། སློབ་གྲྭ་འདིའི་ནང་ཁོ་པ་སྐུ་དངོས་སུ་ཕེབས་ནས་སློབ་ཁྲིད་གནང་རྒྱུ་དང་ད་དུང་སྐུ་ཟླ་སོགས་ཀྱི་ཀྱང་འགན་ཁུར་ཆེན་པོ་མཛད་ནས་རྒྱ་གར་གྱི་སྲོལ་རྒྱུན་རིག་པའི་གཞུང་ལུགས་རྐང་འཛིན་ཐོག་གསར་བཏོད་ཀྱི་ལེགས་ཆ་མང་པོའི་ཕྲ་ཚོམས་བཏབ། དེར་བརྟེན་སྐབས་དེ་དུས་ནས་ད་ལྟའི་བར་ཁོང་པ་ནི་རྒྱ་གར་བའི་མང་ཚོགས་དང་མཉམ་དུ་འདྲེས་པའི་སོ་ནམ་པ་དང༌། ཡབ་མེས་ཀྱི་ཞལ་ཆབ་འཐུང་པའི་སྔར་སྲོལ་གྱི་མཁས་པ་དང༌། ནུབ་ཕྱོགས་པའི་མཐོ་སློབ་ཐོན་པའི་དུས་རབས་ཀྱི་མཁས་དབང༌། མང་ཚོགས་ཀྱི་སེམས་ཁམས་ལ་བདེ་སྡུག་གི་འཇུག་པ་མཁྱེན་པའི་བསམ་བློའི་ཚན་རིག་པ། གསར་སྐྱེས་བྱིས་པ་ཚོ་ཤེས་བྱའི་མདུན་ལྗོངས་ལ་འཁྲིད་པའི་ལམ་མཁན་བླ་ན་མེད་པ་བཅས་ཀྱི་ངོས་འཛིན་བྱས་དང་བྱེད་བཞིན་པའང༌། དོན་དངོས་དང་མཐུན་པའི་ངོས་འཛིན་ཞིག་ཏུ་མི་བཞག་ཐབས་མེད་ཡིན།

        དགུང་ལོ་ཞེ་གཉིས་པ་སྤྱི་ལོ་༡༩༠༢ས་གནས་དེར་ཁོང་གི་བཟའ་ཟླ་དམ་པ་དེ་ཉིད་འཇིག་རྟེན་འདི་དང་ཁ་བྲལ་སྟབས་ཁོང་ཡང་ས་གནས་དེར་མུ་མཐུད་བཞུགས་འདོད་མ་བྱུང་བར་ཕྲུ་གུ་བུ་དང་བུ་མོ་གཉིས་མཉམ་དུ་འཁྲིད་ནས་ཨཱལ་མོ་གྲ་ཞེས་པའི་ལུང་པ་དེར་ཕེབས་ཤིང༌། དེར་རང་གི་ཆུང་མའི་དྲན་རྟེན་ཆེད་ “སཱམརཱན’ ཞེས་པའི་ལོ་རྒྱུས་ཀྱི་དེབ་དེ་བྲིས།

        དགུང་ལོ་ང་གཉིས་པ་༡༩༡༢ལོར་ཁོང་གློ་བུར་སྙུན་གཞི་དྲག་པོ་ཞིག་གིས་རྐྱེན་བྱས་ཏེ་སྨན་བཅོས་ཆེད་དབྱིན་ཡུལ་དུ་ཕེབས་དགོས་བྱུང༌། རྒྱལ་ཁབ་དེའི་གྲགས་ཅན་མཁས་པ་མང་པོ་དགའ་བསུས་བྱས་པར་མ་ཟད། དབྱིན་ཡུལ་མི་དམངས་ཚོས་ཁོང་གི་ལྗགས་རྩོམ་སྒྲུང་དང་སྙན་ངག་སོགས་ཀྱི་དེབ་མང་པོ་ཀློག་མྱོང་སྟབས་ཁོང་ལ་ཕེབས་བསུ་གྲ་རྒྱས་ཞུས། དགུང་ལོ་ང་གསུམ་པ་༡༩༡༣ལོར་ཨ་རིར་གཟིགས་སྐོར་ལ་ཕེབས་པ་དང་དེར་ཡང་སྔ་ས་ནས་ཁོང་གི་རྩོམ་རིག་དེབ་ཕྲེང་མང་པོ་ཁྱབ་སྤེལ་ཕྱིན་ཟིནསྟབས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཞུས། ལོ་དེར་ “གིཏཱན་ཇའ་ལི་’ ཞེས་པའི་རྩོམ་ཡིག་དེར་འཛམ་གླིང་གི་རྩོམ་ཡིག་མཁས་པའི་ནོར་སྤེལ་གཟེངས་རྟགས་ཀྱང་ཐོབ་པ་རེད། རྩོམ་རིག་དེ་ཉིད་སྐད་ཡིག་མི་འདྲ་བ་བཅུ་ཕྲག་ལྷག་ཙམ་ཐོག་ཏུ་བསྒྱུར་ནས་འཛམ་གླིང་ཐོག་ད་ལྟའི་བར་རླུང་ལྟར་གྲགས་པ་ཡིན་ནའང་ད་ལྟའི་ཆར་བོད་སྐད་ཐོག་བསྒྱུར་ཐུབ་མེད།

         དགུང་ལོ་ང་བཞི་པ་༡༩༡༤ལོར་ཁོང་ལ་དབྱིན་གཞུང་ནས་་ཡ་མཚན་ཅན་གྱི་སྐྱེས་བུ་ཞེས་པའི་མཚན་མཐོང་ཆེ་བའི་གཟེངས་བསྟོད་ཅིག་ཀྱང་ཕུལ་ཡོད་ཅིང༌། དེའི་རྒྱུ་མཚན་ནི་དབྱིན་ལན་མི་དམངས་དང་ལྷག་དོན་རྒྱ་གར་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཞུ་ས་ཡིན་པ་དང་དབྱིན་ཇི་པས་རྒྱ་གར་མུ་མཐུད་བཙན་བཟུང་བྱེད་རྒྱུའི་ལག་ཆར་བསམ་པ་ཡང་ཡིན་སྲིད་དེ། ལོ་འདི་ནས་འཛམ་གླིང་དམག་ཆེན་དང་པོའི་མགོ་བཙུགས་པ་དང་དབྱིན་གཞུང་ནས་མུ་མཐུད་རྒྱ་གར་བཙན་བཟུང་ཐོག་གདེང་ཚོད་དང་ཡིད་ཆེས་བརྟན་པོ་མེད་སྟབས་ཐབས་ལམ་འདི་འདྲ་བྱེད་མི་སྲིད་པ་ཞིག་མིན། གང་ལྟར་ཡང་གཟེངས་རྟགས་འདི་རྩོམ་པ་ཁོང་རྩོམ་རིག་གི་སྒྱུ་རྩལ་བ་ཆེན་པོ་ཞིག་ཡིན་པའི་དཔང་རྟགས་གསལ་པོ་ཞིག་ཀྱང་ཡིན། དམག་འཁྲུག་འདིའི་རྐྱེན་པས་འཛམ་གླིང་ཤར་ནུབ་ཡོངས་རྫོགས་དབང་སྒྱུར་བྱེད་མཁན་དང་དབང་བསྒྱུར་བྱེད་ས་གཉིས་ཀར་བཟོད་ཐབས་མེད་པའི་དཀའ་ངལ་ཁྲོད་ཞི་བདེའི་ལྟ་གྲུབ་ལ་དངོས་མཐོང་ཉམས་མྱོང་གི་ཡིད་ཆེས་དང་ཡིད་སྨོན་གསར་པའི་སྨྱུ་གུ་འབུས་ཏེ་དགུང་ལོ་ང་དྲུག་པ༡༩༡༦ ལོར་འཛམ་གླིང་ཧྲིལ་པོར་དམག་འཁྲུག་ལྷིང་འཇགས་དང་ཞི་བདེའི་ཁོར་ཡུག་བསྐྲུན་པའི་ཆེད་རྒྱལ་ཁབ་དུ་མར་བཅར་ཏེ་ཞི་བདེའི་དགེ་མཚན་དང་དམག་འཁྲུག་གི་ཉེས་དམིགས་ལ་རྒྱུ་མཚན་གྱི་རྒྱབ་ལྗོངས་བརྟན་པོའི་སྒོ་ནས་འགྲེལ་བཤད་རྒྱ་ཆེར་སྤེལ་བའི་གྲུབ་འབྲས་ངེས་ཅན་བྱུང་ཡོད་ལའང༌། འཛམ་གླིང་འདི་མཐའ་གཅིག་ཏུ་ཞི་བདེའི་ལམ་བཟང་ལ་འཁྲིད་ཐུབ་པ་བྱུང་མེད་ནའང་ཁོང་གི་ཕུག་བསམ་དང་ཞི་བདེའི་ལྟ་གྲུབ་ཀྱི་ཤེས་ཡོན་དང་དབང་ཚད་ཆན་མང་པོ་ཞིག་གི་བསམ་བློའི་རྨོངས་གཞིའི་ཐོག་ཞི་བདེའི་ཆར་སྤྲིན་འཁྲིགས་ཐུབ་ཡོད། གོ་སྐབས་འདི་ཉིད་དམ་འཛིན་བྱས་ནས་རང་དབང་ཡོངས་སུ་བྲལ་བའི་རྒྱ་གར་འདི་ཉིད་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་ལག་ནས་ཞི་འཇམ་གྱི་རང་དབང་སླར་གསོའི་ཆེད་དབྱིན་གཞུང་ལ་ལུགས་མཐུན་གྱི་ཞི་རྒོལ་བསྟུད་མར་བྱས། ལྷག་པར་ལོ་དེར་པཱན་ཇཱབ་ཞིང་ཆེན་ཨམྲིཏ་སཱ་ར་རྫོངས་ཁོངས་ཇཱལི་ཡཱ་བཱ་ལཱ་བཱག་གྲོང་ཁྱེར་ནང་དབྱིན་དམག་གིས་ནག་ཉེས་གང་ཡང་མེད་པའི་རྒྱ་གར་ཡུལ་མི་ཁྲི་ཁྲག་མང་པོར་མེ་མདའ་རྒྱབ་ནས་སྡེབ་བསད་བཏང་བ་དེས་གནན་ཐབས་མེད་པའི་བློ་ཕམ་ཆེན་པོ་བྱུང་སྟེ། མུ་མཐུད་བཞིན་ཡོད་པའི་ཞི་རྒོལ་དེའི་ཐོག་དེ་སྔོན་དབྱིན་ཇི་སྲིད་གཞུང་གིས་ཕུད་བའི་མཚན་མཐོང་གི་གཟེངས་རྟགས་དེ་ཡང་ཁ་ཐུག་ཕྱིར་སློག་བྱས། ད་ལྟའི་བར་འདོན་བཞིན་པའི་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ “ཇཱན་གཱན་མན་ཨདིནཱཡཀ་ཇ་ཡཱཧེ་’ ཞེས་པ་འདི་ཉིད་གསར་རྩོམ་གནང༌། དུས་ཕྱིས་ ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་པའི་རྗེས་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱལ་གླུར་བདམས་འདུག

        དགུང་ལོ་བརྒྱད་ཅུ་པ་ ༡༩༤༠ ལོར་ཨོཀ་སི་ཕོར་དྲ་གཙུག་ལག་སློབ་གྲྭ་ཆེན་མོས་དགེ་རྒན་ཆེན་མོར་བཀུར་བ་མ་ཟད་མཁས་པའི་མཚན་སྙན་གྱི་གཟེངས་རྟགས་ལག་ཁྱེར་ཞིག་ཀྱང་ཕུལ་བ་དགྱེས་གཞེས་གནང༌།

        དགུང་ལོ་ ༡༩༤༡ ལོར་ཟླ་ ༨ པའི་ནང་འཛམ་གླིང་འདིའི་ནང་རྩོམ་རིགས་ཀྱི་མཚན་སྙན་རླུང་ལྟར་གྲགས་པའི་སྐྱེས་མཆོག་འདི་ཉིད་སྐུ་ཚེ་འཕེན་པ་ཡོངས་སུ་རྫོགས་ཀྱང་ཁོང་གི་མཚན་སྙན་དང་མཛད་རྗེས་ནི་འཛམ་གླིང་ཤར་ནུབ་ཡོངས་སུ་ད་ལྟའི་བར་གནས་བཞིན་པ་ཡིན།

ཋེ་ཀོར་གྱི་རྩོམ་རིག་སྒྱུ་རྩལ།

        འཇིག་རྟེན་འདིའི་ཐོག་རྩོམ་ཡིག་འབྲི་མཁན་ཤིག་ཏུ་མང་ལ་རྩོམ་ཡིག་ཀློག་མཁན་དེ་བས་མང༌། རྩོམ་ཡིག་འབྲི་མཁན་ཚོའི་ནང་ནས་སྒྱུ་རྩལ་གྱི་གནས་ཚད་ལ་ཚད་བཟུང་དང་རྣམ་གྲངས་བགྲངས་ཀྱིས་མི་ལང་ཞིང༌། ཡུལ་དུས་ཁོར་ཡུག་གི་རྐྱེན་པས་རྩོམ་པ་པོའི་ལྟ་གྲུབ་ཀྱང་གཅིག་ཏུ་མ་ངེས་པར་རྟ་མོག་གི་སྤུ་ལྟར་མང་བས་དེ་དག་གི་རིང་ཐུང༌། མཐོ་དམན། སྦོམ་ཕྲ་སོགས་ཀྱི་རིན་གོང་རྒྱབ་པ་ལས་སླ་བོ་མིན་ཡང༌། ད་རེས་ཋེ་ཀོར་གྱི་རྩོམ་རིག་ཐད་མཐོང་ཐོས་གང་ཞིག་བྱུང་བའི་སྐོར་ཅུང་ཟད་དཔྱད་པར་འདོད་དེ། ཋེ་ཀོར་གྱི་རྩོམ་ཡིག་དེབ་གྲངས་རྒྱ་གར་བྷང་ག་ལའི་སྐད་ཡིག་ཐོག་ཁོ་ན་ ༣༨ ཙམ་ཡོད་པ་ཁོང་གི་བུའི་གྲོགས་པོ་ཞིག་གི་རྒྱུད་ནས་ཐོས་ཤིང༌། གཞས་ཚིག་གཅིག་པོ་ཡང་སྟོང་ཕྲག་བརྒལ་ཞིང༌། སྙན་ངག་དང་འཁྲབ་གཞུང་སོགས་ཀྱི་ལེ་ཚན་ཤིན་ཏུ་མང་ལ་དེ་དག་ལས་མང་པོ་ཞིག་ནི་དབྱིན་ཡིག་དང༌། རྒྱ་ཡིག འཇའ་པན། ཕ་རེ་སི་སོགས་སྐད་ཡིག་མི་འདྲ་བ་ཉི་ཤུ་ལྷག་ཙམ་ཐོག་བསྒྱུར་འདུག དེ་དག་གི་སྐོར་སུ་ཞིག་གིས་བཀླགས་ཀྱང་གསན་ཉམས་ལྡན་ཞིང༌། ཡིད་ལ་འཇེབས་པ་དང་རྣ་བར་སྙན་པའི་ཁྱད་ཆོས་གཞན་ལས་འབུར་དུ་འཐོན་པ་ནི་བཤད་མ་དགོས་པ་རེད། རྩོམ་ཡིག་དེ་དག་གི་ནང་ནས་སུ་ནཱི་ཏི་ཀུ་མཱ་ར་ཐ་ཀས་བསྒྱུར་པའི་སྙན་ངག་བསྡུས་པ་དང༌། ག་ཤ་དངོས་གྲུབ་ཀྱིས་བསྒྱུར་པའི་གླུ་ཐལ་སྦྱར་མ་དང་ཞལ་ཟས་མ་གཉིས། ཆུང་བདག་གིས་བསྒྱུར་པའི་སྙན་ངག་ལེ་ཚན་ཁ་ཤས་ཟུང་ཆུ་ཆོས་གྲགས་ཀྱིས་བསྒྱུར་བའི་སྒྲུང་རིང་་་་་་་་་་་་་ བཅས་ལ་ཞིབ་ཏུ་བལྟས་པའི་སྐལ་བ་བྱུང་ལ། གཞན་ཡང་སཱ་ཧི་ཏ྄ཡ་ཨ་ཀའ་ད་མཱིས་བརྩམས་པའི་ཐེ་ཀོར་གྱི་ལོ་རྒྱུས། ཋེ་ཀོར་གྱི་དྲྭ་རྒྱ་ཁག་དུ་མར་ཤེས་རྟོགས་ངེས་ཅན་བྱས་པའི་མཐོང་སྣང༌།

        ཋེ་ཀོར་གྱི་བསམ་བློའི་ལྟ་གྲུབ་ནི་ཡི་ཤུ་དང༌། ཧིན་དི། ཁ་ཆེ། ནང་པ་སོགས་ཀྱི་ཆོས་ལུགས་ཐོག་ལྟ་གྲུབ་མི་འདྲ་བའི་ཕྱོགས་ཞེན་དང༌། ལུང་ཚན་དང་སྐད་ཡིག་གོམས་སྲོལ་བཅས་པ་ཕན་ཚུན་གཅིག་འོག་གཅིག་སྡོད་ལྟ་བུ་མི་དགོས་པའི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་རྩ་འཛིན་གྱིས། འཛམ་གླིང་ཧྲིལ་པོ་ལུགས་མཐུན་གནའ་སྲོལ་གྱི་མཆོད་རྟེན་ལ་དེང་ལུགས་ཀྱི་ལེགས་ཆའི་ཕྲ་ཆོམ་བཏབ་ནས་རྒྱལ་ཁབ་འདྲ་མཉམ་དང་མི་རིགས་འདྲ་མཉམ་གྱི་དམིགས་ཡུལ་ལ་ཕུག་རྒྱང་རིང་པོའི་མདུན་སྙེགས་བྱེད་རྒྱུ་དེ་ཡིན། ཋེ་ཀོར་གྱི་རྩོམ་ཡིག་གི་བརྗོད་གཞི་བཀོད་སྟངས་ཐོག་རང་གི་ལྟ་གྲུབ་གང་ཞིག་གཞིར་བཟུང་གིས་དམིགས་ཕུག་པའི་བརྗོད་དོན་གྱི་རྨང་གཞི་གཏན་ལ་ཕབ་པ་དེ་བཞིན་མི་སྣ་བཀོད་སྒྲིག་དང་ཡུལ་ལྗོངས་ཞིབ་འབྲི། རྩོད་རྙོག་འཐབ་འཁྲུག སྤྲོ་སྐྱིད་རྒྱས་སྤྲས་ཀྱི་རིམ་པར་ཚིག་སྦྱོར་གྱི་རྒྱས་སྤྲས་ཇི་འདྲ་ཞིག་སྒྲིག་ནའང་མཐའ་མའི་འགག་རྩ་དེ་ཉིད་བརྗོད་དོན་ཐོག་ཧྲིལ་གྱིས་སྒྲིལ་བ། གང་ཞིག་གཏན་འབེབས་བྱས་པའི་བརྗོད་དོན་དེ་ཉིད་ལ་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་བརྟན་པོ་ཡོད་པ། རིག་པའི་གཞུང་ལུགས་དང་ལྡན་པའི་རྒྱུ་མཚན་གྱི་རྒྱུད་རིམ་དང་སྒྲུང་གི་བྱུང་རིམ་གྱི་བར་གས་སྲུབ་མི་མཛའ་བའི་རིགས་མེད་པར་ཕན་ཚུན་འབྱར་ཞིང་འབྲེལ་ཆགས་པ།སུས་ཀློག་ནའང་སྒྲུང་རྩོམ་ཀློག་མགོ་ཚུགས་པ་ནས་བྱིས་པའི་ཁར་སྦྲང་རྩི་དང༌། རྒན་པོའི་ཁར་རྒུན་ཆང་བཞིན་ཞལ་ཏག་རྒྱག་རྐྱང་མ་གཏོགས་བར་མཚམས་བཞག་ཐབས་མེད་པར་ཚིག་དོན་སྔ་མ་བཀླག་གིར་ཕྱི་མའི་དོན་རྐྱེན་ལ་གོ་རིམ་མཐར་ཆགས་སུ་ལྟ་ཀློག་མི་བྱེད་ཀ་མེད་གྱུར་པ། སྒྲུང་རྩོམ་གང་ཞིག་བཀླགས་ཟིན་པ་དང་སྒྲུང་རྩོམ་དེའི་བརྗོད་གཞིའི་སྙིང་དོན་དང་འབྲེལ་བའི་ལྟ་གྲུབ་དེ་མི་མངོན་པའི་ཚུལ་གྱི་སྒྲུང་རྩོམ་ཀློག་པ་པོ་དེའི་སེམས་ཁམས་སུ་ཁུ་སིལ་མེར་འཛུལ་འོང་བ། ལྟ་གྲུབ་གང་ཞིག་བཟུང་བ་དེ་ཉིད་སྒྱུ་རྩལ་གྱི་ཚིག་སྦྱོར་བཀོད་སྟངས་ལ་བརྟེན་ནས་སྐབས་རེར་ངུ་བྲོ་ཞིང༌། ལན་རེར་རྒོད་བྲ་བ། མཚམས་མོར་ཁྲོས་ནས་སེམས་ཨམ་ཚིགས་བསྡོམ་དགོས་པ་དང༌། སྐབས་འགར་ཞེ་མེལ་ནས་སྐྱུགས་བྲོ་བ་བཅས་ཀྱིས་བརྗོད་གཞི་དེ་ཉིད་མཚོན་ཐབས་བྱས་ཡོད།་    ཁོང་གི་རྩོམ་རིག་གི་ཁ་ཕྱོགས་གང་ལ་བཏོད་པའི་ལྟ་གྲུབ་ཀྱི་བྱུང་རིམ་ནི་ཆུང་དུས་ནས་རྩོམ་རིག་གི་བག་ཆགས་ཤིག་ཏུ་ཟབ་པ་ཡོད་ཐོག་དབྱིན་ལན་གྱི་མཐོ་སློབ་འགྲིམ་དུས་ནུབ་ཕྱོགས་པའི་ལྟ་གྲུབ་དང་ཚིག་སྦྱོར་གྱི་གྲུབ་ཆ་མང་པོ་ཞིག་བླངས་ནས་ གཅོད་པའི་གྲུ་རྫིང་ དང་ གདུང་བའི་སྙན་ངག་གི་ཚིགས་སུ་བཅད་པ་་ སོགས་དེང་རྩོམ་འགའ་ཞིག་བྲིས། ༡༨༨༠ལོར་རྒྱ་གར་ཕྱིར་སླེབས་ནས་་ གྲོང་མཁར་གྱི་བློ་གསལ་བ་ དང་ དུས་ངན་གྱི་ཁྱི་ར་ ཞེས་པའི་གླུ་དབྱངས་ལྡན་པའི་གཏམ་བརྗོད་་ སྙན་ངག་མཁན་གྱི་སྔ་དྲོའི་གླུ་དབྱངས་ ཕྱི་དྲོའིགླུ་དབྱངས་ ་སོགས་་རྩོམ་པར་ནུབ་ཕྱོགས་པའི་འཆར་ཡན་གྱི་ཤན་ཞུགས་ཐེབས་པར་བསྙད་ནས་གཉེན་བཤེས་རྣམས་ཀྱང་ཁྲོས། དེ་དག་ཡབ་ལ་སྤྱན་བསྟར་ཞུས་པས་ཡབ་ཀྱིས་ཡབ་མེ་དམ་པ་ཚོའི་བསམ་བློའི་ཁྱད་ཆོས་དང༌། སྔ་སྲོལ་བཟང་པོའི་རྒྱུན་བཟང་གི་ལེགས་ཆ་དེང་ལུགས་ཀྱི་ཞན་ཆ་རེ་རེ་བཞིན་བརྣག་ཐོག་རྩ་འཁེལ་གྱིས་ཐེར་འདོན་གནང་ནས་སུན་འབྱིན་མཛད་པས་གཞི་ནས་རྩོམ་ཡིག་རིག་པའི་གཞུང་ལུགས་གང་ཞིག་གསར་བསྐྲུན་དགོས་ན་དེའི་གཞི་འཛིན་བྱེད་པའི་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་བརྟན་པོ་ཡོད་པའི་ལྟ་གྲུབ་ཞིག་ལ་གཞི་བཀོལ་དགོས་པའི་བསམ་བློའི་སྒོ་འཕར་ཆེན་པོ་ཕྱེས།

         ད་བཟོད་ལྟ་གྲུབ་ཀྱི་རྨོངས་གཞི་བརྟན་པོ་ལྡན་པའི་རིག་པའི་གཞུང་ལུགས་ཤིག་འཚོལ་སྒྲུག་གནང་འདོད་ནས་སྔོན་བྱོན་རྒྱ་གར་འཕགས་ཡུལ་གྱི་མཁས་པ་མང་པོའི་གསུང་རྩོམ་ལ་དཔྱོད་པ་གསུམ་གྱིས་ཞིབ་འཇུག་ནན་པོར་བྱས་འབྲས་སུ། སྟོན་པ་བདེ་བར་གཤེགས་པའི་གསུང་རབས་ཀྱི་དགོངས་དོན་དང་མཐུན་པར་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་མེད་ཞི་བའི་ལམ་བཟང་གཞི་ལ་བཅོལ་བའི་ཆོས་ལུགས་རིས་མེད་ཀྱི་མི་རིགས་རིང་ལུགས་ཀྱི་འདོད་ཚུལ་འབུར་དུ་བཏོན་པ་དེ་ཡིན། དེ་ཡང་ཁོང་གིས་ཕྱི་ལོ་ ༡༩༣༡ ལོར་བརྩམས་པའི་རྒྱ་གར་བངྒ་ལའི་སྐད་དུ་ བྱབུད་དྷ་དེ་ཝེར་པྲ་ཏི།བྱ བོད་སྐད་དུ་ཀྱེ་སངས་རྒྱས་བཅོམ་ལྡན་འདས་ལ་ཞེས་པའི་ལེ་ཚན་དེའི་ནང༌།

        བཅོམ་ལྡན་འདས་ཀྱེ་སངས་རྒྱས་ཞེས་བྱ་འཇིག་རྟེན་འདིར།།

        ཁྱེད་ཀྱི་མཚན་སྙན་ས་གཞི་ཆེན་པོ་ཀུན་ཏུ་གྲགས་གྱུར་ན།།

        ཡུལ་འདིའི་ཁྲོམ་གྱི་ཚོགས་དང་དབེན་པའི་གནས་རྣམས་སུ།།

        སེམས་ཅན་རྣམས་ལ་བདེ་མཚན་དེ་ཡང་སྟོན་རོགས་གནང༌།།

        འཇིག་རྟེན་ཀུན་ཏུ་ཁྱད་འཕགས་སླར་ཡང་ཁྱེད་ཕེབས་ཕྱིར།།

        ཀུན་སེལ་མཆོག་གི་སྒོ་ཕྱེས་ཕྱོགས་བཞིར་དུང་སྒྲ་སྒྲོག །

        བྱམས་དང་སྙིང་རྗེ་ཚད་མེད་རྟག་ཏུ་སྒྲོག་མཛད་པ།།

        འཇིག་རྟེན་ཀུན་ལས་མི་ཕམ་མཆོག་ཁྱེད་སླར་ཡང་བྱོན། ཅེས་དང༌།

        ཕྱི་ལོ་ ༡༩༣༣ ལོར་བརྩམས་པའི་རྒྱ་གར་བངྒ་ལའི་སྐད་དུ་ ‘བུད་དྷ་ཇིན་མོ་ཏས་བ།’ བོད་སྐད་དུ། བཅོམ་ལྡན་འདས་སངས་རྒྱས་ཀྱི་སྤྲུལ་སྐུ་འཁྲུངས་པའི་དུས་སྟོན། ཞེས་བྱ་བ་ལས།

        འཇིག་རྟེན་འཁོར་ལོར་ཕྲག་དོག་གིས་མྱོས་པས།།

        ཉིན་རེ་རེར་ཡང་གཡུལ་འཐབ་དྲག་ཤུལ་གྱིས།།

        མུན་པའི་ལམ་ནི་ཡང་དག་གྱར་གྱུ་ཅན།།

        སྐམ་ཆགས་འཆིང་བའི་རྒྱ་ལས་གྲོལ་བར་འགྱུར།

        ཞེས་སོགས་སྔ་ཕྱི་སྙན་ངག་མང་པོ་ཞིག་གི་ནང་འཇིག་རྟེན་འདིའི་ཐོག་གི་རྙོག་འཛིང་བགྲང་ལས་འདས་པ་ཞིག་ཡོད་པ་དེ་དག་ལྟོས་གྲུབ་ཀྱི་རིག་པས་དཔྱད་པའི་མཐའ་མཇུག་དཀའ་རྙོག་དེ་དག་སེལ་བའི་ཐབས་ལམ་ཡང་དག་པ་དེ་བྱམས་བརྩེ་ཁོ་ན་ཉིད་དུ་ངོས་འཛིན་ཐོག བྱམས་བརྩེའི་གཞུང་ལུགས་ཀྱང་སྟོན་པ་བདེ་བར་གཤེགས་པ་ཁོ་ནའི་དགོངས་དོན་ཉིད་དུ་ངོས་འཛིན་གནང་འདུག ད་དུང་དེས་མཚོན་ནས་སྔ་ཕྱིར་སྙན་ཚིག་མང་པོ་ཞིག་གི་དགོངས་པའི་འཐིལ་གྱི་ལྟ་གྲུབ་ངོ་མའི་གདོང་རིས་གསལ་པོ་བསྟན་འདུག

        སྤྱི་ལོ་༡༨༨༡ལོར་་ ཕྲུ་གུ་ ཞེས་པའི་སྙན་ངག་ཅིག་རྩོམ་པ་དེའི་ནང༌། ཕྲུ་གུ་དག་གི་སྙིང་ལ་འབྱུང་འགྱུར་ཡོད།།ཅེས་ཕྲུ་གུ་ཆུང་ཆུང་དག་ལ་དགའ་ཞིང་བརྩེ་བ་དང༌། དེ་དག་སྨད་པ་མི་འོས་པ་དང་དེ་དག་གི་རྒྱུད་ལ་འབྱུང་འགྱུར་གྱི་བྱ་བཞག་རྒྱ་ཆེར་ཡོད་པའི་གདེངས་འཇོག་ཆེན་པོ་གནང་འདུག

        སྤྱི་ལོ་༡༩༠༢ ཨཱལ་མོ་གྲ་ཞེས་པའི་ལུང་པ་དེར་རང་གི་ཆུང་མའི་དྲན་རྟེན་ཆེད་ “སཱམརཱན’ ཞེས་པའི་ལོ་རྒྱུས་ཀྱི་དེབ་དེ་བྲིས་ཤིང༌། དེབ་དེའི་ནང་འཇིག་རྟེན་མི་ཞིག་གི་མིའི་འཇིག་རྟེན་འདིར་བྱ་བཞག་གང་ཞིག་སྐྲུན་པ་ཀུན་གྱི་སྟོབས་ཤུགས་ཀྱི་ནུས་པ་དང་ཕུགས་བསམ་གྱི་མདུན་ལྗོངས། ལ་རྒྱའི་དམིག་བུ་དང་ཡ་རབས་ཀྱི་སྤྱོད་པ། གཅིག་སྒྲིལ་གྱི་རྨང་གཞི་ཡོངས་རྫོགས་ཀྱི་ཀླད་རྩ་དང་སྙིང་ཁྲག་ལྟ་བུ་ནི་ལྷོད་མེད་པའི་བརྩེ་དུང་དང་ཡིད་ཆེས་ཁོ་ན་ཡིན་པ་དེ་འབུར་དུ་བཏོན་ཡོད་ལ། བརྗོད་གཞིའི་སྙིང་དོན་དེས་རྒྱ་གར་བའི་མང་ཚོགས་ཁྲོད་ཀྱི་མི་མང་པོ་ཞིག་གི་བསམ་བློའི་གོམ་ཁ་ལ་ཚད་ཐིག་དྲང་པོ་བཏབ། དེ་ནི་ལེགས་བཤད་དང་སྒྱུ་རྩལ་གྱི་རྩོམ་རིག་གཉིས་ཀ་ཡིན་སྟབས་ད་ལྟའི་བར་སྙན་གྲགས་ཤིན་ཏུ་ཆེ།

        ད་དུང་ཋེ་ཀོར་གྱི་རྩོམ་ཆོས་ནང་སྒྲོ་བཀུར་ལས་དངོས་ཡོད་གལ་ཆེ་བ་དང༌། ཕྱོགས་ལྷུང་ལས་དྲང་བདེན་རྩ་ཆེ་བ་བཅས་ཀྱི་གཞི་རྩ་བཅོལ་ས་ནི་མུར་ཛ་གྷ་ལིའི་རྩོམ་ཆོས་ཡིན་ཞིང༌། རྩོམ་པ་པོ་འདི་ཉིད་ལ་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དུ། རྒྱ་གར་གྱི་ལོ་རྒྱུས་འབྲི་སྟངས་ཐོག་བསྟོད་ར་ཆེན་པོ་གཏང་འདུག ད་དུང་ཚིག་སྦྱོར་ཐད་སྐད་ཡིག་མི་འདྲ་བ་བརྒྱད་ལ་མཁས་པའི་རྩོམ་པ་པོ་ ར་མེ་ཧེ་ ལགས་ཀྱི་རྩོམ་ཆོས་དང་ཡང་ཉེ་བའི་ཕྱོགས་སུ་གཅར་གང་ཐུབ་གནང་ཡོད་འདུག ཐེ་ཀོར་གྱི་སྙན་ཚིག་ཅིག་གི་ནང་ནག་མོ་ཁོལ་ལ་ཡུལ་གྱི་རྒྱལ་པོས་སྙན་ངག་པ་ཀུན་ལས་ཕུལ་ཏུ་བྱུང་བའི་གཟེངས་བསྟོད་གནང་ཚུལ་གྱི་ལོ་རྒྱུས་དང་བསྒྲགས་ནས། གལ་ཏེ་ཐེ་ཀོར་རང་ཉིད་སྐབས་དེར་འཇིག་རྟེན་དུ་ཡོད་ན་ནག་མོ་ཁོལ་ལ་ཁ་བརྡ་དང་འགྲན་བསྡུར་བྱེད་ཆོག་པར་མ་ཟད། ནག་མོ་ཁོལ་ལ་ཐོབ་པའི་མཚན་སྙན་གྱི་གཟེངས་རྟགས་དེ་རང་ཉིད་ཀྱིས་ཐོབ་སྲིད་པའི་གདེང་འཇོག་ཀྱང་བྱས་ཡོད།

ཋེ་ཀོར་དང་ཁོང་གི་སྒྲུང་རྩོམ་ལྷའི་ལྡུམ་རའི་ནང་གི་མེ་ཏོག

        ལྟ་གྲུབ་དང་སྒྱུ་རྩལ་གྱི་རྣམ་གཞག་དེ་ཉིད་རྨོངས་གཞིར་བཟུང་ནས་སྔ་ཕྱིར་རྩོམ་ཡིག་ཤིན་ཏུ་མང་པོ་བྲིས་པའི་ནང་ནས་འདིར་ གྷོ་ར་ ཞེས་པའི་སྒྲུང་རིང་འདིའི་ཁ་ཕྱོགས་དང་བརྗོད་བྱའི་བྱུང་རིམ། མི་སྣ་བཀོད་སྒྲིག མི་སྣའི་ཁྱད་ཆོས་དང་ཡུལ་ལྗོངས་ཞིབ་འབྲི། གཞི་རྩའི་ལྟ་གྲུབ་བཅས་ལ་ཞིབ་བཤེར་བྱས་པའི་ཚོར་སྣང་རགས་བསྡུས་ཙམ་ཞིག་འགོད་པ་འདོད་དེ། དེ་ཡང་སྒྲུང་རིང་འདིའི་མི་སྣ་གཙོ་བོ་དེ་གྷོ་ར་ཡིག་ཞིང༌། ཁོང་གི་ཡབ་ཀྱི་མི་རིགས་དབྱིན་ཇི་ཡིན་པ་དང༌། སྐབས་དེར་རྒྱ་གར་དབྱིན་ཇི་སྲིད་གཞུང་གི་གནོན་ཤུགས་འོག་ཡོད་ཅིང༌། དབྱིན་ཇི་སྲིད་གཞུང་གི་སྐུ་ཚབ་མི་སྣ་ཚོས་ནུབ་ཕྱོགས་པའི་ལྟ་སྤྱོད་གཉིས་ཀ་གལ་ཆེ་དང༌། དོན་ཆེ་བརྩི་ནས་མི་འདོད་བཞིན་དུ་བརྩི་སྲུང་དགོས་པ་དང༌། རྒྱ་གར་བའི་ཡུལ་སྲོལ་གོམས་གཤིས་དང་བཅས་པ་རྗེས་ལུས་དང་མུན་ནག་རྩིས་ཏེ་གནོན་ཤུགས་དང་སྡང་ཟུག་བྱས་དང་བྱེད་བཞིན་པའི་སྐབས་སུ་འཁེལ་བ་ལྟར། ཁོང་གི་ཡབ་ཀྱང་མི་རིགས་ཀྱི་བབ་ལས་ལྟ་གྲུབ་དེ་ཉིད་ཀྱི་ཤུགས་རྐྱེན་ངེས་ཅན་ཞུགས་པས་ནུབ་ཕྱོགས་པའི་གདུག་རྩུབ་དང་འགྲོགས་ནས་རྒྱ་གར་ཧིན་དི་ཆོས་ལུགས་དང་གོམས་སྲོལ་ལ་རྡུང་བརྡེག་གང་ནུས་བྱས་རྐྱེན་ཧིན་དི་ཡུལ་མི་ཚོས་ལག་རུབ་རྒྱབ་ནས་བསད། སྐྱེད་པའི་མ་ཡུམ་ཡང་ཁོང་ཆུང་དུས་ནས་བགྲོངས་པས་དེར་བརྟེན་ཆུང་དུས་ནས་བྷ་ག་ལའི་བུ་མོ་ཞིག་གསོ་བའི་མ་ཚབ་བྱས་ཏེ། མ་ཚབ་དེའི་བྱམས་རྩེའི་འཛུམ་མདངས་འོག་ནས་ཚར་ལངས་བྱུང་བ་ནས་ཡབ་ཀྱི་བསམ་བློའི་ལྟ་གྲུབ་དང་མི་ཚེའི་ལམ་སྣེ་དེ་ལས་ལྡོག་སྟེ་ཡུལ་དུས་གནས་བབ་ཀྱི་འགག་འཕྲང་ཧ་ཅང་དྭོག་པའི་ཁྲོད་ནས་མི་ཚེའི་མཇུག་སྣེར་རྒྱལ་ཁའི་གྲུབ་འབྲས་ཀྱི་རུ་ཚོན་མཐོན་པོ་བསྒྲེངས་ཡོད་པ་དེའི་ཐོག་ནས་མིའི་འགྲོ་བ་སུ་ཞིག་ཡིན་ཡང་མི་ཡུལ་གྱི་འཇིག་རྟེན་འདིར་འཚོ་ནས་བཟུང༌། རང་ཉིད་ཚར་ལང་བྱུང་སའི་ཡུལ་དུས་ཁོར་ཡུག་དང༌། ཁོར་ཡུག་དེ་དང་འབྲེལ་བའི་མི་སྣ་སུ་ཞིག་གི་སློབ་སྟོན་དང་གོ་སྐོན སྐྱེས་སྟོབས་དང་ཉམས་མྱོང་བཅས་ཀྱི་ཤུགས་རྐྱེན་འོག་ནས་བསམ་བློའི་ལྟ་གྲུབ་དང་མདུན་ལྗོངས་ཀྱི་ཁ་ཕྱོགས་འཚོལ་རྒྱུ་མ་གཏོགས། ཤ་ཁྲག་རུས་གསུམ་གྱི་གོང་བུ་རིགས་གཅིག་ཏུ་གཏོགས་ཙམ་གྱིས་བསམ་བློའི་གཤིས་སྤྱོད་གཅིག་གྱུར་གྱི་གནས་ལུགས་ལ་རིགས་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་བརྟན་པོ་མེད་པ་དེ་གསལ་པོར་བྱས་པ་དེ་ཡིན།

         ལོ་ལི་ཏའི་ཨ་མ་བྷ་རོ་དུས་རབས་ཀྱི་དཔེ་གསར་རིགས་ལ་ཞེན་ཆགས་ཆེ་བའི་རྣམ་པ་གསལ་པོར་མཚོན་པ་དང༌། ད་དུང་སྒྲུང་འདིའི་ལེའུ་ཉེར་བཞི་པའི་ནང་ “ལོ་ལི་ཏཱ་ལ་མཚོན་ན་མོ་བསམ་བློའི་གནས་སྟངས་ཁྱད་མཚར་བ་ཞིག་གི་འོག་ཏུ་གནས་ཡོད་པ་དང་བྷི་ནོ་གཟན་གྱི་རོགས་རམ་ལ་མ་བརྟེན་པར་རང་དབང་དང་ལྡན་པ་ཞིག་ཏན་ཏན་ཡོང་ན་ལེགས་པོ་འདུག་སྙམ་པའི་ཕྱོགས་ནས་མོ་ལ་དགའ་སྤྲོ་སྐྱེས་ནའང་ད་དུང་མོ་ལ་ཞེ་འཁོན་གྱི་ཚོར་འདུག་གཡོས།’ ཞེས་དང༌། “དོན་དངོས་སུ་ལོ་ལི་ཏཱ་ལ་བྷི་ནོ་ཡི་ཕྱོགས་ནས་ཅི་ཞིག་དགོས་ཀྱིན་ཡོད་པ་དང༌། མོ་རང་ཉིད་སྔར་གྱི་སེམས་པ་ལྷོད་ཡངས་ཀྱི་ཞི་བདེའི་དུས་སྐབས་སུ་ནམ་ཞིག་ལ་ཏན་ཏན་བསྐྱར་དུ་བསླེབ་ཐུབ་མིན་ཤེས་རྒྱུའི་ཐད་ལ་མོ་མགོ་འཐོམ་པར་གྱུར། མཐའ་མཇུག་གི་འབྲས་བུ་ལྟ་བུ་ཞིག་ལ་མོའི་རེ་འདོད་ཀྱི་འདུན་པ་མ་ཚིམས་པ་དེས་བྱ་བ་ཆུང་ཚགས་རེ་རེ་དང་དུས་ཚོད་རེ་རེའི་ནང་དུ་བྷི་ནོ་ལ་བསམ་བློའི་ཁ་ཕྱོགས་བསྒྱརུ་དུས་བློ་ཡིད་མ་ཚིམ་པའི་རྣམ་པ་ཕྱིར་མངོན་ཡོང་རྒྱུའི་མགོ་ཚུགས།’ ཞེས་བཀོད་པ་འདིས་སྒྱུ་ལུག་དང་བདག་ཉིད་བརྙས་པའི་ལེ་ལོ་ལ་ཁ་བཏོད་བྱས་ཏེ་ཟློས་གར་སློབ་པའི་བྱུང་རིམ་གྱི་ཐོག་ནས་གྲུབ་འབྲས་གང་ཞིག་ཀྱང་བརྩོན་པའི་ལམ་སྣེ་ནས་མངོན་དུ་གྱུར་ཐུབ་པ་དེ་བསྟན་འདུག

         ལེའུ་ཉེར་གསུམ་པའི་ནང་ “ཕེ་རི་ཤུ་བྷ་བྷུ་ཡིས། ངའི་བརྩེ་བའི་བུ་མོ། ཁྱེད་རང་གིས་ཤེས་གསལ་ལྟར་ངས་དུས་རྟག་ཏུ་ཁྱོད་ཚོ་བུ་མོ་ཚོས་ཁྱེད་རང་ཚོར་ང་ཉདི་ཀྱི་ངོས་ནས་རང་ཉིད་ཀྱི་ཕྱོགས་ལ་བསམ་བློ་གཏོང་ཐུབ་པ་ཞིག་གི་རེ་བ་རྒྱག་གི་ཡོད། ངའི་བསམ་ཚུལ་རྣམས་དང་དེ་མིན་སྐྱེ་བོ་གཞན་ཞིག་གི་བསམ་ཚུལ་རྙིང་པ་ཞིག་དཀའ་ངལ་མེད་པར་ལས་སླ་པོར་ལེན་རྒྱིུ་འདོད་པ་མེད་ཅེས་དང༌། དྲི་བ་ཞིག་གི་ཐོག་ལ་གདམས་ངག་སློབ་སྟོན་བྱེད་རྒྱུ་དེ་སེམས་ཀྱི་ནང་དུ་སྔོན་ཆད་ནས་གྲ་སྒྲིག་ཡོད་པ་དེ་ནི་སྐྱེ་བོ་ཞིག་གྲོད་ཁོག་མ་ལྟོགས་པའི་སྔོན་ལ་བཟའ་ཆས་སྤྲད་པ་ལྟ་བུ་ཞིག་རེད། དེས་ཟས་ཀྱི་དྭང་ག་འཕྲོ་བརླག་ཏུ་གཏོང་བ་མ་ཟད་ཟ་མ་འཇུ་མ་ཐུབ་པའི་ནད་ཀྱི་པྱགོས་སུ་ཡང་འཁྲིད་པར་བྱེད་སྲིད་པ་ཞིག་རེད། ཡིན་ནའང་ག་དུས་ཁྱོད་ཀྱིས་ང་ལ་དྲི་བ་ག་རེ་འདྲི་དགོས་ཡོད་ན་ངས་དེའི་སྐོར་གང་ཤེས་པ་དེ་ཁྱོད་ལ་བཤད་རྒྱུ་རུ་གྲ་སྒྲིག་ཡོད་ཡོད་པ་ཡིན་ཞེས་སྨྲས། སུའུ་ཆར་རས་ཐ་ཡིས། དེས་ན་འགྲིགའདུག ངས་ཁྱོད་རང་ལ་དྲི་བ་གཅིག་འདྲི་རྒྱུ་ཡིན། ག་རེ་བྱས་ནས་ང་ཚསོ་རིགས་རུས་དབྱེ་འབྱེད་ཀྱི་སྟེང་ལ་ཉེས་ཆད་གཏོང་གི་ཡོད་པ་རེད་དམ་ཞེས་དྲིས། ཕེ་རེ་ཤུ་བྷ་བྷུ་ཡིས། ཞི་མི་ཞིག་ཁྱོད་ཀྱི་གཡས་ཕྱོགས་སུ་བསྡད་དེ་ཟ་མ་ཟ་བར་བྱེད་པ་དེ་ལ་གནོད་འཚེ་གང་ཡང་མེད་པ་ཞིག་རེད། ཡིན་ནའང་གལ་ཏེ་སྐྱེ་བོ་ཆེ་གེ་མོ་ཞིག་ཁང་མིག་ནང་དུ་འཛུལ་ཙམ་བྱས་པ་ཡིན་ན་ཟ་མ་དེ་ངེས་པར་དུ་གཡུག་དགོས་འབྱུང་གི་རེད། ཚུལ་ཇི་ལྟར་སྐྱེ་བོ་ཞིག་གིས་རིགས་རུས་དབྱེ་འབྱེད་ཐོག་ལ་ཉེས་ཆད་གཏོང་དགོས་རེད་དམ། རིགས་རུས་དབྱེ་འབྱེད་བྱས་པའི་མཇུག་འབྲས་ལ་མཐོང་ཆུང་བརྙས་བཅོས་དང་མིས་མི་ལ་དམའ་འབེབ་སྐྱོན་བརྗོད་བྱེད་རྒྱུ་དེ་ཡོང་གི་ཡོད་པ་མ་རེད་དམ། གལ་ཏེ་དེ་ཚུལ་མིན་དྲང་བདེན་མ་ཡིན་པ་ཞིག་མ་ཡིན་ན་དེ་ག་རེ་ཞིག་ཡྀ་པ་ངས་ཤེས་ཀྱིན་མེད། རང་གི་ཡུལ་མི་རྣམས་ལ་བརྙས་བཅོས་མཐོང་ཆུང་བྱེད་ཕོད་མཁན་གྱི་སྐྱེ་བོ་རྣམས་ནམ་ཡང་རླབས་ཆེན་གྱི་གོ་ས་ཞིག་ལ་འབུར་དུ་འཐོན་མི་ཐུབ་པ་མ་ཟད་དེའི་ཚབ་ཏུ་རིམ་བཞིན་མི་གཞན་གྱསི་མཐོང་ཆུང་ཁྱད་གསོད་བྱེད་ཡུལ་གྱི་ཟུར་བཀར་བ་ཞིག་ཏུ་ངེས་པར་དུ་འགྱུར་སྲིད་པ་ཞིག་རེད་ཅེས་བཤད།’ ཞེས་པ་འདིས་ཡབ་ཕེ་རོ་བྷ་བྷུ་དང༌། བུ་མོ་སུ་ཆ་རི་ཏ་གཉིས་ཀྱི་སྐད་ཆའི་ནང་རྒྱ་ནག་གི་རྩོམ་པ་པོ་ཞིག་གིས་སྒྲུང་རྩོམ་གྱི་གྲུབ་ཆ་གཙོ་བོ་ནི་སྐད་ཆ་ཡིན། ཞེས་པ་ལྟར་སྐབས་དེའི་རྒྱ་གར་དབྱིན་ཇི་སྲིད་གཞུང་གི་འོག་མི་རིགས་དབྱེ་འབྱེད་ཀྱི་ལྟ་གྲུབ་ཇི་འདྲ་འཆང་ཡོད་པ་དང་དེའི་རྐྱེན་གྱིས་མང་ཚགོས་ནང་བསམ་བློའི་འཐད་རྩོད་ཇི་ཞིག་བྱུང་བ་དང་ད་དུང་གང་ཞིག་འབྱུང་ངེས་ཡིན་པའང་རང་བཞིན་གྱི་གསལ་པོ་ཤེས་ཐུབ་པར་བྱས་འདུག ད་དུང་ལེའུ་སྔ་ཕྱིའི་བབ་ལས་སུ་ཆ་རི་ཏའི་ཨ་ནེ་གནའ་སྲོལ་ལྟ་ལྟ་བ་དང་དེང་སྲོལ་ལ་འདྲེ་ལྟ་བུ་མཐོང་བ་དང༌། སུ་ཆ་རི་ཏ་རང་ཉིད་གནའ་སྲོལ་གཅེས་འཛིན་ཐོག་དེང་སྲོལ་ལ་རྡོག་རོལ་མི་གཏོང་བའི་དབུས་ལམ་ཐོག་ཤར་བསྐྱོད་བྱེད་མཁན་གྱི་བསམ་བློ་བ་ཞིག་ཏུ་ངོས་འཛིན་བྱས་འདུག

         སྒྲུང་གི་མི་སྣའི་ནང་ཕྲུ་གུ་ས་རི་ཤ་དང་ལི་ལ་གཉིས་ཀྱི་ནང་ནས་སྔ་མས་སེམས་ཤུགས་དང་སྤོབས་པ་ལྡན་པའི་ཐོག་ནས་ཕུགས་བསམ་དང་མདུན་ལམ་ཐོག་རང་རྐང་བརྟན་པོའི་གོ་སྟབས་བསྒྱུར་བའི་བྱིས་པ་ཚད་ལྡན་ཞིག་ཚོན་ཐབས་དང༌། ཕྱི་མ་ལོ་ལི་ཏའི་སྤུན་མཆེད་འོག་མ་ཁོང་ཆུང་དུས་ནས་ཕ་མའི་བྱམས་བརྩེ་དང་གསོ་སྐྱོང་འོག་གཅེས་ལོངས་སུ་ཤོར་བས་རང་སྟོབས་ཀྱི་འཇོན་ཐང་གང་ཡང་མེད་པ་ཞིག་ཏུ་མཚོན་ཐབས་བྱས་ཏེ་མི་ཡུལ་གྱི་འཇིག་རྟེན་འདིར་སྐྱེས་པ་ནས་བྱིས་པའི་གནས་སྐབས་སུ་ལེགས་ཉེས་ཀྱི་སླང་དོར་གང་ཞིག་དགོས་པའི་གནས་ལུགས་དང་ལམ་སྟོན་གསལ་པོ་བྱས་འདུག

         ཡང་སྒྲུང་གི་མི་སྣའི་ནང་ཧ་རི་བྷ་བི་སོགས་ཀྱི་སྐོར་ལེའུ་བདུན་བརྒྱད་དགུ་བཅས་སུ་ཞིག་འབྲི་བྱས་ཏེ་ཕུགས་རྒྱང་རིང་བོའི་གནས་ལུགས་ལ་རྒྱང་མིག་ཉེར་བའི་བློ་སྟོབས་མེད་པར་མི་རིགས་གཞན་གྱི་སྐད་ཡིག་ལ་འགྲམ་ཆུ་ལྡང་ནས་རང་གི་མི་རིགས་དང་སྐད་ཡིག་ལ་རྡོག་རྫིང་གཏོང་མཁན་གྱི་དཔེ་མཚོན་བྱས་ནས་རིག་གཞུང་གི་སྲོག་རྩ་ལ་དམ་འཛིན་དགོས་པའི་དྲིལ་བརྡ་གསལ་པོ་བཏང་ཞིང་སྲོལ་རྒྱུན་རིག་པའི་གཞུང་ལུགས་ལ་རྒྱབ་བཅོལ་ནས་མི་རིགས་འཐབ་རྩོད་ཀྱི་ལས་འགུལ་ལ་ཕུབ་བསམ་ལྡན་པའི་ཐོག་ནས་མི་རིགས་གཅིག་སྒྲིལ་གྱི་ལྟ་བ་ལང་ཕྱོགས་གནང་མཁན་གྱི་དཔེ་མཚོན་ལ་གྷོ་ར་བཞག་ནས་དེའི་རྒྱབ་ལྗོངས་ཀྱི་གསལ་ལུགས་རྣམས་ལེའུ་ཉེར་བདུན་དང་ཉེར་བརྒྱད་ཞེ་བརྒྱད་བཅས་ཀྱི་ནང་དུ་ཞིབ་འབྲི་བྱས་འདུག

         སྒྲུང་འདིའི་མི་སྣ་ཞིབ་འབྲི་སྐོར་ “ཁི་རེས་ཤུ་ན་དྷ་ཡལ་བྷ་བྷུ་མི་ཤ་མདོག་ནག་པོ་ཅན་ཞིག་ལ་གཟུགས་པོ་ཧ་ཅང་རིང་པོ་མིན་ཞིང་མགོ་བོ་ནང་དུ་བསྒུར་བའི་མི་སྟོབས་ཤུགས་ཆེན་པོ་ཅན་ཞིག་རེད། ཁོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོསམངོན་གསལ་ཅན་ཁ་ཤས་ཤིག་ཡོད་པ་ནི་ཁོའིམིག་གཉིས་ཤིན་ཏུ་ཆེ་བ་དང་གདོང་གི་ཆ་ཤས་གཞན་རྣམས་ཕལ་ཆེར་ཁ་སྤུ་དང་རྒྱ་སྔོ་སྐྱ་ཡིས་མི་མངོན་པར་ཟང་ཟིང་དུ་བཀབ་ནས་ཡོད་པ་ཞིག་ལ་རྒྱུན་དུ་ས་ཚོན་གྱི་མདོག་ཅན་གྱི་དར་གོས་ཀྱི་གྱོན་ཆས་དང་ཤིང་གི་བསིལ་ལྷམ་ཞིག་གྱོན་ཏེ་ར་གན་གྱི་བུམ་པ་ཞིག་བཟུང་ནས་རྣལ་འབྱོར་བའི་བརྟུལ་ཞུགས་ལ་གནས་པ་ཞིག་རེད། ཁོའི་མགོ་པོའི་མདུན་ཕྱོགས་སུ་སྐྲ་མེད་པའི་ཀླད་དམར་ཞིག་རེད། ཡིན་ནའང་ཁོས་རང་གི་མགོ་ཡི་སྐྲ་རིང་པོར་བཞག་སྟེ་སྤྱི་གཙུག་ཏུ་སྐོར་དཀྲིས་བརྒྱབས་ནས་བཞགྷ་ཡོད་པ་ཞིག་རེད། དུས་སྐབས་ཤིག་ལ་ཁོས་ས་མཏོའི་ཡུལ་ལུང་ཞིག་ཏུ་བྱ་བ་བསྒྲུབས་ཤིང་སྐབས་དེ་དུས་ཀྱི་ཁོའི་རྐང་དམག་གི་མདའ་ཤོག་ནང་གི་རོགས་པ་རྣམས་ཀྱི་ཁྲོད་ནས་ཁོས་དགག་བྱ་ཆེ་བའི་ཤ་དང་ཆང་རག་ལ་རང་གི་སེམས་ཀྱི་ཅི་འདོད་ལྟར་དུ་རང་དགར་ལོངས་སུ་སྤྱོད་པ་མ་ཟད་ཉི་མ་དེ་དག་ཏུ་ཁོས་རང་ཉིད་ཀྱིས་ཇི་ལྟར་སྤྱོད་པ་བསྐྱངས་པ་དེ་རྣམས་ཆོས་པ་རྣམས་དང་སྲང་སྲོང་རྣམས་གཞན་ཆོས་ལགུས་པའི་འཚོ་ཐབས་ལ་རོལ་བའིམིའི་རིགས་ཅི་འདྲ་ཞིག་ཡིན་ནའང་དེ་ལ་ཆིག་རྩུབ་སྨྲ་བ་དང་མཐོང་ཆུང་བྱེད་པ་དེ་ནི་སྤྱིར་བཏང་མ་ཡིན་པའི་ཁཽ་རང་ཉིད་ཀྱི་དམིགས་བསལ་གྱི་བཟང་སྤྱོད་ཀྱི་སྙིང་སྟོབས་ཤིག་གི་རྟགས་མཚན་དུ་ངོས་འཛིན་བྱེད་ཀྱིན་ཡོད་པ་དེ་ལྟ་ནའང་དེང་སང་ལམ་ལུགས་ལ་ཆགས་ཞེན་ཆེ་བའི་ཀུན་སྤྱོད་ཚང་མ་ཁོའི་ལ་ལར་ཞེན་མོས་གུས་སུ་གྱུར་འདུག’ ཞེས་བཀོད་དེ་ཁི་རིས་ཤུ་ན་ཡལ་བྷ་བྷུའི་ལུས་ངག་གི་གཤིས་སྤྱོད་ཞིབ་ཚགས་པོའི་སྒོ་ནས་མཚོན་ཐབས་བྱས་ཡོད་ལ་གཤིས་སྤྱོད་དེ་དང་འབྲེལ་ནས་མི་སྣའི་སེམས་ཁམས་ཀྱང་གང་འཚམས་མཚོན་པར་བྱས་ཡོད། དེས་ན་ཀློག་པ་པོའི་མིག་སྔར་མི་སྣའི་བཀོད་སྒྲིག་བྱེད་སྟངས་ཀྱི་ང་བ་འདྲོན་ཐུབ་ས་ནས་མི་སྣའི་ཁོག་པ་ནང་གི་གཤིས་སྤྱོད་ལྟ་གྲུབ་བཅས་པར་རིམ་གྱི་གསལ་འོང་བའི་རྒྱུལ་ལོ་སྔ་ཕྱིར་འབྲེལ་ཆགས་པ་བྱས་འདུག དེ་བཞིན་ལོ་ལི་ཏ་དང་སུ་ཆ་རི་ཏ་ལི་ལ་སོག་སཀྱི་གཤིས་བཤད་ཀྱང་སྔ་ཕྱི་རྒྱུད་རིམ་བཞིན་ཞིབ་པར་བཀོད་ཡོད་པར་མ་ཟད། གྷོ་ར་དང༌། སུ་ཆ་རི་ཏ་བར་ཕོ་མོའི་བརྩེ་དུང་སྐོར་གྱི་ཞིབ་འབྲི་ཐོག་གཏིང་ཟབ་པའི་བརྩེ་དུང་གི་རྒྱབ་ཏུ་སྐར་ཆ་འགའ་ཞིག་ལ་ལུས་སེམས་ཡོངས་སུ་སྦྲིད་དེ་དག་པའི་ཞིལ་ཁམས་སུ་སླེབས་པའི་ཟ་འཁྲུག་གཡའ་ཆུའི་མཁྲིག་སྟེད་ཀྱི་ཆེད་ཙམ་མ་ཡིནི་པར་འགྲོ་བ་མིའི་མ་ཡིན་པའི་སྒེར་ཆོས་ཀྱི་བརྩེ་བ་ལྡན་ན་རྒྱལ་ཁབ་དང་མི་རིགས་ཀྱི་གཅིག་སྒྲིལ་གྱི་གཞི་རྩ་གལ་ཆེ་ཞིག་ཏུ་རྩིས་ཡོད། ཁོང་གཉིས་ཀྱི་བསམ་གཞིགས་དང་སྐད་ཆའི་རྒྱུད་རིམ་དེས་བརྩེ་དུང་ནི་ཆོས་ལུགས་དང༌། གོམས་སྲོལ། གསར་བཏོད་སོགས་ཀྱི་ཁ་གཡང་ཙམ་མིན་པར་འགྲན་ཟླ་མེད་པའི་ནུས་པ་དང་སྟོབས་ཤུགས་ལྡན་པ་ཞིག་ཏུ་ངོས་འཛིན་གནང་འདུག

         སྒྲུང་རྩོམ་འདིའི་འགོ་མཇུག་བར་གསུམ་དུ་མི་རིགས་ཀྱི་ལྟ་གྲུབ་ཐོག་འགལ་ཟླའི་བསམ་བློ་ཁྱེར་མཁན་མང་པོ་བྱུང་བའི་ནང་གི་གཏེ་པོ་ཧ་རི་ངོས་འཛིན་བྱས་ཤིང༌། ཁོ་པ་གཞི་རྩའི་ཤེས་བྱའི་གནས་ལུགས་མང་པོ་ལ་གནས་ཚད་མཐོན་པོར་སླེབས་པའི་མཁས་པ་ཞིག་ཡིན་ཡང་དོར་དགོས་པའི་རྣམ་བཞག་འགྲན་སེམས་དང༌། སྡང་ཟུག ཁྱད་བསད་བཅས་ཀྱི་གཤིས་སྤྱོད་ལྡན་ཞིང༌། དྲང་བདེན་དང༌། བརྩེ་བ། འགྲོ་བ་མིའི་བཟང་སྤྱོད་གསུམ་ཀྱི་ཁྱད་ཆོས་མ་ཚང་བ་དང༌། སྒྲུང་རྩོམ་འདིའི་ནང་ལྟ་གྲུབ་ཕྱོགས་འགལ་ལ་ཐད་ཀར་ཁ་བཏོད་ལོང་མཁན་གྷོ་ར་ཡིན་ཏེ། ཁོང་ལ་གོང་གསལ་ཁྱད་ཆོས་དེ་དག་ལྡན་པས་ཐ་མའི་རྒྱལ་ཁ་གྷོ་ར་ལ་ཐོབ་སྟེ་མཛེས་ལ་སུ་ཆ་རི་ཏ་གྷོ་རའི་པང་ཁར་ལྷུང་ཞིང༌། འཇོན་ཐང་དང༌། ཤེས་ཡོན། མཚན་སྙན་སོགས་ཀྱི་ཞན་ཆ་མེད་པའི་ཧ་རིས་སུ་ཆ་རི་ཏའི་ཆེད་དུ་ལྟོ་གོས་གཏམ་སོགས་བློ་བཏང་མང་པོ་བྱས་ཀྱང༌། གཞི་རྩ་ཚང་དགོས་པའི་ཆ་རྐྱེན་གལ་ཆེ་གསུམ་པོ་མ་མཛོམས་པའི་སྐྱོན་གྱིས་སྒྲུང་རྩོམ་འབྲི་མཁན་ཐེ་ཀོར་གྱིས་མཐའ་མའི་རྒྱལ་ཁ་གྷོ་ར་ལ་སྤྲོད་པ་དེས་རྩོམ་པ་པོའི་རྩོམ་ཡིག་གི་ཁ་ཕྱོགས་དང༌། ལྟ་གྲུབ་ཀྱི་ལངས་ཕྱོགས་གང་ཞིག་ལ་གཞི་བཅོལ་ཡོད་པ་དེ་མཚོན་ཐབས་བྱས་འདུག 

བསྒྱུར་སྒྲུང་འདི་ཉིད་དང་ལོ་ཙཱ་བ་ཟུང་ཆུ་ཆོས་གྲགས།

        ཐེ་ཀོར་གྱིས་བརྩམས་པའི་སྒྲུང་རྩོམ་བཅུ་ཕྲག་ཁ་ཤས་ཡོད་པའི་ནང་ནས་རྩོམ་སྒྲུང་རིང་གྲས་འདི་ཉིད་བོད་ཡིག་ཐོག་ཏུ་ཕབ་བསྒྱུར་གནང་མཁན་གྱི་མཚན་དངོས་ངས་མ་སྨྲས་ཀྱང་ཀློག་མཁན་ཕལ་ཆེ་བ་ཞིག་གིས་མཁྱེན་ངེས་རེད། ལོ་ཙཱ་བ་ཟུང་ཆུ་ཆོས་གྲགས་ལགས་ཁོང་གིས་དེ་སྔོན་སྲོལ་རྒྱུན་གྱི་སྒྱུ་རྩལ་འབུར་དུ་ཐོན་པའི་སྙན་རྩོམ་དང་སྒྲུང་རྩོམ་དེབ་གསུམ། བསྒྱུར་རྩོམ་དེབ་གཅིག་བཏོན་ཡོད་པ་དང༌། ད་རེས་སླར་ཡང་ཐེ་ཀོར་གྱི་རྩོམ་སྒྲུང་འདི་བཞིན་བོད་བསྒྱུར་གནང་འདུག་པའི་ནང༌། བསྒྱུར་རྩལ་ཐད་སྔོན་གྱི་སློབ་དཔོན་དཎ་ཌི་དང་ཀཱ་ལི་དཱ་སའི་གསུང་རྩོམ་ཁག་དང་འགྲོས་མཐུན་པའི་སྲོལ་རྒྱུན་གྱི་བྲོ་བ་མ་ཡལ་བ་སྟེ།

        དཔེར་ན།        སྒྲུང་རྩོམ་འདིའི་ལེའུ་དང་པོའི་ནང༌།།

                བྲག་རྫོང་ཕུགས་སུ་འཕུར་པའི་རྒྱུས་མེད་བྱ།།

                གང་ནས་གང་དུ་འོང་པ་ངས་མ་ཤེས།།

                ནུས་པ་མེད་པའི་བདག་གི་སེམས་པ་ཡིས།།

                གང་དེའི་རྐང་གཉིས་བཅིངས་སུ་ལ་བཏུབས་པར།།

                ཡུལ་ཕྱོགས་གང་དུ་སོང་བའང་ཤེས་མ་གྱུར།།

        ཞེས་པའི་ཚིག་རིས་ཀྱི་ངོ་གདོང་ལ་བལྟས་པ་ཙམ་གྱིས་སྲོལ་རྒྱུན་གྱི་རིག་གཞུང་གཙང་མའི་དྲི་བསུང་མངར་སིང་ངེ་བ་ཞིག་འཐུལ་འོང་ལ། ད་དུང་རིག་བྱེད་པ་དང་དབང་ཕྱུག་པ་སོགས་མུ་སྟེགས་བྲམ་ཟེ་ཆོས་ལུགས་པའི་ལྟ་གྲུབ་དང༌། སངས་རྒྱས་ཆོས་ལུགས་པའི་ལས་འབྲས་དང༌། བདེན་གཉིས། འཁོར་བའི་འཇུག་ལྡོག་གིས་མཚོན་པའི་རྣམ་བཞག་མང་པོ་ཞིག་ཀྱང་རྩོམ་པ་པོའི་བློ་གྲོས་ནམ་མཁའ་ལས་ཡངས་ཤིང་རྒྱ་མཚོ་ལས་ཟབ་པའི་ཀློང་ནས་ཉི་ཟླའི་བོད་སྣང་དང་རྒྱ་མཚོའི་རླབས་རིས་ལྟར་འཕྱོ་འོང་བ་ཡང་ཕྱི་ནང་གི་གྲུབ་མཐའ་ལ་བློ་ཁ་གང་འཚམས་ཕྱོགས་པའི་ཀློག་པ་པོ་ཞིག་ཡིན་ཕྱིན་ཆད་ཤེས་རྟོགས་ཐུབ་པ་ཞིག་རེད་སྙམ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།