སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅོ་ལྔ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-08 10:56:02 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ཉེར་དགུ་པ།
       བུ་དོན་གྲུབ་ཀྱིས་སྒྲོལ་མར་ཁ་པར་བཏང་ཡོང་སྟེ། ཟླ་འདིར་སྒོར་གྱི་འགྲོ་གྲོན་གྱིས་མི་འདང་བས་སྒོར་ཙམ་བསྐུར་དགོས་ཞེས་ཟེར་པར། སྒྲོལ་མས། སྒོར་མོ་ཟླ་མགོར་བསྐུར་བ་མིན་ནམ། ཅིའི་ཕྱིར་བཀོལ་རྒྱུ་མི་འདང་བ་རེད་དམ་ཞེས་བཤད། དོན་གྲུབ་ཀྱིས་ཁ་པར་བརྒྱུད་ནས་སྐད་ཆ་མང་པོ་ཞིག་བཤད་པ་ན། སྒྲོལ་མས་ཀྱང་ང་ལ་གང་འདྲ་བྱེད་དགོས་མིན་མི་འདྲི་རང་དབང་མ་བྱུང་། ངས། ཞི་ལིར་མྱུར་དུ་སྒོར་གྱི་འགྲོ་སྒོ་ཞིག་ཡོད་སོང་བ་ཁོ་ཐག་ཡིན་ངེས་པ་མ་ཟད། ད་དུང་གསལ་བཤད་བྱེད་མི་བདེ་བའི་དོན་ཡང་ཡོད་སྲིད། མ་གཏོགས་གང་འདོད་དུ་སྒོར་སློང་མི་སྲིད་ཅེས་བཤད་པ་ན། སྒྲོལ་མས་ཀྱང་དེ་འདྲ་རེད་སྙམ་བྱུང་།
       ངས་སྒོར་འགའ་བསྐུར་གྲབས་ཡོད་དུས། སྒྲོལ་མས་སླར་ཡང་ཐེ་ཚོམ་ངང། ཁོར་དོན་ངོ་མར་དགོས་མཁོ་ཅི་ཡོད་ད་དུང་གསལ་པོ་ཞིག་འདྲི་དགོས་ཞེས་ཟེར། ངས། ངེད་གཉིས་ཀྱིས་ད་སོ་མ་གྲོས་བྱས་ཡོད་པ་མིན་ནམ། ཡང་འགྱུར་སོང་བ་ཅི་རེད་དམ་ཞེས་པར། སྒྲོལ་མས། ངས་བུ་ལ་ཕྱི་ན་དགའ་རོགས་ཡོད་པར་སེམས་ཁུར་བྱེད་བཞིན་པ་མ་ཡིན་ནམ་ཞེས་ཟེར། ངས། དགའ་རོགས་ཡོད་ན་དེ་དོན་བཟང་ཞིག་རེད་འདུག ང་ཚོས་ཁོ་ལ་རྒྱབ་སྐྱོར་བྱས་ན་འགྲིག་ཅེས་བཤད་པ་ན། སྒྲོལ་མས། གལ་ཏེ་དགའ་རོགས་ཡོད་ན་ཤའོ་ཡུན་ལྟ་བུའི་བུ་མོ་བཟང་བོ་ཞིག་ལ་རེ་བ་མེད་སོང་བ་མ་རེད་དམ་ཞེས་ཟེར། ངས། ཤའོ་ཡུན་གྱི་དོན་དག་ཐད་ད་དུང་ན་རོ་ཡི་གཞོགས་ཡས་གཅིག་ཆད་ཡོད་པ་དང་མཚུངས་པས། ཁྱོད་ཀྱིས་ཁོ་ཚོར་རེ་བ་འཆང་བ་ནི་ཏག་ཏག་ཁྱོད་ཀྱི་འཆར་ཡན་ཁོ་ན་ཙམ་རེད། གལ་ཏེ་ཁོ་ཚོ་ངོ་འཕྲད་པ་ཡིན་ན་ཕན་ཚུན་དགའ་ཐུབ་མིན་ཡང་སུས་ཤེས་ཞེས་བཤད། སྒྲོལ་མས། ང་ཚོས་སྐད་ཆ་བཤད་པ་ལ་ཡིད་རྟོན་རུང་བ་ཡིན། མཚོ་མོས་ངའི་བསམ་ཚུལ་ཤའོ་ཡུན་ལ་བཤད་སོང་། མོས་ཀྱང་མི་འདོད་པའི་ངང་ཚུལ་མ་བསྟན་པས། ང་ཚོ་ཁ་བཤད་དོན་ལ་མ་གནས་ན་ཇི་ལྟར་རུང་ངམ་ཞེས་ཟེར།
       ངས་སྒོར་སུམ་སྟོང་བུ་ལ་བསྐུར་བ་ཡིན། སྒོར་བསྐུར་བའི་སྐབས་སུ་སྒྲོལ་མའི་བསམ་འཆར་ཡང་ཁོ་ལ་བཤད་པ་ཡིན། བུ་ཡིས། ཡ་ལགས། ཡ་ལགས་ཞེས་ཁ་ལེན་ཚིག་བརྩི་བྱས།
       ཉིན་དེའི་དགོང་མོར་སྒྲོལ་མས་ང་ལ། ཁྱོད་ཀྱིས་བུ་ལ་སྒོར་མོ་བསྐུར་ན་དེ་འདྲའི་གཏོང་ཕོད་ཆེ་དོན་ཅི་ཡིན་ནམ་ཞེས་དྲིས་བྱུང་། ངས་མོར་རང་ཉིད་སློབ་ཆེན་དུ་འགྲིམ་སྐབས་ཀྱི་འཚོ་བའི་དཀའ་ཁག་གི་སྐོར་མང་བོ་ཞིག་གླེང་བ་ཡིན།
       ང་སློབ་ཆེན་དུ་འགྲིམས་སྐབས། གཞི་རིམ་དུ་ཏག་ཏག་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་མ་ཐག་རེད། བལྟས་ཚོད་ཀྱིས་ཡུལ་མི་རྣམས་ཀྱི་གྲོད་པ་རྒྱགས་མོད་ཀྱང་། ཡིན་ཡང་དཔལ་འབྱོར་ཐད་ད་དུང་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། སྟབས་ལེགས་པ་ཞིག་ལ་སྐབས་དེར་རྒྱལ་ཁབ་ཀྱིས་སློབ་ཡོན་དང་ཟས་རིན་གྱི་འགན་འཁུར་སོང་བས། རང་ཉིད་ཀྱིས་གྱོན་ཆས་དང་དེ་བཞིན་དངུལ་སིལ་མ་ཁ་ཤས་ལས་འགན་འཁུར་མི་དགོས། རེད་མོད་ཀྱང་། སྒོར་དེ་དག་ཀྱང་ཕ་མས་ང་ལ་དངུལ་བུན་བསྐྱིས་ནས་མཁོ་འདོན་བྱས་པ་ཞིག་ཡིན། ངས་ཤེས་ཏེ་སྒོར་ནི་ཤིན་ཏུ་འཐོབ་དཀའ་བ་ཞིག་རེད། སློབ་སྐབས་སྔོན་མ་གཉིས་ལ་ང་རང་གི་འཚོ་བ་དེ་འཛིན་གྲྭའི་ཆེས་དབུལ་བའི་སློབ་གྲོགས་དང་བསྡུར་ཚེ། ལུས་སྟེང་དུ་བརྗེས་བཞིན་པ་ནི་ཨ་མས་ལག་པས་འཚེམ་བཟོ་བྱས་པའི་རས་ལྷམ་དང་རས་ལྭ་ཡིན་ལ། སོ་འཁྲུད་དུས་སུ་ཚྭ་ཆུས་སོ་སྨན་གྱི་ཚབ་བྱས་ནས་འཁྲུད་པ་དང་། སོ་འདྲད་སྤྱད་ནས་བརྡར་ནས་ཟད་རག་བར་དུ་སྟོར་མི་ཕོད་པ། དེ་བཞིན་དུ་སྒོར་སྟེར་མི་དགོས་པའི་སྤྱོད་ཁང་སྤྱོད་པ་དང་། ཞོར་ཟས་ཟ་མི་ཕོད་པ། སྐྲ་བཞར་ཚེ་ཟུར་གཉིས་ཅན་གྱི་བཟོ་ལྟ་མེད་པའི་སྐྱ་རྡོ་བཞར་བ། སྲང་ལ་གློག་བརྙན་ལ་ལྟ་བར་འགྲོ་བའམ་དངོས་པོ་ཉོ་རུ་ཕྱིན་ན་སྤྱི་སྤྱོད་རླངས་འཁོར་ལ་མི་འདུག་པར་རྐང་ཐང་ལ་ལེ་བར་བདུན་བརྒྱད་ལ་སོང་རུང་འཐད་པ་ཡིན། རེད་མོད་ཀྱང་། རྗེས་སུ་སློབ་མ་ཕྱུག་པོ་ཁ་ཤས་ཀྱིས་སློབ་མ་དབུལ་པོར་མཐོང་ཆུང་བྱེད་པས། སློབ་མ་དབུལ་པོ་ཁ་ཤས་ཀྱིས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་བསྒྱུར་བཅོས་བྱེད་མགོ་བརྩམས། ད་དུང་ཁྱིམ་ཚང་ཤིན་ཏུ་དབུལ་བའི་སློབ་གྲོགས་ཤིག་གིས་རང་གི་ཁོམ་གསེང་སྤྱད་ནས་ཁ་རོག་གེར་ཤར་སྒོའི་སྲང་ལམ་དུ་སོང་ནས་ཉོ་ཚོང་ཆུང་ཆུང་བརྒྱབ་ནས་སྒོར་མོ་བཙལ་བ་རེད། དང་ཐོག་འབྲུ་རིགས་སྤ་སེ་དང་མིག་ཤེལ་སོགས་བཙོང་བ་དང་། དེ་རྗེས་སུ་བྱུ་རུ་དང་བོད་གྲིའི་ཚོང་བརྒྱབ། སྒོར་ཡོད་པའི་རྐྱེན་གྱིས་གྱོན་ཆས་དུས་རབས་དང་འཚམ་པས་ངས་ཁོ་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ངས་ཁོ་ལས་སྒོར་མོ་བསྐྱིས་ནས་རང་ཉིད་ཀྱང་མཛེས་སྤྲས་ཤིག་བྱས་པ་སྟེ། ཁོག་སྟོད་གུ་དོག་ལ་ཁོག་སྨད་ཞེང་ཆེ་བའི་སྐེད་འགག་དོར་མ་ཞིག་དང་གོང་བ་གོར་གོར་ཅན་གྱི་ནུབ་ལྭ་ཞིག དེ་བཞིན་སྣེ་ཕྲ་ཅན་གྱི་ཀོ་ལྷམ་ཆ་གཅིག་ཀྱང་ཉོས་ཏེ་ཕྱིས་ནས་ནག་ཅིང་འོད་ཀྲིག་ཀྲིག་བྱེད་པར་བྱས་པ་དང་། ད་དུང་གཞོགས་གཅིག་ཏུ་ལོག་པའི་སྐྲ་ལོ་བཞག་ལ་དུ་ཆང་ཡང་སྤྱོད་ཤེས་སོང་། སྒོར་མོ་ཡོད་ཁུལ་བྱ་ཆེད། གཟའ་ཉི་མ་ཞིག་ལ་འཛིན་གྲྭ་མཐོ་བའི་སློབ་གྲོགས་ཤིག་གིས་ང་ཆུ་འགྲམ་གྱི་ནགས་ཚལ་དུ་རྩེད་མོ་རྩེ་བར་ཁྲིད་པ་དང་། ངས་རང་འགུལ་གྱིས་དོ་བག་ཅ་གཉིས་དང་ཆང་རྒྱ་མ་དོ། ད་དུང་བཟའ་བྱ་འགའ་ཉོས་ནས་ཉིན་གང་བོར་སྐྱིད་པོ་བྱས་པས་དགོང་མོ་ཇི་ལྟར་སློབ་གྲྭར་ལོག་པའང་གསལ་བོ་དྲན་མ་གྱུར། སྒོར་མོ་བསྐྱིས་ན་ཕྱིར་སྤྲོད་དགོས། འོན་ཀྱང་ངས་ཕྱིར་སྤྲོད་མ་ཐུབ། སློབ་གྲོགས་དེས། ཁྱོད་ཀྱིས་ང་ལ་རོགས་བྱས་ནས་དངོས་པོ་འགྲེམ་ཚོང་བྱོས་དང་། ཁྱོད་ཀྱི་བསྐྱིས་དངུལ་ང་ལ་མི་དགོས་ཞེས་ཟེར། དངོས་པོ་འགྲེམ་འཚོང་བྱེད་པར་ནུས་ཤུགས་མང་པོ་འདོན་དགོས་པ་མ་ཟད་ད་དུང་ཉེན་ཁ་འཁུར་དགོས་པས་ངས་ཁས་མ་བླངས། ངས་སློབ་གྲོགས་དེར་ཁ་གཏད་ནས་ཉི་མ་རེ་རེ་བསྐྱལ་ཐབས་བྱས། ཕྱི་ཚུལ་གྱི་ཁ་ཡག་འོག་ངས་ཉིན་གཅིག་དེ་ལོ་གཅིག་གི་ཡུན་ལྟར་བསྐྱལ་ཐབས་བྱས། གནང་སྐབས་ཤིག་རིང་། ངས་ཁྱིམ་གྱི་ཤ་ཤེད་མི་རྒྱས་པའི་ཕག་པ་སྐམ་པོ་ཞིག་ཡོད་པ་དེ་གྲོང་ཚོ་གཞན་ནས་ཕག་ཕྲུག་སྐྱེ་གྲབས་ཡོད་པའི་ཕག་མ་ཞིག་དང་བརྗེས་ལ། ཕག་མར་ཕག་ཕྲུག་བཅུ་ལྷག་ཙམ་སྐྱེས་ཤིང་། ངས་དེ་དག་སྒོར་བཅུ་ཁ་ལྷག་གི་རིན་གོང་གིས་བཙོངས་པས་ཁེ་བཟང་སྒོར་བརྒྱ་ལྷག་ཙམ་རག་བྱུང་། ཨ་ཕས། འདི་ནི་ཁྱོད་ཀྱིས་དཀའ་སྡུག་གིས་བསགས་པའི་སྒོར་མོ་རེད། དེའི་ཕྱིར་ཚང་མ་ཁྱོད་ལ་དབང་ཞེས་ཟེར། ངས་སྒོར་མོ་དེ་དག་སྤྱད་ནས་སློབ་གྲོགས་ཀྱི་བསྐྱིས་དངུལ་ཕྱིར་སྤྲད་པས་གཞི་ནས་སེམས་ལྷོད་ལ་བབས་སོང་། རྗེས་ནས་སློབ་གྲོགས་འདིས་སློབ་སྦྱོང་ལ་ཧུར་བརྩོན་མ་བྱས་པས་མཐར་ཕྱིན་དཔང་ཡིག་ཀྱང་ལེན་མ་ཐུབ། ཡང་རྗེས་ནས་གོ་ཐོས་ལྟར་ན་ཁོས་དུག་རྫས་བཙོངས་ནས་ཁྲིམས་ཆད་བཅད་སོང་ཟེར། ངས་གནས་ཚུལ་དེ་གོ་རྗེས་ཕྱོགས་གཅིག་ནས་ཁོའི་ཆེད་དུ་སེམས་སྡུག་བྱས་པ་མ་ཟད། ཕྱོགས་གཅིག་ནས་ལྐོག་ཏུ་རང་ཉིད་ལམ་དེར་མ་ཞུགས་པར་དགའ་བསུ་བྱས་པ་ཡིན་ཏེ། སྒོར་མོའི་ཆེད་དུ་དེ་དུས་ཅུང་ཙམ་མིན་ན་ང་ལམ་ལོག་ཏུ་བུད་སོང་།
       རང་གི་བྱིས་པ་སློབ་གྲྭར་འགྲོ་བའི་སྐབས་སུ། ངས་ནན་ཏན་གྱིས་སྤྱི་སྡོམ་གང་ལེགས་ཤིག་བྱས་པ་སྟེ། བྱིས་པ་ཕྱི་ལ་འགྲིམས་ན་ངེས་པར་སྒོར་མོ་མཁོ། གཙོ་བོ་ཁོའི་བསམ་ཚུལ་གནས་ལུགས་དང་མཐུན་པ་ཞིག་ཡིན་ཚེ། ཁྱོད་ཀྱིས་ཅིས་ཀྱང་ཁོའི་ཡིད་ཚིམ་དུ་འཇུག་དགོས། གལ་ཏེ་དེ་ལས་ལྡོག་ན་ཁོ་ལོག་ལམ་དུ་འགྲོ་བར་གདོན་མི་ཟ།
༢༩
       ལུགས་གསར་གྱི་གནམ་ལོ་ཚེས་ཉེར་ཡོད་པས་ཤང་གིས་ལོ་མཇུག་གི་བྱ་བ་ཕྱོགས་བསྡོམས་བྱས་ནས་ལོ་འཁོར་དེའི་སྔོན་ཐོན་ཐུན་མོང་ཅན་དང་མི་སྒེར་དཔྱད་འདམ་བྱས་པ་རེད། སྔོན་ཐོན་ཐུན་མོང་གི་དཔྱད་འདམ་བྱ་ཐབས་དེ་སྔ་ལོ་དང་འདྲ་བར། ཤང་ཨུ་ཚན་ཁག་གིས་ལས་ཁུངས་སོ་སོ་དང་ཚན་ཁག་སོ་སོས་ལོ་དེའི་ནང་ལེགས་སྒྲུབ་བྱས་པའི་ལས་ཀའི་ལས་འགན་ལ་གཞིགས་ནས་ཐད་ཀར་གཏན་འཁེལ་བྱས་པ་རེད། སྔོན་ཐོན་མི་སྒེར་དཔྱད་འདེམས་བྱེད་པའི་ཐད་བསམ་འཆར་གཉིས་བྱུང་བ་སྟེ། རིགས་གཅིག་ནི་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་རྒྱུའི་སྟེང་དམངས་ཀྱི་དཔྱད་གླེང་བསྣོན་རྒྱུ་བྱས། དེ་ཡང་གསལ་པོར་བཤད་ན་སྔོན་ལ་ལས་བྱེད་མི་སྣའི་ཁྲོད་འདམ་ཤོག་འཕངས་ཏེ་འདམ་འཁོར་དུ་ཚུད་པའི་མི་སྣ་འགའ་བདམས་ཐོན་བྱུང་རྒྱུ་དང་། དེ་ནས་དམངས་ཀྱིས་དཔྱད་གླེང་གིས་ཐག་གཅོད་བྱ་རྒྱུ་དེ་ཡིན་ལ། རིགས་གཅིག་ནི་མི་རང་གིས་ལོ་དེའི་ལས་འགན་བསྒྲུབས་ཚུལ་ཞུ་འབུལ་བྱས་རྗེས་ཀུན་སྤྱོད་དང་འཇོན་ཐང་། ལས་ཀའི་གྲུབ་འབྲས་བཅས་ཀྱི་མཚོན་ཚུལ་ལ་གཞིགས་ནས་འདམ་ཤོག་འཕངས་ཏེ་འདམ་འཁོར་དུ་ཚུད་པའི་འོས་མི་འགའ་ཞིག་བདམས་ཐོན་བྱུང་རྗེས་མང་ཚོགས་ཀྱིས་དཔྱད་འཇོག་དང་ཏང་ཨུ་ཡིས་ཁས་ལེན་ཐག་གཅོད་བྱ་དགོས། ཨྱོན་གྱིས། སྔོན་ཆད་རང་མིང་མི་འགོད་པའི་འདམ་ཤོག་འཕེན་ཐབས་ལ་སྐྱོན་ཆ་མང་པོ་ཡོད་པས་གལ་ཏེ་མི་ཞིག་གིས་གཡོ་ཐབས་སམ་ཡང་ན་མི་སྒེར་གྱི་བརྩེ་དུང་ཁོ་ནར་བརྟེན་ནས་འདམ་ཤོག་འཕངས་ཏེ་ཕུལ་དུ་བྱུང་བའི་ལས་བྱེད་པ་ངོ་མ་བདམས་ཐོན་བྱུང་མ་ཐུབ་ན་ཏང་ཨུ་ལའང་བྱ་ཐབས་ཡོད་པ་མ་རེད། ཡང་གཅིག་བཤད་ན། རང་མིང་མི་འགོད་པའི་འདམ་ཤོག་འཕེན་པའི་འགྲོ་ལུགས་སྒྲུབ་པའི་ཐད་ཀྱང་རྙོག་དྲ་ཆེ་དྲགས་པས། སྔར་བཞིན་ཡུལ་དངོས་དཔྱད་གླེང་བྱས་ན་བཟང་ཞེས་ཟེར། ཧྲུའུ་ཅིའང་བྱེད་ཐབས་འདི་ལ་འཐད་པས་ཁྱོན་བསྡོམས་སྔོན་ཐོན་མི་སྒེར་གསུམ་བྱུང་བ་དང་ལྷ་ཆེན་ཡང་དེའི་གྲས་སུ་ཚུད་འདུག
       ཚེ་ལོས་སྤྱི་བསྡོམས་ཡི་གེ་བྲིས་ནས་ཇ་ཁང་དུ་དགུང་ཟས་ཟ་བར་སྐྱོད་སྐབས་ཡོས་ལན་ཡང་ཟ་ཁང་དུ་འགྲོ་བཞིན་པ་དང་འཕྲད། མོའི་རྣམ་འགྱུར་ནི་ཤིན་ཏུ་བློ་ཕམ་དང་ཡིད་ཆད་ཀྱིས་ཁེངས་འདུག ཚེ་ལོས་དེ་ནི་ཁོ་ཐག་དཔྱད་བདམས་མཇུག་འབྲས་དང་འབྲེལ་བ་ཡོད་སྙམ་པས། ཟ་མ་ཟོས་ཚར་རྗེས་ཚེ་ལོ་ཡོས་ལན་དང་མཉམ་དུ་མོའི་ཉལ་ཁང་དུ་ཕྱིན་ཏེ་མོ་མི་དགའ་བའི་རྒྱུ་མཚན་གང་ཡིན་པ་དང་། ལྷ་ཆེན་སྔོན་ཐོན་དུ་བདམས་པར་ལྟ་སྟངས་འདྲ་ཡོད་པ་མིན་ནམ་ཞེས་དྲིས། ཡོས་ལན་གྱིས་ཐོག་མར་སྐད་ཆ་རྡབ་བེ་རྡིབ་བེ་འགའ་བཤད་ལ། རིམ་བཞིན་རྒྱུ་རྐྱེན་དེ་ཡིན་པ་ཁས་བླངས། ཚེ་ལོས། དེ་ནི་ཁྱོད་འགྲིག་མི་འདུག ལྷ་ཆེན་གྱི་ཕྱོགས་གཞན་དག་གི་བྱ་བའི་ཐད་ནས་ནུས་པ་སྤྱིར་བཏང་བ་ཞིག་ཡིན་རུང་། ད་ལོའི་དངོས་ཟོག་དང་རིག་གནས་སྤེལ་རེས་ཚོགས་འདུའི་ཐོག་ནུས་ཤུགས་གང་ཡོད་བཏོན་ཡོད་པས་སྔོན་ཐོན་ཞིག་ལ་བདམས་ཀྱང་མི་འོས་པ་ཞིག་མ་རེད་ཅེས་པར། ཡོས་ལན་གྱིས། ངས་ལྷ་ཆེན་སྔོན་ཐོན་མི་སྣར་བདམས་པར་ཕྲག་དོག་བྱེད་པ་ཁོ་ན་ནི་མ་ཡིན་ཏེ། ཡིན་པ་ནི་ལྷ་ཆེན་ལ་ལས་ཀའི་གྲུབ་འབྲས་ཕྲན་ཙམ་ཐོབ་པ་མཐོང་སྐབས་ཨྱོན་གྱིས་དེ་མུར་དེ་སྔའི་དཔྱད་འདམ་བྱེད་ཐབས་བསྒྱུར་བཞིན་འདུག དེ་ལྟར་མ་བྱས་ཚེ་ལྷ་ཆེན་སྔོན་ཐོན་མི་སྣར་བདམས་མི་ཐུབ་པར་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་ཟེར་ལ། ཡང་། ཁྱོད་ཀྱིས་ད་དུང་མི་ཤེས། ལྷ་ཆེན་འདི་སྔོན་ཆད་ད་དུང་གཞུང་བཟང་ཞིག་རེད། ང་དང་འབྲེལ་བའང་བཟང་། ད་དུང་ང་ལ་ཀྲུའུ་རིན་གྱི་འདི་དང་ཀྲུའུ་རིན་གྱི་དེ་ཞེས་གླེང་བར་བྱེད་མོད། འོན་ཀྱང་ད་ལོ་ཞབས་བྲོའི་དགེ་རྒན་བྱས་པ་ནས་བཟུང་སྟེ་ཡུན་གྱིས་ང་ལ་ཁ་ཡ་མི་བྱེད་པར་གྱུར། ངའི་ཚོར་སྣང་ཞིག་ལ་འདི་དག་ཚང་མ་བརྡ་རྟགས་ཤིག་ཡིན་པར་འདོད་དེ། རྗེས་ཕྱོགས་ངའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་འདི་བརྟན་མི་ཐུབ་པར་སྐྲག་ཅེས་ཟེར། ཚེ་ལོས། ངས་དེ་ལྟར་མི་འདོད་དེ། གཙོ་བོ་ཁྱོད་ཀྱིས་རང་གི་འོས་འགན་བསྒྲུབ་པས་ཆོག་ཅེས་ཟེར།
སུམ་ཅུ་བ།
       ཉིན་དེར། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཞིག་ངའི་གཞུང་ལས་ཁང་དུ་ཡོང་ནས། ཀྲུའུ་ཞིས་ཁྱེད་རང་རྩོམ་རིག་ལ་དགའ་པོ་ཡོད་པ་ཤེས་ཡོད། ཉེ་བའི་ལོ་ཤས་རིང་ཁྱེད་ཀྱིས་ཞིང་ཆེན་ཕྱི་ནང་གི་ཚགས་པར་དང་དུས་དེབ་ཐོག་ཏུ་རྩོམ་རིག་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་བས། ང་ཚོས་ཁྱེད་རང་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིར་འོས་སྦྱོར་བྱེད་རྩིས་ཡོད་པས། གལ་ཏེ་ཁྱེད་རང་ཚོགས་པར་ཞུགས་རྒྱུར་མོས་མཐུན་ཡོད་ཚེ་རེའུ་མིག་འདི་བྲིས་ནས་དུས་ཐོག་ཏུ་སྐྱེལ་ཤོག་ཅེས་བཤད་ཞོར་དུ་ངོ་སྤྲོད་རེའུ་མིག་ཅིག་ང་ལ་གནང་བྱུང་། ངས་རེའུ་མིག་བཟུང་ནས་ཞིབ་མོར་བལྟས་ཚེ། དེའི་ནང་དུ་རང་ཉིད་ཀྱི་གཞི་རྩའི་གནས་ཚུལ་འབྲི་དགོས་པ་ཕུད། གཙོ་བོ་འགྲེམས་སྤེལ་བྱས་པའི་རྩོམ་ཡིག་གི་གནས་ཚུལ་འགོད་དགོས་པ་སྟེ། བྲིས་པའི་རྩོམ་སྟངས་དང་བཀོད་པའི་དུས་དེབ། ནམ་བཀོད་ཀྱི་དུས་ཚོད་སོགས་ཚུད་འདུག ངས་དེ་སྔ་འགྲེམས་སྤེལ་བྱས་མྱོང་བའི་བརྩམས་ཆོས་སྣ་ཚོགས་འཁྱེར་ཡོང་སྟེ་རྣམ་གྲངས་ཡོངས་སུ་ཁེངས་པར་བྱས་རྗེས་ཉིན་དེའི་ཕྱི་དྲོ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་སྤྲད་པ་ཡིན།
       དགོང་མོ་དེར། ངས་རེའུ་མིག་བསྐངས་པའི་དོན་དག་དེ་སྒྲོལ་མར་བཤད་པ་ཡིན། སྒྲོལ་མས། རྩོམ་པ་པོ་ནི་ཅི་ཞིག་བྱེད་མཁན་ཡིན་ནམ་ཟེར། ངས། རྩོམ་འབྲི་མཁན་ཡིན་པ་རེད་ཅེས་པར། སྒྲོལ་མས། ཁྱོད་ཀྱིས་རྩོམ་བྲིས་ནས་བྱ་བ་མི་དགོས་སམ་ཞེས་ཟེར་། ངས། འདི་ནི་ལས་ཞོར་གྱི་རྩོམ་པ་པོ་ཡིན་པས་བྱ་བའི་ཞོར་དུ་རྩོམ་རིག་བརྩམས་ཆོས་འགའ་བྲིས་ན་ཆོག་ཅེས་བཤད། སྒྲོལ་མས། ཁྱོད་ཀྱིས་རྩོམ་ཡིག་འབྲི་བའི་ཆེད་དུ་རྟག་ཏུ་ཁྱིམ་ནས་རྐང་བ་ཕྱིར་མི་སྤོ་བའི་རྐྱེན་གྱིས་སྔ་ས་ནས་མིང་དོན་དང་མཚུངས་པའི"ཁྱིམ་སྡོད་པ་"ཞིག་ཡིན་པ་བཞིན་ད་དུང་རེའུ་མིག་དེ་བྲིས་ནས་ཅི་བྱེད་དམ་ཞེས་ཟེར།
       སྒྲོལ་མས་ཟུར་ཟའི་སྐད་ཆས་ང་རང་ངུ་མ་དགོད་དུ་བཏང་། 
       ངོ་མས། སྔོན་ཆད་ང་ལ་རྩོམ་པ་པོ་ཞིག་བྱེད་པའི་ཕུགས་བསམ་དངོས་གནས་ཡོད་མྱོང་། འོན་ཀྱང་བརྩམས་ཆོས་གྲགས་ཅན་སྤེལ་ཡོད་པ་དེ་དག་དང་། མིང་དུ་གྲགས་པའི་རྩོམ་པ་པོ་དེ་རྣམས་མཐོང་མ་ཐག་རང་དབང་མེད་པར་གོམ་ཁ་བསྐྱུར་སོང་། གལ་ཏེ་ང་རང་ཉིད་ཀྱི་རྩོམ་རིག་རྩོམ་འབྲི་ནི་་ཐོག་མར་རང་གི་མཉམ་འཇོག་གི་ནུས་པ་བསྒྱུར་བྱེད་དམ་རང་ཉིད་ཀྱི་གཞུང་ཡིག་རྩོམ་འབྲི་བྱེད་པར་རོགས་རམ་བྱེད་པའི་ཆེད་དུ་ཡིན་ཞེས་བརྗོད་ན། དེས་ན་རྗེས་སུ་ལས་ཞོར་དུས་ཚོད་འཕྲོ་བརླག་གཏོང་བྱེད་ཀྱི་མི་སྒེར་གྱི་སྤྲོ་སྣང་ཞིག་ཏུ་བསྒྱུར་བ་རེད། སྲིད་འཛིན་ལས་ཀ་གཉེར་བ་དང་དུས་མཚུངས་སུ་ད་དུང་ལས་ཞོར་རྩོམ་པ་པོ་ཞིག་བྱས་ཆོག་མིན་མི་ཤེས་ལ། རང་ཉིད་ཚད་ལྡན་ཞིག་ཡིན་མིན་ཡང་མི་ཤེས་པ་མ་ཟད། ཐ་ན་ཇི་ལྟར་ཕྱོགས་དེར་ཞུགས་དགོས་པའང་མི་ཤེས་མོད་ཀྱང་། བལྟས་ཡོང་ན། ད་ལྟ་གཞི་ནས་བསམ་དོན་འགྲུབ་སོང་སྙམ།
       རེའུ་མིག་བསྐངས་ནས་ཡར་སྤྲད་པའི་རྗེས་སུ། ངས་ངང་རྒྱུད་རིང་པོས་སྒུག་ནས་བསྡད།
༣༠
       ལོ་གསར་བ་བསླེབ་ལ་ཉེ། ཤང་དུ་སྣེ་ཁྲིད་འགོ་ཁྲིད་གཅིག་དང་ལས་རེས་མི་སྣ་ཁ་ཤས་ལས་གཞན་ཚང་མ་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་དུ་ལོ་གསར་རོལ་བར་ཕྱིན་པ་རེད། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱང་ཕ་ཡུལ་དུ་ལོ་གསར་རོལ་བར་འགྲོ་རྒྱུའི་སེམས་ཐག་བཅད།
       གཡང་སྐྱིད་ཀྱིས་གྱོན་ཆས་དང་ཀ་ར་སིལ་ཏོག་ཁ་ཤས་ཉོས་ལ། ཚེ་ལོས་མི་བོས་ནས་ལུག་གཉིས་བཤས་ཏེ་ཕ་ཡུལ་དུ་འཁྱེར་རྩིས་བྱས། ཤ་ཁོག་གཅིག་རང་ཁྱིམ་དུ་འཁྱེར་རྩིས་དང་ཅིག་ཤས་དེ་གྱོས་མོའི་ཁྱིམ་ལ་འཁྱེར་རྩིས་རེད། དགུན་ཤ་བླངས་རྗེས་ཡང་ཇི་ལྟར་བྱས་ནས་ཕ་ཡུལ་དུ་འཁྱེར་རམ་ཞེས་སེམས་འཁུར་བྱེད་མགོ་བརྩམས། ཕ་ཡུལ་ནས་འདིའི་བར་མ་མཐའ་ཡང་སྤྱི་ལེ་སུམ་བརྒྱ་ལྷག་ཙམ་གྱི་ལམ་ཐག་ཡོད་པ་ཡིན། ཤང་དུ་པེ་ཅིན་ཅི་ཕུའུ་རྟགས་ཅན་གྱི་རླངས་འཁོར་གཅིག་མ་གཏོགས་མེད་པ་དེ་ནི་འགོ་ཁྲིད་རྣམས་ལ་མཁོ་འདོན་བྱས་པ་ཡིན་པས། དེ་ནི་འགོ་ཁྲིད་དང་ལམ་གཅིག་ཡིན་པའམ་ཡང་ན་འདུག་སྟེགས་སྟོང་པ་ཡོད་པའི་སྐབས་སུ་ཁོ་ན་མ་གཏོགས་ལས་བྱེད་མི་སྣར་མི་དབང་བས། ཚེ་ལོར་མཚོན་ན་ད་རུང་ཐོབ་ཐང་དེ་མེད་པ་མ་ཟད་དེ་ལྟ་བུའི་རླངས་འཁོར་དེར་ཡང་འཕྲད་མ་སོང་། གཡང་སྐྱིད་ཀྱི་ལས་ཁུངས་སུ་ད་དུང་རླངས་འཁོར་བཀོད་བསྒྲིག་བྱས་མེད་ལ། ཡོད་ཀྱང་མོ་ལའང་མི་དབང་། རྫོང་ནས་ཞིང་ཆེན་གྲོང་ཁྱེར་ལ་བསྐྱོད་པའི་འགྲུལ་འཁོར་གཅིག་མ་གཏོགས་མེད་ཅིང་། འགྲུལ་འཁོར་དེར་འདུག་པའི་དབང་དུ་བཏང་ན་ཁོ་ཚོས་ཐེངས་གསུམ་ལ་འགྲུལ་འཁོར་བརྗེས་ན་ད་གཟོད་ཡུལ་ལ་ཐོན་ཐུབ། རེད་མོད་ཀྱང་ད་ལྟ་ཐ་ན་རླངས་འཁོར་འདིའི་ཉིན་གསུམ་གྱི་རྗེས་ཀྱི་པ་སེའང་བཙོངས་ཚར་འདུག
       ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་སོ་སོའི་གནས་སུ་རླངས་འཁོར་བཙལ། ཕྱི་དྲོ་ཚེ་ལོའི་ལག་ཏུ་ཅི་ཡང་མ་ཐོབ་པར་ཕྱིར་ལོག གཡང་སྐྱིད་ཀྱིས། ང་སངས་རྒྱས་ལ་ཕྲད་བྱུང་། ཁོའི་གྲོགས་པོར་འཇེམ་འཁོར་ཞིག་ཡོད་ཅིང་ཏག་ཏག་ང་ཚོའི་རྫོང་དུ་འགྲོ་བཞིན་འདུག་པས། འགྲོ་ཞོར་དུ་ཐེངས་གཅིག་བསྐྱལ་ཆོག་ཟེར་ཞེས་བཤད། ཚེ་ལོས། ཁྱོད་ཀྱིས་བཤད་པ་ནི་མཁར་སྒོ་སློབ་ཆུང་གི་སངས་རྒྱས་མ་རེད་དམ་ཟེར་བར། གཡང་སྐྱིད་ཀྱིས། ཁོ་རེད་ཅེས་ཟེར། 
       ཚེ་ལོས་དེ་འདྲ་ཡིན་པ་ཤེས་རྗེས་ཁོང་ཁྲོ་ཆེན་པོས། གཡང་སྐྱིད་ཁྱོད་ཀྱིས་ད་དུང་ཁོ་ལ་ཁ་ཡ་བྱེད་དོན་ཅི་ཡིན་ནམ། ཐ་ན་ཁོའི་རླངས་འཁོར་ལའང་འདུག་འདོད་པ་རེད་དམ་ཞེས་པར། གཡང་སྐྱིད་ཀྱིས། དོན་དག་དེ་འདས་སོང་བ་མིན་ནམ། སྐབས་དེ་ནས་བཟུང་སྟེ་ཁོས་ང་ལ་རྙོག་དྲ་བཟོས་མ་མྱོང་བས། ང་ཚོས་ད་དུང་དོན་དེར་རྩོད་གླེང་བྱེད་དགོས་དོན་ཅི་ཡོད་དམ་ཞེས་ཟེར། ཚེ་ལོས། གཡང་སྐྱིད་ཁྱོད་ལ་དངོས་གནས་ལ་རྒྱ་ཟེར་བ་མི་འདུག སྔོན་ཆད་ཁོས་ཅུང་ཙམ་མིན་ན་ཁྱོད་བརླག་པ་རེད། ཁྱོད་ལ་ད་དུང་འཁོན་སེམས་ཅི་ཡང་མི་འདུག་དོན་ཅི། ཁྱོད་རང་ཉིད་འདུག་འདོད་ན་སོང་ནས་སྡོད་ཅིག ངས་ཐབས་གཞན་པ་འཐེན་ཆོག་ཅེས་ཟེར་ཞོར་དུ་རྫོང་སྐྱེལ་འདྲེན་ཀུང་སིར་སོང་ནས་ས་ཆ་སོ་སོར་བསྐྱོད་པའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་བཙལ།
       ནམ་མཁར་སྐར་མས་འཁེངས་པའི་སྐབས་སུ་ཚེ་ལོ་ད་གཟོད་ཐང་ཆད་པའི་ངང་ཕྱིར་ཁྱིམ་དུ་ལོག གཡང་སྐྱིད་ཀྱིས། རླངས་འཁོར་བཙལ་ཟིན་ནམ་ཞེས་དྲིས། ཚེ་ལོས། ཕ་ཡུལ་གྱི་རྫོང་དུ་འགྲོ་བའི་སྐྱེལ་འདྲེན་རླངས་འཁོར་ཞིག་བཙལ་ཡོད། ཁྱོད་ཁ་ལོ་བའི་གཞོགས་སྟེགས་སུ་བསྡད་ཆོག་ལ་ང་འཁོར་སྒྲོམ་དུ་བསྡད་ཆོག སྡོད་གླའང་མི་མཐོ་སྟེ་དངོས་པོ་དང་བཅས་པ་སྒོར་ལྔ་བཅུས་འདྲུད་ཀྱིན་ཡོད་ཅེས་བཤད། གཡང་སྐྱིད་ཡིད་མི་ཚིམ་པའི་ངང་ནས། དེ་ད་དུང་མི་མཐོའམ། འགྲུལ་འཁོར་ལ་བསྡད་ནའང་རིན་གོང་དེ་འདྲ་མི་མཐོ་ཞེས་ཟེར། ཚེ་ལོས་གཡང་སྐྱིད་མི་འཐད་པའི་རྣམ་འགྱུར་མཐོང་བས་ཁོང་ཁྲོའི་ངང་ནས། གལ་ཏེ་ཁྱོད་འདུག་མི་འདོད་ན་སངས་རྒྱས་ཀྱི་འཇེམ་འཁོར་ནང་འདུག་ཏུ་སོང་། རེད་མོད་ཀྱང་རྗེས་སུ་ངེད་གཉིས་ཀྱིས་ངོ་མི་ཐུག་པར་བྱ་ཞེས་ཟེར།
       གཡང་སྐྱིད་ཀྱིས་ཚེ་ལོ་ཡི་རྣམ་འགྱུར་དེ་མཐོང་བས་སང་ཉིན་སྐྱེལ་འདྲེན་རླངས་འཁོར་དུ་འདུག་རྒྱུར་འཐད་པ་བྱུང་།
       ཕྱི་ཉིན་ཞོགས་པར། ཁ་ལོ་བས་རླངས་འཁོར་སྒོ་ཁར་བསྐོར་ནས་ཡོང་། ཚེ་ལོས་སྲིང་བལ་གྱི་ལྭ་བ་མཐུག་པོ་ཞིག་དང་སྲིང་བལ་གྱི་རྐང་ལྷམ། ཞྭ་མོ་བཅས་གྱོན་ནས་གྲ་སྒྲིག་ཆ་ཚང་བྱས། གཡང་སྐྱིད་ཀྱིས་བལྟས་རྗེས་དགོད་ཞོར་དུ་ཁྱོད་དོམ་ཆེན་ཞིག་དང་འདྲ་ཞེས་ཟེར། ཚེ་ལོས་མོ་ལ་ཁ་ཡ་མི་བྱེད་པར་ལུག་ཤ་འཁོར་སྒམ་ནང་དུ་བཞག་རྗེས། ཡང་དཔེ་དེབ་གཅིག་བཟུང་སྟེ་རླངས་འཁོར་དུ་དུས་འཁྱོལ་འདྲ་བྱས་ན་བསམ་པ་ལ། གཡང་སྐྱིད་ཀྱིས་ཁོའི་ལག་གི་དཔེ་དེབ་འཕྲོག་སྟེ་མལ་ཁྲིའི་སྟེང་དུ་གཡུག་པ་དང་མཉམ་དུ། གླེན་པ། ཁྱོད་ལ་ད་དུང་འདིར་ལྟ་འདུན་ཡོད་དམ་ཞེས་ཟེར།
       ཞོགས་པའི་དུས་ཚོད་བདུན་སྟེང་ནས་ལམ་ལ་ཆས། རླངས་འཁོར་ལམ་ཧྲིལ་བོར་ཡམ་ཡོམ་བྱེད་པའི་སྟེང་། ད་དུང་དུས་ངེས་མེད་དུ་ཁ་བ་བུ་ཡུག་གིས་མི་ལ་འཇབ་རྒོལ་བྱེད་པ་རེད། ཚེ་ལོ་འཁོར་སྒམ་གྱི་གྲུ་ཟུར་ཞིག་ཏུ་འཁུམ་ནས་སྐེད་རྒྱབ་ན་བ་དང་། གྲང་ནས་ལྷབ་ལྷུབ་ཏུ་འདར་ཡང་བཟོད་བསྲན་བྱེད་པ་ལས་དཀའ་ངལ་གྱི་སྐད་ཆ་ཅི་ཡང་བཤད་མི་ཕོད། གཡང་སྐྱིད་ཀྱིས་ཀྱང་སྐབས་འགར་རླངས་འཁོར་གྱི་སྒེའུ་ཁུང་ནས། ཅི་འདྲ་རེད། བཟོད་ཐུབ་བམ་ཞེས་པའི་སེམས་ཁུར་གྱི་སྐད་ཆ་ཚིག་རེ་གཉིས་དྲིས་ཀྱང་། ཚེ་ལོས་སྐྱོ་སེམས་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་བསྟན་ནས། བསྲན་མི་ཐུབ་རྒྱུ་ཅི་ཡོད། དཀའ་སྡུག་དེ་ཙམ་ཡང་བསྲན་མི་ཐུབ་ན་སྐྱེས་ཕོ་རབ་ཅིག་ཏུ་རྩི་ཆོག་གམ་ཞེས་ལན་བཏབ། དེ་ལྟར་རྒྱུན་འཁྱོངས་བྱས་ནས་དགོང་མོའི་དུས་ཚོད་བཅུ་ཡས་མས་སུ་ད་གཟོད་མཁར་རྫོང་དུ་ཐོན་པ་རེད། སྐབས་དེར་ཤང་དུ་བསྐྱོད་པའི་རླངས་འཁོར་སྔ་ས་ནས་གཏོང་མཚམས་བཞག་པ་དང་འགྲུལ་ཁང་གི་སྒོ་ཡང་བརྒྱབ་ཟིན་པས། ཚེ་ལོ་འུ་ཐུག་ཐབས་ཟད་དུ་གྱུར་ཅིང་གཡང་སྐྱིད་དང་མཉམ་དུ་ཤ་ཁོག་གཉིས་འཁུར་ཏེ། ཟླ་འོད་དང་བསྟུན་ནས་དཀའ་ཚེགས་ཆེན་པོས་རྫོང་དང་ཐག་ཉེ་ཙམ་ཡོད་པའི་གཡང་སྐྱིད་ཨ་མའི་ཁྱིམ་དུ་མི་བསྐྱོད་ཀ་མེད་བྱུང་། བྱ་མགོ་མ་གྲགས་དུས་ཁོ་གཉིས་ད་གཟོད་སྡེ་བའི་ནང་དུ་ཐོན་པ་རེད།
       རྒྱ་སྒོ་དམ་པོར་བརྒྱབ་ཡོད་པས་གཡང་སྐྱིད་ཀྱིས་ངར་ཤུགས་ཆེན་པོས་ཐེངས་འགའ་བརྡུངས་པ་ན། ཨ་མ་གཞི་ནས་སྒོ་ཕྱེ་བར་བསླེབས་བྱུང་། མོས་ཁོ་གཉིས་ཀྱི་བཟོ་ལྟ་ཤོར་བའི་རྣམ་པར་བལྟས་ནས་ཧང་སངས་པའི་ངང་། གནམ་རྒན་མ། ངས་སུ་ཞིག་རེད་འདོད་བྱུང་། ཁྱོད་ཚོ་མཚན་གུང་དུ་ཁྱིམ་དུ་ལོག་དོན་ཅི་ཡིན་ནམ་ཞེས་དྲིས།
       གཡང་སྐྱིད་ཀྱིས་ཨ་མ་མཐོང་མ་ཐག་རྐང་གཉིས་སྦྲིད་ཅིང་ས་རུ་ཙོག་པ་དང་ཅི་ཡང་མི་སྨྲ་བར། ཨ་མ་ཞེས་ངུས་བྱུང་།
       ཨ་མས་ཐེ་ཚོམ་ངང་། ཁྱོད་ཚོའི་འདི་ནི་ཅི་ཞིག་ཡིན་ནམ། དོན་དག་འདྲ་བྱུང་བ་མིན་ནམ་ཞེས་དྲིས།
       ཚེ་ལོས་ངལ་ཙམ་གསོས་རྗེས། ང་ཚོ་ཡུལ་ལ་གཉེན་ཉེ་དང་ཐུག་ཕྲད་བྱེད་དུ་ཡོང་སྐབས་རྫོང་ནས་ཤང་དུ་གཏོང་བའི་རླངས་འཁོར་བཏང་ཚར་བ་དང་། འགྲུལ་ཁང་གི་སྒོ་ཡང་བརྒྱབ་འདུག་པས་རྐང་ཐང་དུ་མཚན་བརྒྱུད་ནས་ཁྱིམ་དུ་མི་ལོག་ཀ་མེད་བྱུང་བ་རེད་ཅེས་ཟེར།
       གཡང་སྐྱིད་ཀྱིས་མགྲིན་པ་བརྣངས་བཞིན། ཚང་མ་ཁོ་ལན་པ་རེད། གལ་ཏེ་ཁོ་ཨུ་ཚུགས་ཆེ་བ་མིན་ན། ང་ཚོ་བདེ་མོ་སྐྱིད་པོ་དང་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཡུལ་ལ་ལོག་ཆོག་པ་ལས་ཡུལ་བྱོལ་བ་ཆ་གཅིག་དང་གང་ནས་འདྲ་སྲིད་དམ་ཞེས་ཟེར།
       ཚེ་ལོས། ཐུགས་བརྒྱལ་མ་བཞེངས། ངས་ཁྱོད་ལ་མ་ཉེས་ཁ་གཡོགས་ཐེབས་སུ་བཅུག་པ་རེད། རེད་མོད་ཀྱང་། ངའི་མིད་པར་ཡང་གཞན་གྱིས་སྦྱིན་པ་བཏང་བའི་ཟས་དེ་གཏན་ནས་མི་འགྲོ་ཞེས་བཤད།
       ཨ་མས། ད་ཕན་ཚུན་ལ་ཁ་རྩོད་མ་བྱེད། གལ་ཏེ་སྟབས་མི་བདེ་ན་ཡུལ་ལ་མ་ལོག་ཀྱང་ལོས་ཆོག ཁྱོད་ཚོས་ཅིའི་ཕྱིར་འདི་འདྲའི་ཨུ་ཚུགས་བྱེད་དགོས་པ་རེད་དམ་ཞེས་ཟེར། མོས་ཁ་འགོག་བཞིན་སྙིང་རྗེ་བའི་ངང་ནས་བུ་མོ་པང་དུ་བཟུང་བྱུང་། ཚེ་ལོས་དེའི་རྒྱུ་མཚན་ཨ་མ་ལ་གསལ་བཤད་ཞིབ་མོ་ཞིག་བྱས་སོང་མོད། འོན་ཀྱང་ཨ་མས་ཉན་ཟིན་མིན་སུས་ཤེས།
       ཉིན་གཉིས་པར། གཡང་སྐྱིད་ཀྱི་ཁོང་ཁྲོ་ད་དུང་འཇགས་མེད་དེ། ཐ་ན་ཚེ་ལོར་ཁ་ཡ་མི་བྱེད་པ་དང་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་པ་མངོན་བྱུང་།
       ཚེ་ལོས་ཞི་འཇམ་གྱི་སྐད་ཆས། གཡང་སྐྱིད་ལགས། ལོ་སར་ལ་ཉེ་བས་ང་ཚོ་ཕ་རོལ་གྱི་ཁྱིམ་དུ་འགྲོ་རན། རྒན་པ་རྣམས་ཀྱིས་ང་ཚོར་སྒུག་ཡོད་ཅེས་བཤད།
       གཡང་སྐྱིད་ཀྱིས་ཚེ་ལོར་ཅེར་ནས། འདི་ནས་ལོ་སར་བ་དང་དེ་ནས་ལོ་སར་བ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། ཁྱོད་འགྲོ་འདོད་ན་རང་ཉིད་སོང་། ང་མི་འགྲོ་ཞེས་ཟེར།
       ཚེ་ལོས། ངས་དེ་ལྟར་བཤད་པ་ནི་མིན། དེ་ནི་ངེད་གཉིས་ཀྱིས་སྔོན་ལ་གྲོས་བྱས་པ་མ་ཡིན་ནམ་ཞེས་ཟེར།
       གཡང་སྐྱིད་ཀྱིས་། མི་འགྲོ། ངས་ཁ་སང་དངོས་པོ་འཁུར་ནས་སྐེད་པ་ན་བཞིན་འདུག ནམ་ཞིག་ལ་དྲག་སྐྱེད་བྱུང་ཚེ་སྐབས་དེ་དུས་ད་གཟོད་ཐག་གཅོད་བྱ་ཆོག་ཅེས་ཟེར།
       ཚེ་ལོས། ངས་ཁྱོད་ལ་དགོངས་དག་ཞུས་པ་མིན་ནམ། ཁྱོད་ད་རུང་ང་ལ་ཁོང་ཁྲོ་ལངས་དོན་ཅི་ཡིན་ནམ་ཞེས་ཟེར།
       ཨ་མས་བར་དུ། བདེན་ཏེ། ཚེ་ལོས་ལམ་དུ་ཁྱོད་རང་རླངས་འཁོར་གྱི་མགོ་ཁང་དུ་འདུག་ཏུ་བཅུག་ཅིང་རང་ཉིད་འཁོར་སྒམ་ནང་དུ་བསྡད་ཀྱང་དཀའ་སྡུག་དང་ཐང་ཆད་པའི་སྐད་ཆ་གཅིག་ཀྱང་མ་བཤད་ཅེས་ཟེར།
       གཡང་སྐྱིད་ཀྱིས། སྡུག་གྱོང་།  སུས་ཁོས་ངའི་ཁར་མི་ཉན་པར་འཇེམ་འཁོར་ལ་བསྡད་ནས་མི་ཡོང་བ་ཡིན་ནམ་ཞེས་ཟེར།
       ཚེ་ལོས། ཁྱོད་ཀྱིས་མི་དེ་འཁོན་དུ་མི་འཛིན་ནའང་། འོན་ཀྱང་ངས་ད་དུང་དོན་དག་དེ་ཡིད་ལ་བཟུང་ཡོད་ཅེས་ཟེར། 
       གཡང་སྐྱིད་ཀྱིས། ཀླད་རུལ་ཁྱོད། ཁྱོད་ལྟ་བུའི་མིའི་རྗེས་སུ་དེད་ན། ཚེ་གང་བོར་སྐྱིད་མེད་སོང་བ་རེད། འདི་ཡང་རྒན་པ་རྣམས་ཀྱིས་གཉེན་རྟགས་བརྒྱག་སྔ་དྲགས་པས་ལན་པ་མ་རེད་དམ་ཞེས་ཟེར།
       ཚེ་ལོས། ཁྱོད་ཀྱིས་ང་དང་མཉམ་དུ་འཚོ་བ་རོལ་མི་འདོད་ན་སུ་དང་འགྲོགས་འདོད་ན་དེ་དང་འགྲོགས་ཆོག་མོད། འོན་ཀྱང་རྒན་པ་རྣམས་ལ་འཁང་ར་མ་བྱེད་ཅེས་ཟེར།
       ཆོག་གི། ཚིག་ཐོག་ནས་འདུག་དགོས། རྗེས་ཕྱོགས་ཁྱོད་རང་གི་ལམ་ལ་སོང་། ང་ངའི་ལམ་དུ་འགྲོ......ཞེས་སྐད་ཆ་བཤད་མ་ཚར་གོང་། ཨ་མས་ཅལ་ཅལ་ཞེས་ཁོ་གཉིས་ལ་འགྲམ་ལྕག་རེ་རེ་གཞུས་ཤིང་། དེ་དང་བསྟུན་ནས་ཡང་གཅིག་པུ་ངུས་བྱུང་། གཡང་སྐྱིད་དང་ཚེ་ལོ་གཉིས་ཀྱིས་གློ་བུར་དུ་ད་སོ་མ་བཤད་པའི་སྐད་ཆ་ལྕི་སོང་བ་དང་ཨ་མ་སེམས་སྡུག་ཏུ་བཅུག་པ་ཤེས་པས། པུས་མོ་ས་ལ་བཙུགས་ནས་ཨ་མ་ལ་གུ་ཡངས་སུ་གཏོང་བའི་རེ་བ་ཞུས། ཨ་མས་བཟའ་ཟླ་གཉིས་ཀྱིས་རང་སྐྱོན་རྟོགས་ཤིང་འགྱོད་པ་སྐྱེས་ནས་ནོར་འཁྲུལ་ངོས་ལེན་བྱེད་པ་མཐོང་བས་རིམ་བཞིན་ངུ་མཚམས་བཞག་བྱུང་། མོས་ཚེ་ལོར། སླད་ཕྱིན་བྱ་བ་དང་འཚོ་བའི་ཁྲོད་ནས་མིག་སེམས་ཆུང་དུ་མི་བསྡམས་པར་གྲོགས་པོ་མང་ཙམ་བསྒྲིགས་རྒྱུ་དང་། གཡང་སྐྱིད་ལ་སེམས་ཁུར་མང་ཙམ་བྱེད་རྒྱུ། གཡང་སྐྱིད་ཀྱིས་ཀྱང་ཚེ་ལོར་འདང་བརྒྱབ་ནས་བསམ་ཤེས་མང་ཙམ་བྱེད་དགོས་པ་དང་ཚེ་ལོ་ལ་རྒྱབ་སྐྱོར་བྱེད་དགོས་པའི་ཁ་ཏ་བསླབ་བྱ་གནང་བ་མ་ཟད། ད་དུང་གཡང་སྐྱིད་དགའ་དགའ་སྤྲོ་སྤྲོའི་ངང་སྒྱུག་མོའི་ཁྱིམ་དུ་ལོ་སར་དུ་འགྲོ་དགོས་ཚུལ་སྨྲས་པར། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་ཀྱང་ཡ་ཡ་ཞེས་ཁས་བླངས་པ་རེད། 
       གྱོས་མོའི་ཁ་ཏ་སློབ་སྟོན་འོག་ཏུ་གཡང་སྐྱིད་ཀྱི་སེམས་གཞི་ནས་ཕྱིར་འཁོར་བྱུང་།
       ཉིན་གསུམ་པ་ནི་གཞི་ནས་ལོ་གསར་གནམ་གང་ཉིན་རེད། ཨ་མས་ཤིང་རྟ་ཞིག་བཙལ་ནས་གཡང་སྐྱིད་དང་ཚེ་ལོ། ད་དུང་ཤ་ཁོག་གཅིག་བཅས་དྲུད་དེ་རི་ལམ་བརྒྱུད་ནས་གསེར་ཆེན་གྲོང་ཚོར་བསྐྱལ་བ་རེད།
       སྡེ་བའི་ནང་གི་ལོ་གསར་གྱི་རྣམ་པ་ཧ་ཅང་སྐྱིད། སྡེ་འདབས་སུ་ཚོན་དར་ཅན་གྱི་སྒོ་ཆེན་མཐོན་པོ་ཞིག་བསླངས་ཡོད་པ་དང་། དེའི་སྟེང་དུ་ལྒང་བཞུ་དམར་པོ་བཀལ་ལ། རྒྱང་རིང་གི་ཉག་ཁའི་ལ་ཙེ་རི་བོར་བསང་དུ་ལོང་ལོང་འཕྱུར། གྲོང་ཚོའི་འགྲམ་གྱི་ལྷ་ཁང་ནང་དུ་ཆོས་སྒྲ་ལྷང་ལྷང་དུ་གྲགས་ཤིང་། བྱིས་པ་ཚོས་ཤོག་བུའུ་སྦག་སྦག་སྦག་བཀས། རྒྱ་རིགས་ཁྱིམ་ཚང་གི་རྒྱལ་སྒོར་ཆ་ཡིག་གསར་བ་སྦྱར་ལ། བོད་རིགས་ཁྱིམ་ཚང་གི་རྒྱལ་སྒོར་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་སྦྱར་འདུག ཚེ་ལོ་བཟའ་ཟླ་གཉིས་ཁྱིམ་དུ་བསླེབས་སྐབས་སྤོ་བོ་ལགས་ཀྱིས་ཁྱམས་རར་ཆོས་དཔེ་ལག་ཏུ་བཟུང་ནས་ངག་སྐྱོར་བྱེད་པ་དང་། ཨ་ཕས་རྟ་ཕོའི་རྔོག་མ་དང་རྔ་མར་དར་ལུང་འདོགས་བཞིན་མཆིས་ལ། ཨ་མས་མཆོད་ཁང་ནང་གི་ལྷ་རྣམས་ལ་ཕྱག་འབུལ་བྱེད་བཞིན་འདུག གཅུང་པོས་ཤ་དང་། ཀ་ར། བཏུང་བྱ་སོགས་ལོ་གསར་གྱི་མཁོ་ཆས་མཚོན་པའི་དངོས་པོ་དག་འཁྱེར་ནས་ས་ཐོག་ཏུ་ཚེ་འདས་ཡང་མེས་རྣམས་ལ་ལོ་གསར་གྱི་སྨོན་འདུན་ཞུ་བར་སོང་འདུག ངལ་གསོ་ཅུང་ཙམ་བྱས་རྗེས། གཡང་སྐྱིད་ཀྱིས་ཚེ་ལོར་རོགས་བྱས་ནས་ལུག་ཤ་ལེབ་མོར་གཏུབ་ཅིང་མེ་འོད་ལམ་ལམ་འབར་བཞིན་པའི་ཐབ་ཟངས་དུ་འཕངས། ཁྱིམ་མི་ཚང་མ་བྲེལ་ཚར་རྗེས་ཟས་སྣ་མང་པོ་བསྒྲིགས་ཏེ་གནམ་གང་རོལ་མགོ་བརྩམས། གཡང་སྐྱིད་ཀྱིས་སྒྱུག་པོ་དང་སྒྱུག་མོ། སྙིད་པོ་སོགས་ལ་ལྭ་བ་གསར་བ་དང་ཀ་ར་ཕུལ་བ་མ་ཟད། ད་དུང་ཨ་མྱེས་ལ་ཤོག་སྒོར་བཅུ་ཅན་འགའ་ཡི་གུས་སྒོར་ཕུལ་ཏེ། སྐབས་ལ་ལར་ཨ་མྱེས་མཁར་རྫོང་དུ་སོང་ནས་ཟ་མའི་ཁ་བརྗེས་བྱེད་ཙམ་བྱོས་ཞེས་ཞུས། ཚེ་ལོས་དང་ཐོག་ད་དུང་གཡང་སྐྱིད་སྒྱུག་མོའི་ཁྱིམ་དུ་བསླེབས་རྗེས་སྔར་བཞིན་གཤིས་ཀ་གྱོང་པོས་ཁོང་ཁྲོ་ལངས་བར་འདོད་དེ་སེམས་ཁྲལ་བྱེད་ཀྱང་། མ་བསམ་ས་ནས་ད་ལྟའི་རྣམ་པ་དེ་མཐོང་བས་སེམས་སུ་ཤིན་ཏུ་དགའ་སྤྲོས་ཁེངས། ་
       ཚེས་གཅིག་གི་ཞོགས་པར། ཨ་མས་བསང་མཆོད་བྱས་ཚར་རྗེས་ལུག་ཁྱུ་ལ་གོ་དམར་སྟེར་བ་དང་ད་དུང་གཅུང་པོ་བཏང་ནས་སྡེ་བའི་ལུག་རྫི་ལ་སྣུམ་བཙོས་བག་ལེབ་གཉིས་བསྐྱལ་བ་རེད།
       གཡང་སྐྱིད་ཀྱིས། ཨ་མ་འདིས་ཅི་ཞིག་མཚོན་བཞིན་ཡོད་དམ་ཞེས་པར། ཨ་མས། ཁྱིམ་གྱི་བ་གླང་དང་། རྟ་དྲེལ་དང་། ཕག་དང་། ལུག་དང་།  བྱ་བཅས་དང་། ཐ་ན་ཞི་ལ་དང་ཁྱི་ཚང་མ་མིས་གསོས་ནས་མི་ལ་ཞབས་འདེགས་ཞུ་བཞིན་ཡོད་ལ་རྒྱུ་ནོར་གྱི་ལོངས་སྤྱོད་བསྐྲུན་བཞིན་ཡོད། ཁོ་ཚོས་སྐད་ཆ་ཤོད་མི་ཤེས་པ་ཙམ་ལས་དེ་དག་ཚང་མ་ཚེ་སྲོག་རེ་རེ་ཡིན་ལ་ཚེ་སྲོག་རེ་རེ་ལ་བརྩེ་དུང་ཟབ་མོ་རེ་ལྡན་པ་ཡིན་པས། ཁོ་ཚོ་གསོན་པོར་གནས་སྐབས་སུ་ང་ཚོས་ཅི་ནུས་གང་ཐུབ་ཀྱིས་ཁོ་ཚོ་ལ་བྱམས་སྐྱོང་བྱེད་དགོས། དེ་རིང་ནི་གནམ་ལོ་གསར་ཚེས་ཡིན་པས་ཁོ་ཚོར་ཡང་རྒྱུན་དུ་ཟ་མི་ཐུབ་པའི་ཟས་མཆོག་སྟེ་ལོ་སྐལ་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར་ཞོར། གོ་རེ་ཏོག་ཙམ་མ་མོ་རྒན་པ་ཞིག་གི་ཁ་ནང་དུ་བཅུག་རྗེས་མུ་མཐུད་དུ་སྨྲས་རྒྱུར། ལུག་རྫིའི་ལས་ཀ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་སྟེ། ལོ་སར་སྐབས་ཀྱང་ད་དུང་རི་མགོར་ལུག་འཚོ་རུ་འགྲོ་དགོས། དེའི་ཕྱིར་ཁོང་ལའང་ང་ཚོས་ལོ་སྐལ་སྦྱིན་ཏེ་ལོ་གསར་གྱི་བྲོ་བ་མྱོང་དུ་འཇུག་དགོས་ཞེས་ཟེར། ཨ་མའི་སྐད་ཆ་ད་དུང་བཤད་མ་ཚར་བར་ཡང་ལུག་འགའ་མོའི་མཐའ་འཁོར་དུ་བསྐོར་ནས་ཡོང་། ཨ་མའི་སྐད་ཆ་བབ་ཆགས་ལ་བྱམས་བརྩེ་ལྡན་པ་ཞིག་ཡིན་པས། གཡང་སྐྱིད་ཀྱི་སེམས་སུ་སྐྱིད་སྣང་དང་དྲོད་ཁོལ་གྱིས་ཁྱབ་ཅིང་། དེ་མུར་ཨ་མའི་རྗེས་སུ་འབྲངས་ནས་སྒོ་ཕྱུགས་གཞན་དག་ལ་ལོ་སྐལ་སྟེར་བར་ཕྱིན་པ་རེད། དེའི་རྗེས་སུ། ཚང་མ་རེས་མོས་ཀྱིས་རྒན་རབས་པ་རྣམས་ལ་ལོ་སར་གྱི་འཚམས་འདྲིར་ཕྱིན། སྔོན་ལ་ཕ་མས་སྤོ་བོ་ལགས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་དེ་རྗེས་སུ་ཚེ་ལོ་དང་གཡང་སྐྱིད། གཅུང་པོ་ཁོ་ཚོས་སྤོ་བོ་ལགས་དང་ཕ་མར་ལོ་གསར་གྱི་བཀྲ་ཤིས་འཚམས་འདྲི་ཞུས་ཤིང་ལེགས་སྐྱེས་ཕུལ་བ་མ་ཟད། རྒན་རྒོན་ཚོས་སླར་ཁོ་ཚོར་རེ་རེར་ཡང་སྤྲོ་སྣང་མཚོན་བྱེད་རྟེན་འབྲེལ་གྱི་ལོ་སིལ་གནང་དང་ཁ་གཡང་བོས།
       གཡང་སྐྱིད་ཁྱིམ་མི་ཚོར་བརྩི་བཀུར་ཆེ་བ་ནང་བཞིན་ཁྱིམ་མིས་ཀྱང་མོ་ལ་བྱམས་སྐྱོང་བྱེད་བཞིན་ཡོད་དེ། ཁོ་མོ་ཐབ་ཚང་དུ་སོང་ནས་མེ་འབུད་ཟས་བསྐོལ་བྱེད་དུས་སུ། ཨ་མ་མྱུར་དུ་རྒྱུགས་ཡོང་སྟེ། ང་ཡོང་། ང་ཡོང་། བུད་ཤིང་བཙོག་ལ་ཚེར་མ་ལྡན། ཁྱོད་ཀྱི་ལུས་སྟེང་གཙང་ལ་ཤ་པགས་ནེམ་ཞིང་འཇམ་པས་ལས་ཀ་རྩུབ་མོ་འདི་འདྲ་ཇི་ལྟར་ལས་སམ། མྱུར་དུ་ངལ་གསོ་རུ་སོང་ཞེས་ཟེར་ལ། གཡང་སྐྱིད་ཁེར་རྐྱང་གི་རྣམ་པར་ཡོད་པ་མཐོང་དུས། ཡང་ཨ་ཕས། མྱུར་དུ་གཡང་སྐྱིད་ཁྲིད་དེ་གཉེན་ཉེའི་ཁྱིམ་མཚེར་འགྲོ་འོང་བྱེད་པ་དང་ཞོར་དུ་ཕྱི་རོལ་གྱི་མཛེས་ལྗོངས་ལའང་ལྟད་མོ་ཞིག་རོལ། སྤྱིར་ན་ད་ལྟ་རྩྭ་དང་མེ་ཏོག སྔོ་ལྗང་གི་ལྗོན་ཤིང་མེད་མོད་ཀྱང་། ཡིན་ནའང་མཐོ་སའི་ཁ་བའི་ཡུལ་ལྗོངས་དང་དམའ་སའི་རི་དབྱིབས་ལ་སྔར་བཞིན་ལྟད་མོ་ཡོད་ཅེས་ཁམས་གཡེང་དུ་སྐུལ།
       ཚེ་ལོས། ཨ་ཕ། ཨ་མ། ཁྱོད་ཚོ་གཡང་སྐྱིད་ལ་བཟང་བ་ངས་ཤེས་མོད། འོན་ཀྱང་མོ་ནི་ཁྱོད་ཚོའི་མནའ་མ་ཡིན་པས། མོས་སྒྲུབ་དགོས་པའི་བྱ་བ་དེ་མོ་ལ་སྒྲུབ་ཏུ་བཅུག་ན་འགྲིག་ཅེས་ཞུས།
       གཡང་སྐྱིད་ཀྱིས་ཀྱང་གཅེས་ལོའི་སྐད་ཀྱིས། ཨ་ཕ། ཨ་མ། ང་གང་ལའང་འགྲོ་མི་འདོད། ལས་ཀ་ཅི་ཞིག་ཡོད་ན་ཁྱེད་ཚོས་གང་འདོད་དུ་ཤོད་ཅེས་ཟེར་བ་དང་ཕུ་རིང་བརྫེས་ནས་ལས་ཀར་བྲེལ་བར་བྱེད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།