རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་བོད་ཀྱི་དེང་རབས་རྩོམ་རིག①

རྩོམ་པ་པོ།:ཨ་བུས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-07 15:25:03 ཀློག་གྲངས།:
       བོད་ཀྱི་དེང་རབས་རྩོམ་རིག་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་དོ་སྣང་བྱུང་བར་ལམ་ཐག་རིང་མོ་ཞིག་བགྲོད་པ་རེད། བོད་ཀྱི་རིག་གནས་ལ་བགྲོ་གླེང་བྱེད་པའི་ཚོགས་འདུ་གལ་ཆེན་དེ་ལོ་གསུམ་རེར་ཐེངས་རེ་སྐོང་བཞིན་ཡོད་ཅིང་། ཐེངས་དང་པོར་བོད་ཀྱི་རྩོམ་རིག་གསར་བའི་སྐོར་གྱི་དཔྱད་རྩོམ་འབུལ་མཁན་ནི་ཧེ་ངྷི•སུ་ཏོར་དཱ་ཞུ་བ་སྟེ། བོད་སྐད་ཀྱི་མཚན་ལ་བདེ་སྦྱིན་བཟང་མོ་ཟེར། མོས་དགེ་ཆོས་ཚང་གི་རྣམ་ཐར་བརྩམས་མཛད་དེ་མཚན་སྙན་རྒྱས་ཡོད་པ་ཞིག་ཡིན་འདུག 1992ལོར། མོས་དོན་གྲུབ་རྒྱལ་གྱི་སྐུ་ཚེ་དང་གསུང་རྩོམ་གྱི་སྐོར་གླེང་མོལ་མཛད། དེ་ནས་བརྩིས་པའི་ལོ་གསུམ་གྱི་རྗེས་སུ། འཇར་མན་གྱི་ལོ་ཙཱ་པ་ཨ་ལེ་སི•ཀི་རོང་ཧྥེ་ཏི་ལགས་ཀྱིས་ཨོ་སི་ཁྲུ་རི་ཡའི་རྒྱལ་ཁབ་ཏུ་བཀྲ་ཤིས་ཟླ་བའི་སྐོར་གྱི་སྙན་ཞུ་བསྒྲོན་མོད་ཀྱི་རྩོམ་དེར་བོད་པས་བོད་ཡིག་གིས་བྲིས་པ་དག་ལ་ཅི་ཡང་གསུངས་མི་འདུག སྐབས་དགུ་བའིIATS(རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་བསྡུས་མིང)དེ་ཧོ་ལན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལེ་ཏུང་དུ་བསྐངས་ཤིང་། ཚོགས་ཐོག་ཏུ་ཕ་རེ་སི་ནས་ཕེབས་པའི་ལཱ་ར•མཱ་ཁོ་ཉི་ལགས་ཀྱིས་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་དང་འབྲེལ་བའི་གཏམ་བཤད་གནང་བ་དང་། ང་རང་ཉིད་ཀྱིས་རང་མོས་སྙན་ངག་གི་སྐོར་གླེངས་པ་ཡིན།
       IATSལོ་རྒྱུས་ཁྲོད་བོད་ཀྱི་དེང་རབས་རྩོམ་རིག་གི་རྣམ་པ་གསར་བ་དེ་སྐབས་བཅུ་པ་ནས(2003ལོར་དབྱིན་ཇིའིOxfordརུ་ཚོགས)མགོ་བརྩམས་པ་སྟེ། བོད་ཀྱི་དེང་རབས་རྩོམ་རིག་སྐོར་གྱི་བགྲོ་གླེང་ཚན་ཆུང་དངོས་སུ་ཚུགས་པར་མ་ཟད། ཉིན་གང་བོར་དེ་འབྲེལ་གྱི་གླེང་མོལ་མཛད་ཐུབ་པ་བྱུང་། དེ་ཡང་བོད་ཀྱི་དེང་རབས་རྩོམ་རིག་སྐོར་ལ་སྤྲོ་སྣང་གིས་བརྟས་པ་དང་ཞིབ་འཇུག་བྱ་འདོད་ཀྱི་སེམས་ཐག་བཅད་པའི་ཚོགས་ཞུགས་མི་སྣ་མང་བས་ཡིན་སྲིད་ཀྱི་རེད་འདོད། ཀྲུང་གོ་ནས་ཕེབས་པ་ལ། རྨ་ལྷོའི་ཚེ་རིང་དོན་གྲུབ་དང་། མཚོ་སྔོན་མི་རིགས་སློབ་གླིང་གི་འཇམ་དབྱངས་གྲགས་པ། ཆབ་ཆའི་སུམ་པ××བོད་ལྗོངས་སློབ་ཆེན་གྱི་ལྷག་པ་ཆོས་འཕེལ་བཅས་ཡོད། ཨ་རིའི་ཕྱོགས་ནས་ཕེབས་པ་ལ་སི་ཏི་ཝིན•ཝིན་ཐོར་ནོ་དང་ལའོ་རིན•R•ཧཱར་ཐི་ལའེ། ཕཱ་ཐྲེ་སེ•ཆེ་ཧྥུ་ནེ། ཀི་རེ•ཐུའུ་ཐོལ་བཅས་ཡོད། འཇར་མན་ནས་ཕེབས་པ་ལ་ཧྥུ་རན་ཚི•ཁེ་ཟ་ཝུའམ་མིང་གཞན་ཟླ་བ་ཚེ་རིང་དང་། གཞན་ཡང་ཧྥ་རན་སེའི་ཧྥུ་རན་ཁའོ་སི•རའོ་པིན་དང་ལཱ་ར•མཱ་ཁོ་ཉི་བཅས་ཡོད་པ་རེད། དེ་ལས་འཇམ་དབྱངས་གྲགས་པས་བློ་བཟང་དཔལ་ལྡན(1881-1944)ཚང་གི«ཕོ་ཉ་གཞོན་ནུ་དོན་གྲུབ»སྐོར་གྱི་འཆད་འཁྲིད་གནང་ཞིང་། གཞན་རྣམས་ཀྱང་བོད་རྒྱ་ཡིག་གང་རུང་གིས་བྲིས་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་སྐོར་རྐྱང་རྐྱང་རེད། ལའོ་རིན•R•ཧཱར་ཐི་ལའེ་ལགས་ཀྱིས“རྩོམ་རིག”ཅེས་པ་བོད་དུ་དར་ཚུལ་དང་ངོས་འཛིན་ལུགས་བཅས་གསུངས། ལཱ་ར•མཱ་ཁོ་ཉི་ལགས་ཀྱིས་ཡུན་ནན་མི་རིགས་དཔེ་སྤུན་ཁང་གི་དཔེ་སྐྲུན་གྱི་གནས་ཚུལ་དང་བཅས་པའི་སྙན་ཞུ་ཁ་གསལ་ཞིག་ཕུལ་སོང་། དེ་མིན་ཚེ་རིང་དོན་གྲུབ་ཀྱིས་ལྗང་བུ་དང་བདེ་སྐྱིད་སྒྲོལ་མ་བཅས་ཀྱི་སྐོར་དང་། ཝཱ་ཐྲེ་སེ•ཆེ་ཧྥུ་ནེ་ལགས་ཀྱིས་བཀྲ་ཤིས་ཟླ་བ་དང་སེར་པོ(色宝)གཉིས་ཀྱི་སྐོར། F•X•འེ་ཧར་ཏི་མཆོག་གིས་ལྗང་བུའི་སྒྲུང་གཏམ«སོག་རུས་ལས་མཆེད་པའི་རྣམ་ཤེས»དང«ཤི་གསོན»གཉིས་གཞིར་བྱས་ཀྱིས་བོད་དུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དར་ཚུལ་བཅས་གསུངས། ང་རང་ཉིད་ཀྱིས་ཉེ་དུས་བོད་དུ་དར་བའི་ལོ་རྒྱུས་སྒྲུང་གཏམ་གྱི་སྐོར་གླེངས་པ་ཡིན། དེ་དག་ཚང་མ་དེབ་དུ་བསྒྲིགས་ཏེ་མི་འགྱུང་བར་པར་སྐྲུན་བྱ་རྩིས་ཡོད་པ་རེད།
       ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགསའདུ་དེ2006ལོའི་ཟླ8པའི་ཚེས27ནས་ཟླ9པའི་ཚེས2བར་དུ་འཇར་མན་གྱི་པའོ་ཨིན་ཞེས་པའི་ཉེ་སར་ཚོགས། ཡིན་ནའང་ཐེངས་འདིར་བོད་ཀྱི་་དེང་རབས་རྩོམ་རིག་སྐོར་ལ་དོ་སྣང་ཆེར་མ་བྱུང་། དེའི་སྐོར་གྱི་དཔྱད་རྩོམ་གཉིས་ཡོད་པ་ལས་གཅིག་ནི་ཧྥིན་ལན་རྒྱལ་ཁབ་ཀྱི་རེ་ཁཱ་ཞུ་བས་དོན་གྲུབ་རྒྱལ་གྱི་སྒྲུང་ཐུང་ཁྲོད་དཔེ་དང་མངོན་བརྗོད་ཀྱི་བཀོལ་ལུགས་ཇི་ལྟར་ཡིན་ཚུལ་གསུངས་ཤིང་། བོད་མིང་དུ་ཟླ་བ་ཚེ་རིང་ཞུ་བས་གླང་མདུན་དཔལ་འབྱོར་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱི་གསར་རྩོམ་གནས་ཚུལ་སྒྲོག་སྦྱངས་གནང་། བོད་ཀྱི་དུས་དེབ་དང་རྩོམ་ཡིག་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་། རྒྱལ་སྤྱིའི་སྟེང་དེར་དོ་སྣང་དང་ཞིབ་འཇུག་བྱེད་མི་ཉུང་དུ་ཕྱིན་པའི་སྣང་ཚུལ་འདི་ཧ་ལས་དགོས་པ་ཞིག་ཡིན་འདུག དེ་ཡང་རྩོམ་པ་པོ་ཕུལ་བྱུང་འཚར་ལོངས་འབྱུང་མ་ཐུབ་པ་དང་བརྩམས་ཆོས་ལེགས་པོ་འབྱུང་མ་ཐུབ་པ་སོགས་དང་འབྲེལ་བ་ཡོད་ལས་ཆེ། སྤྱིར་བོད་ཀྱི་རྩོམ་པ་པོ་མང་ཤོས་ནི་ལོ་གཞོན་རྐྱང་རྐྱང་སྟེ། ཁོ་ཚོས་ལོ་ཉི་ཤུའི་ཡས་མས་སུ་གསར་རྩོམ་གྱི་བྱ་བ་བསྒྲུབས་ནའང་དེའི་འཕྲོར་ཕལ་ཆེ་བས་མཇུག་སྐྱོང་ཐུབ་མེད། དེ་ནི་གསར་རྩོམ་གྱི་གེགས་ཆེན་པ་ཞིག་རེད། འཛམ་གླིང་གི་བརྩམས་ཆོས་གྲགས་ཆེན་གང་ཡིན་རུང་རྩོམ་པ་པོ་ལོ་ལྔ་བཅུའམ་དྲུག་ཅུ་ཡས་མས་སུ་བརྩོན་པ་བསྐྱེད་དེ་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ལ་དཔགས་ནའང་ཅི་འདྲ་ཡིན་ཚུལ་ཤེས་ཐུབ།
       ང་རང་ཉིད་ལ་ཐེངས་རྗེས་མར་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་བྱེད་མཁན་མང་བོ་ཞུགས་ཐུབ་པའི་རེ་བ་ཆེ།

སྒྱུར་མཁན་གྱི་མཆན།
མ་རྩོམ་དུ་མི་མིང་དང་གང་དེའི་ལས་ཁུངས། གནས་ཚུལ་སོགས་ཞབས་མཆན་དང་སྐོར་རྟགས་ནང་ཞིབ་རྒྱས་སུ་བཀོད་པར་མ་ཟད། རང་ལྟ་རེ་གཉིས་ཀྱང་ཡིག་ཕྲེང་དུ་བསྟར་འདུག་མོད། འདིར་གསར་འགྱུར་གྱི་ཚུལ་དུ་སྒྱུར་སྒྲིག་བྱས་པ་ཡིན། 
མ་ཡིག་ཏུ་དེ་བཞིན་ཀོ་རུ་ཁ་བཀོད་འདུག་གོ །
རྩོམ་ཁུངས། ༢༠༠༦ལོའི«སྦྲང་ཆར»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།