国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མགོན་དགེ་རྒན་བཀའ་དྲིན་གཞལ་མེད་རེད།

ཞོགས་ཉི་ཟེར་མཁའ་རུ་འཆར་དུས་ལ།།

དྲིན་དགེ་རྒན་ཐུགས་བརྩེ་འོད་ལས་གསལ།།

བློ་མུན་པའི་དགྲ་ལ་འོད་སྣང་སྦར།།

འཁོར་གདུལ་བྱའི་རྒྱུད་ལ་ཡོན་ཏན་འཕོས།།

དྲིན་དགེ་རྒན་ཚེ་གཅིག་ཕ་མ་ཡིན།།

དབྱངས་གསལ་བྱེད་སོ་བཞིའི་ལམ་བྲོ་བསྩལ།།

ནང་ཀུན་སྤྱོད་ཡ་རབས་ཕྱོགས་ལ་དྲངས།།

ཕྱི་བྱ་སྤྱོད་གཅུན་ལ་ཁྱེད་ཉིད་མཁས།།

གནམ་སྔོན་པོ་མུ་མཐའ་བྲལ་ན་ཡང་།།

དྲིན་དགེ་རྒན་ལྷག་བསམ་དེ་ལས་བརྒལ།།

བློ་རྣམ་དཔྱོད་མཁྱེན་རྒྱ་དེ་ལས་ཡངས།།

བྱམས་བརྩེ་བ་གནམ་གྱིས་བསྐྲུན་དུ་མེད།།

དྲིན་དགེ་རྒན་མཁའ་ཡི་ཟླ་བ་ཡིན།།

ཁྲ་ཚོམ་མེར་སྐར་ཚོགས་མཐའ་ནས་སྐྱོང་།།

དྲི་ཞིམ་པའི་ཆུ་སྐྱེས་རྒྱང་ནས་གསོས།།

བསིལ་འཇམ་འཇམ་འགྲོ་ལ་འོད་སྣང་སྦྱིན།།

རྗེ་མི་ལའི་སྡིག་སྒྲིབ་སངས་པ་ཡང་།།

མགོན་སྒྲ་སྒྱུར་མར་པ་མ་བསྟེན་མེད།།

འབྲོམ་སྟོན་པའི་ཡོན་ཏན་མ་ལུས་ཀྱང་།།

རྗེ་དཔལ་ལྡན་ཨ་ཏི་ཤ་ལས་འཕེལ།།

བོད་གངས་ཅན་ལྗོངས་ཀྱི་མཁས་མང་ལས།།

གཙུག་རྒྱན་དུ་བཀུར་བའི་ཙོང་ཁ་པའི།།

གནས་བཅུ་ཕྲག་རིག་པར་ཁོངས་བརྡོལ་བ།།

དྲིན་བླ་མའི་ཞབས་ལ་བསྟེན་པ་ཡིན།།

དོན་ལེགས་ཚོགས་འབྱུང་གནས་དགེ་རྒན་ཉིད།།

དེར་བསྟེན་ན་བསོད་ནམས་རང་འཕེལ་ཡིན།།

རྒྱུད་ཡོན་ཏན་འབྱོར་ལ་ཐེ་ཚོམ་མེད།།

ལུགས་དེ་ཕྱིར་དགེ་རྒན་སེམས་དཔའ་རེད།

དྲིན་དགེ་རྒན་བཀའ་དྲིན་གཟོ་བསམ་ན།།

དུས་དང་པོ་ཁ་ལེན་ཚིག་བརྩི་བྱོས།།

དེའི་ཞོར་དུ་གདམས་ངག་རྗེས་སུ་ཟུངས།།

ཚེ་གང་ལ་བསླབ་པ་སློབ་གཉེར་གྱིས།།

རྒན་བཟང་པོ་མཐོན་པོ་དཔོན་ལས་མཆོག།

དཔོན་ངན་པས་སྡེ་དམངས་ཕུང་ལ་སྦྱར།།

ཐུགས་བཟང་པོ་ཁྲི་ཐོག་སྤྲུལ་སྐུའི་ཡན།།

སྤྲུལ་རྫུན་མས་འགྲོ་དྲུག་ངན་འགྲོར་འཕེན།།

དྲིན་དགེ་རྒན་ཐུགས་བརྩེ་མེ་ལས་དྲོད།།

དགུན་གྲང་ངར་འགོག་པའི་གོ་ཆ་ཡིན།།

དྲིན་དགེ་རྒན་བྱམས་སེམས་གདུགས་ལས་བསིལ།།

དབྱར་ཚ་བ་འགོག་པའི་གཡང་རྟེན་ཡིན།།

ལར་དགེ་རྒན་མཆོག་གི་བཀའ་དྲིན་ནི།།

ལག་བྲིས་པ་ཙམ་གྱིས་གཞལ་དུ་མེད།།

ཁ་བཤད་པ་ཙམ་གྱིས་དོན་མེད་ཡིན།།

ལུས་གུས་གུས་བྱས་ཀྱང་ག་ལ་ནུས།

དྲིན་དྲིན་དུ་མི་གོ་སྐྱེས་བུ་དེར།།

དོན་ལེགས་པར་བཤད་ཀྱང་དོན་མེད་ཡིན།།

ལམ་བཟང་པོཔ ར་ཁྲིད་ཀྱང་དགོས་མེད་ཡིན།།

རང་གཡང་ལ་ལྷུང་བའི་གཞི་མ་ཡིན།།

ལོ་འཁོར་མོ་ག་ཙམ་འདས་ན་ཡང་།།

མགོན་བཤེས་གཉེན་བཀའ་དྲིན་རྡོ་ལ་བརྐོས།།

སེམས་གངས་དཀར་དབུས་ནས་བརྗེད་མེད་རེད།།

བརྗེད་སོང་ན་དྲིན་གཟོ་མེད་ནི་ཡིན།།

༼ ལྕགས་ཐར་རྒྱལ། ༽