ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག11གིས་མཉམ་གཅིག་ཏུ《ཇུས་གཞི》འཆར་གཞི་ཆེན་པོ་གསུམ་འགྲེམ་སྤེལ་བྱས་ཏེ་གཞིས་ལུས་བྱིས་པར་གཅེས་སྐྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ4པའི་ཚེས22ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་ལས་དོན་པུའུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་འགག་སྒོ་ལས་དོན་ཨུ་ལྷན། ཞིང་ཆེན་བུད་མེད་བྱིས་པའི་ལས་དོན་ཨུ་ལྷན། ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཨུ་ལྷན་བཅས་སྡེ་ཁག11དང་མཉམ་དུ《གཏིང་ཟབ་མོས་ངང“འབྲི་ཆུའི་འབྱུང་ཡུལ་གྱི་བྱམས་ལྡན་ཨ་མ“ཞེས་པའི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་ཆ་སྒྲིག་གཅེས་སྐྱོང་བྱེད་པའི་ལོ་གསུམ་གྱི་བྱ་འགུལ་སྤེལ་བའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)འགྲེམ་སྤེལ་བྱས།

《ཇུས་གཞིའི》ནང་དོན་ལྟར། རང་ཞིང་གིས“དྲོ་སྐྱིད་བདག་སྐྱོང”དང“འཚང་ལོངས་བྱུང་བར་རོགས་འདེགས། “གཅེས་སེམས་རོགས་སྐྱོར”བཅས་འཆར་གཞི་ཆེན་པོ་གསུམ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། གཅེས་སྐྱོང་ཞབས་ཞུའི་མ་ལག་ཆ་ཚང་ཞིག་ཆགས་པར་སྐུལ་འདེད་བྱ་རྒྱུ་ཡིན་ལ། འབྲི་ཆུའི་འབྱུང་ཡུལ་གྱི་བྱམས་ལྡན་ཨ་མ“ཡིས་འཚོ་བ་དང་སློབ་སྦྱོང་། ལུས་སེམས་བདེ་ཐང་བཅས་ལ་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་གཞིས་སྲུང་བྱིས་པ་དང་། ཁ་ཐོར་དུ་སྡོད་པའི་དྭ་ཕྲུག་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་བཅས་དང་ཆ་སྒྲིག་བྱས་ནས། ལྷག་བསམ་རྣམ་དག་གིས་བྱིས་པ་ཚོར་དྲོ་སྐྱིད་དང་གཅེས་སྐྱོང་ཕུལ་རྒྱུ་རེད།

“དྲོ་སྐྱིད་བདག་སྐྱོང”འཆར་གཞིའི་དམིགས་ཡུལ་ནི་གཅེས་སྐྱོང་ཞབས་ཞུའི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ཡིན་པ་དེ་ཡིན་ལ། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བྱམས་ལྡན་ཨ་མའི་དཔུང་ཁག་ཞིག་ཧུར་ཐག་སྒོས་བསྡུ་རྒྱུ་ཡིན་པ་དང་། བྱམས་ལྡན་ཨ་མ་དེ་དག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ལྷན་དང་། ཏང་ཡོན་ལས་བྱེད་པ་བཅས་ཡིན་པ་མ་ཟད། ད་དུང་གསུམ་པ་བརྒྱད་དར་དམར་བ་དང་། བུད་མེད་བྱས་རྗེས་མིག་དཔེ་ཅན། ཆེས་མཛེས་ཁྱིམ་ཚང་གི་ཁོངས་མི་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་བྱམས་ལྡན་བུད་མེད་ཀྱང་ཚུད་ཡོད་པ་རེད། ཁོ་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བྱིས་པ་ཚོར་ཁ་གསབ་རང་བཞིན་གྱི་གཅེས་སྐྱོང་དང་བླངས་ཞབས་ཞུ་འབུལ་ནས། གཅེས་སྐྱོང་ཞབས་ཞུ་དེ་གཅེས་སྐྱོང་བྱེད་དགོས་པའི་བྱིས་པ་ཚང་མར་ཁྱབ་རྒྱུའི་འགན་ལེན་བྱ་རྒྱུ་རེད།

“འཚར་ལོངས་བྱུང་བར་རོགས་འདེགས”འཆར་གཞིའི་ནང་བྱིས་པ་ཚོའི་འཚར་ལོངས་ནུས་པ་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱ་རྒྱུ་ཡིན་པ་དང་། སློབ་གསོའི་བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱས་པ་བརྒྱུད་བྱིས་པ་ཚོར་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་ལྟ་བ་ཆགས་པར་རོགས་འདེགས་བྱས་ཏེ་ཁོང་ཚོའི་ཡིད་ཆེས་དང་རང་འབད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པ་བཅས་ཕན་འབྲས་ཡོད་པའི་སྒོ་ནས་བྱམས་ལྡན་ཨ་མས་ཁོ་ཚོའི་བློ་གྲོས་དང་གཅེས་སེམས་ལ་བརྟེན་ནས་བྱིས་པ་ཚོ་བདེ་བླག་ངང་འཚར་ལོངས་བྱུང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།

“གཅེས་སེམས་རོགས་སྐྱོར”འཆར་གཞི་ལས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ནས། མཉམ་གཅིག་ཏུ་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་རོགས་རམ་བྱ་རྒྱུ་ཡིན་པ་དང་། རྣམ་གྲངས་ཐད་ཀྱི་རྒྱབ་སྐྱོར་དང་ཆ་འཕྲིན་ཐད་ཀྱི་རོགས་འདེགས། དྲིན་ལན་འཇལ་བར་སྐུལ་འདེད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་ཚོགས་རྩ་འཛུགས་དང་གཅེས་སེམས་མི་སྣ་དེ་ལས་མང་བ་གཅེས་སྐྱོང་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་མཉམ་གཅིག་ཏུ་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་རེད།

《ཇུས་གཞི》འདི་ལག་བསྟར་བྱས་པ་བརྒྱུད། ཕན་འབྲས་ཡོད་པའི་སྒོ་ནས་གཅེས་སྐྱོང་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བྱས་པ་མ་ཟད། སྤྱི་ཚོགས་ཡོངས་ལ་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་་གཏོང་ནུས་ལ། རང་ཞིང་གི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་གཅེས་སྐྱོང་དེ་ལས་མང་པོ་ཉམས་སུ་མྱོང་ཐུབ།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།