དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་སྒྲིག་གཞི་སྒྱུར་བཅོས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-24

    ཚེས་19ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་སྒྲིག་གཞི་སྒྱུར་བཅོས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ནས《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུའི་འགན་ནུས་བཀོད་སྒྲིག་དང་། ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི། མི་སྣའི་སྒྲིག་ཁོངས་བཅས་ཀྱི་གཏན་འབེབས》བརྒྱུད་བསྒྲགས་གནང་བ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་སྒྲིག་གཞི་སྒྱུར་བཅོས་ལས་དོན་སྤེལ་ཚུལ་དང་མི་སྣའི་ལས་གནས་གཏན་འབེབས་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཐེངས་འདིའི་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། འགན་འཁྲི་དང་ལས་འགན་ཤུགས་ཆེར་གཏོང་བ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་སྒྲིག་གཞི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དངོས་འབྲེལ་ཡོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་དང་ཏན་ཏིག་གི་སྒོ་ནས་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། རང་རྟོགས་ངང་བྱ་སྤྱོད་སྤེལ་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་བྱས་ཏེ་ལས་དོན་མི་སྣ་དང་། གཞུང་ལས་སྒྲུབ་ས། ལས་ཀའི་ལམ་ལུགས། འགན་ནུས་ལེགས་སྒྲིག ནོར་དོན་རྩིས་སྤྲོད་རྩིས་ལེན་སོགས་མགྱོགས་མྱུར་དོན་འཁྱོལ་བྱས་ནས། སྒྱུར་བཅོས་བྱས་རྗེས་སྒྲིག་གཞིའི་འཁོར་སྐྱོད་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། བསམ་བློར་འགྱུར་ལྡོག་དང་ལས་གནས་ཐོག་གང་མགྱོགས་ཞུགས་ཏེ་དོ་དམ་ཐད་ཕྱོགས་ཡོངས་ནས་ཁོངས་སུ་གཏོགས་པ་དང་། བཤད་སྟངས་ཐད་ཚད་མཐོའི་གཅིག་མཐུན་ཡོང་བ། ལས་ཀའི་ཐད་ཕན་ནུས་ཆེ་རུ་གཏོང་བ། སློབ་སྦྱོང་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གང་མགྱོགས་མཉམ་འདྲེས་ཀྱིས་ཕན་འབྲས་ཐོན་པར་བྱེད་པ་དང་། དུས་རབས་གསར་པའི་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཁྲོད་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ལྡན་གྱི་མཆོག་ནོར་ནུས་པ་འདོན་སྤེལ་སྔར་བས་ལེགས་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།