དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ཁང་དམར་གྲོང་ཚོའི་གཞུང་ལམ་ཉམས་བཟོ་ཐེངས་གསུམ་བྱས་པ—

    ལ་བརྒྱབ་ཀླུང་བརྒལ་གྱིས་བདེ་སྐྱིད་ཀྱི་འཚོ་བར་ཕྱོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-24

    ཆབ་མདོ་གྲོང་ཁུལ་ནས་རླངས་འཁོར་བཏང་སྟེ་ལ་བརྒྱབ་ཀླུང་བརྒལ་གྱིས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བསྐྱོད་རྗེས། ང་ཚོ་ལུང་ཁུག་ཏུ་གནས་པའི་ཁང་དམར་གྲོང་ཚོར་སླེབས་བྱུང་། ཁོད་སྙོམས་པའི་གཞུང་ལམ་དང་གྲལ་སྟར་འགྲིག་པའི་བོད་ལུགས་ཀྱི་ཐོག་སོ་ཉིས་ལྡན་གྱི་ཁང་པ་མང་པོ་ཞིག་མིག་ལམ་དུ་འཆར། གྲོང་མི་ཁག་གཅིག་གིས་གྲོང་ཚོའི་གད་སྙིགས་གཙང་སེལ་བྱེད་བཞིན་འདུག

    1958ལོར་སྐྱེས་པའི་བློ་བཟང་ཆོས་འཕེལ་ནི་ད་ཆ་ཁང་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རེད། ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས། བློ་བཟང་ཆོས་འཕེལ་གྱིས་གྲོང་ཚོ་ནས་ཆབ་མདོར་བསྐྱོད་སའི་གཞུང་ལམ་ལ་མཛུབ་མོ་བཙུགས་ནས“གཞུང་ལམ་འདི་སྔ་རྗེས་སུ་ཉམས་བཟོ་ཐེངས་གསུམ་བྱས་པ་དྲན་གྱི་འདུག”ཅེས་བཤད།

    སྔོན་ཆད་རི་བོས་འཕྲེད་བཅད་བཏང་བའི་ཁང་དམར་གྲོང་ཚོ་རྗེས་ལུས་སུ་གནས་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་དཀའ་བ་མ་ཟད། མ་གནས་ཀྱང་མཐོ་བས་ཁང་དམར་གྲོང་ཚོའི་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཕོག་ཡོད། 1975ལོར། བློ་བཟང་ཆོས་འཕེལ་དང་གྲོང་མི་ཚོ་མཉམ་དུ་ས་སྒང་ཤང་ལམ་མདོ་ནས་ཁང་དམར་གྲོང་ཚོ་བར་གྱི་ལམ་བཟོའི་ལས་གྲྭར་ཞུགས། ཁོང་གིས“སྐབས་དེ་དུས་ང་ཚོས་རི་མཐོ་གཡང་གཟར་གྱི་ཁྲོད་ནས་འགྲོ་ལམ་གསར་པ་ཞིག་བཟོས་པ་ཡིན། ཉིན་ལྟར་ལས་ཀ་དཀའ་ཚེགས་ཧ་ཅང་ཆེ་རུང་། ཕ་ཡུལ་གྱི་མི་སེར་ཆེད་དུ་ལམ་ཞིག་བཟོ་ཐུབ་ན་དཀའ་ལས་བྱུང་ཡང་འགྱོད་པ་མིན་འདུག”ཅེས་བཤད།

    ཁང་དམར་གྲོང་ཚོ་ནས་ཕྱིར་སྐྱོད་སའི་ལམ་ཤར་གཏོང་ཐུབ་མོད། འོན་ཀྱང་གནམ་གཤིས་ངན་པའི་རྐྱེན་གྱིས་ཁང་དམར་གྲོང་ཚོའི་སྲེག་མའི་ལམ་ལོ་ལྟར་དབྱར་ཁ་ཆར་པ་བབས་ནས་ཆུས་བསྣུབས་པ་དང་དགུན་ཁ་ཁ་བས་ལམ་འགོག་གི་ཡོད། 2011ལོ་སྔ་རྗེས་སུ་སྲེག་མའི་ལམ་དེར་ཉམས་བཟོ་བྱེད་འགོ་ཚུགས་ཡོད། འོན་ཀྱང་ཁང་དམར་གྲོང་ཚོའི་ས་བབ་མཐོ་ཚད་འགུ་རོ་གྲོང་རྡལ་ལས་སྨི་600ལྷག་ཙམ་གྱིས་མཐོ་བ་དང་གཡང་གཟར་ཞིང་ལམ་དུམ་མང་ཆེ་བ་གྱེན་ལམ་ཡིན་པས་མཐར་དེ་སྔའི་སྲེག་མའི་ལམ་རྒྱ་ཆེ་རུ་མི་གཏོང་ཀ་མེད་དུ་གྱུར་ཡོད།

    རྩད་ཞིབ་དང་། ཇུས་འགོད། ཨར་ལས་བཅས་ཐེངས་མང་བྱས་པ་བརྒྱུད། 2019ལོར་ཁང་དམར་གྲོང་ཚོ་ནས་ཕྱིར་སྐྱོད་སའི་སྲེག་མའི་ལམ་ཨར་འདམ་ལམ་དུ་བསྐྲུན།

    “གཞུང་ལམ་འདི་ནི་ང་ཚོ་དང་ཕྱི་ཕྱོགས་འབྲེལ་བ་བྱེད་པའི་ལམ་གཅིག་བུ་དེ་ཡིན་པ་དང་གཞུང་ལམ་དེའི་འགྱུར་ལྡོག་ཐེངས་རེ་ནི་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བར་འགྱུར་ལྡོག་འགྲོ་ཐེངས་རེ་རེད”ཅེས་བློ་བཟང་ཆོས་འཕེལ་གྱིས་བཤད།

    དེ་དང་བསྟུན་ནས་ཁང་དམར་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དུས་བཟང་བསུས་ཤིང་། ཏང་དང་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་དང་གྲོང་ཚོའི་བུ་བཅོལ་ཁང་གསར་དུ་བསྐྲུན་པ་མ་ཟད། བོད་བཟོའི་ཁང་པ་སྟར་པ་རེ་རེ་བཞིན་བསྐྲུན་པས་ཁང་དམར་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    “གཞུང་ལམ་བསྐྲུན་རྗེས་གྲོང་ཚོའི་སློབ་མ་ཚོར་སྟབས་བདེ་བྱུང་ཡོད”“གཞུང་ལམ་བསྐྲུན་རྗེས་ངེད་ཁྱིམ་གྱི་ཕྲུ་གུ་ཚང་མ་ཕྱིར་གླ་པ་འགྲོ་ཐུབ་པས། ཡོང་འབབ་ཞིང་ལས་བྱེད་པ་ལས་མང་བ་འདུག”ཅེས་གཞུང་ལམ་བསྐྲུན་རྗེས་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས་གྲོང་མི་ཚོའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བཤད།

    ཚེ་རིང་དོན་གྲུབ་ནི་གྲོང་མི་ཚོས་ཁས་ལེན་པའི་འཇོན་ཐང་ཅན་ཞིག་ཡིན། ཞིང་དལ་སྐབས་ཁོང་ཕྱིར་གླ་པ་རྒྱུག་པའམ་ཡང་ན་གཉེན་ཉེར་རླངས་འཁོར་གཏོང་རོགས་བྱས་ནས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་གྱི་ཡོད། ཁོང་གི་ཆུང་མ་རྣམ་རྒྱལ་སྒྲོལ་མ་ཡང་མཐོ་རིམ་སློབ་འབྲིང་བཞི་པའི་ཟ་ཁང་དུ་ལས་ཀར་འགྲོ་གི་ཡོད།

    “སྔོན་མ་ལོ་ཧྲིལ་པོར་གྲོང་ཚོ་ནས་ཐོན་དཀའ་མོད། ད་ཆ་གཞུང་ལམ་བསྐྲུན་རྗེས་ང་ཚོས་སྦག་སྦག་དང་འཇིབ་ཆུང་ཉོས་ཡོད་པས་ཕྱིར་གླ་པ་རྒྱུག་པའམ་ཡང་ན་དོན་དག་སྒྲུབ་སྐབས་ཧ་ཅང་སྟབས་བདེ་པོ་འདུག”ཁོང་གཉིས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ད་ཆ་སྨི་ངོས་གྲུ་129ཡོད་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་ནང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

    གྲོང་ཚོ་ནས་ཁ་མ་བྲལ་གོང་། ཁང་དམར་གྲོང་ཚོས་འདེམས་གཏོང་བྱེད་པའི་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་རིག་འཛིན་གྱིས་ང་ཚོར“འདི་ལོ་ད་དུང་སྒོར་ཁྲི་600ཙམ་བཏང་ནས་གཞུང་ལམ་ཉམས་བཟོ་དང་སྣུར་སྲིང་བྱེད་རྩིས་ཡོད་ལ། གྲོང་མི་ཚོར་ཡང་ལས་རིགས་གསོ་སྦྱོང་བྱེད་རྩིས་ཡོད་པས། སྐབས་དེ་དུས་ཁོང་ཚོར་ཡོང་འབབ་མང་པོ་རག་ཐུབ”ཅེས་བཤད།

    གཞུང་ལམ་ཤར་གཏོང་ཐུབ་རྗེས་ཁང་དམར་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་གྱུར་འདུག་ལ། ང་ཚོས་ཁང་དམར་གྲོང་ཚོའི་འབྱུང་འགྱུར་དེ་བས་ཡག་པོ་ཡོང་ངེས་ཀྱི་རེ་སྒུག་ཀྱང་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།