༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་འཛམ་གླིང་དཔེ་ཀློག་ཉིན་མོ་སྲུང་བརྩི་བྱས་པ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-24 11:02:26 ཀློག་གྲངས།:
       སྤྱི་ལོ༢༠༢༤ལོའི་ཟླ༤པའི་ཚེས༢༣ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ཀྲུང་གོ་གསར་བ་དབུ་བརྙེས་ནས་བགྲང་བྱ༧༥འཁོར་བར་རྟེན་འབྲེལ་ཞུ་བ་དང་། འཛམ་གླིང་དཔེ་ཀློག་ཉིན་མོ་སྐབས༢༩པ་བསུ་བའི་སྒྱུ་རྩལ་རིག་པའི་རྩེད་འཇོ་བྱ་བའི་སློབ་མའི་སྙན་ངག་གྱེར་འདོན་དང་ཟློས་གར་འཁྲབ་སྟོན་འགྲན་སྡུར་གྱི་བྱ་འགུལ་དེ། སློབ་གྲྭའི་རྩལ་སྦྱོང་ར་བར་གཟབ་རྒྱས་ངང་སྤེལ།
       ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་རྡོ་རྗེ་གཙོ་བྱས་སློབ་གྲྭའི་མགོ་ཁྲིད་དང་དཔྱད་འདེམས་པའི་དགེ་རྒན་རྣམ་པ། དགེ་སློབ་ཡོངས་དུས་ལྟར་ཚོགས་རར་གཞི་གཅིག་ཏུ་འཛོམས་ཤིང་། སློབ་གཙོ་ཕྱུག་ལོའི་བཀྲ་ཤིས་པའི་རྟེན་འབྲེལ་སྨོན་ཚིག་གིས་མདུན་བསུས་ཏེ་མཛད་སྒོའི་དབུ་དངོས་སུ་ཚུགས།
       ཐེངས་འདིའི་འགྲན་སྡུར་གྱི་བྱེད་སྒོ་ལ་མཚོན་ན་བོད་ཡིག་ཁྲིད་དཔྱོད་ཁག་གི་བྱ་འགུལ་གྱི་སྲོལ་རྒྱུན་ལྟར་མཐོ་གཅིག་རིམ་པར་སྙན་ངག་གྱེར་འདོན་དང་མཐོ་གཉིས་རིམ་པར་ཟློས་གར་འཁྲབ་སྟོན་བཀོད་སྒྲིག་བྱས་ཡོད། ལོ་རིམ་དེ་གཉིས་ལས་བསལ་འདེམས་བྱུང་བའི་འཛིན་གྲྭ་བདུན་རེ་རེབ་འདིའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་ཤིང་། མཐོ་གཅིག་རིམ་པའི«དཔེ་ཆ་དང་སྨུ་གུ་ནི་ང་ཚོའི་ཚེ་ནོམ་ཡིན»དང«ཐོ་རངས་སྐར་ཆེན» «དགུ་ཆུའི་གླུ་དབྱངས» «བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས» «འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག» «རྒྱལ་མོ་ཚ་བ་རོང» «རྡོ»བཅས་རིག་བྱེད་དབྱངས་བདུན་རྫོགས་པའི་སྙན་ངག་གྱེར་འདོན་དང་། མཐོ་གཉིས་རིམ་པའི«མོ་སྟོན་ཕག་མགོ»དང«ཧོར་གླིང་གཡུལ་འགྱེད» «མི་ལ་རས་པ» «གཟུགས་ཀྱི་ཉི་མ» «མོ་སྟོན་ཕག་མགོ» «Dསྡེ་བའི་ཀླན་ཀ»བཅས་ཉམས་བརྒྱད་ཁོ་ལག་རྫོགས་པའི་ཟློས་གར་འཁྲབ་སྟོན་གཉིས་སྤེལ་མའི་ཚུལ་དུ་བྱ་འགུལ་གྱི་གཞུང་བསྲིངས་ཏེ། དགེ་སློབ་ཀུན་གྱི་ཡིད་འགྱུར་རྒྱ་མཚོའི་རླབས་ཕྲེང་བཞིན་གཅིག་གིས་གཅིག་སྐྱོམ་ཞིང་བདས་ནས་འཕྱོ་བར་བྱས་ཤིང་། ལྟད་མོ་བ་ཡོངས་ལ་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི། ཡིད་ཀྱི་གསོས་སུ་གྱུར་པའི་མཉམ་སྒྲོག་རོལ་མོ་ལྟ་བུའི་སྒྱུ་རྩལ་གྱི་གསོལ་སྟོན་ཆེན་མོ་ཞིག་ལེགས་པར་བཤམས་སོ། །
མཐོ་གཅིག་རིམ་པར་སྙན་ངག་གྱེར་འདོན་བྱེད་བཞིན་པ།
མཐོ་གཉིས་རིམ་པར་ཟློས་གར་འཁྲབ་སྟོན་གྱི་རྣམ་པ།
       ཐེངས་འདིའི་བྱ་འགུལ་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་བརྩམས་ཆོས་ཀྱི་བསམ་བློའི་བརྩེ་དུང་ཉམས་སུ་མྱངས་ཏེ་སྐད་ཆའི་འཛུགས་སྐྲུན་དང་བཀོལ་སྤྱོད། བསམ་གཞིག་གི་འཕེལ་རྒྱས་དང་མཐོར་འདེགས། མཛེས་དཔྱོད་རོལ་མྱོང་དང་གསར་གཏོད། རིག་གནས་འཛུགས་སྐྲུན་དང་གོ་སྟོབས་ཀྱིས་མཚོན་པའི་སྐད་ཡིག་གི་ཡོན་ཏན་གོང་དུ་སྤེལ་བ་མ་ཟད། སློབ་བུ་ཚོའི་སེམས་ཁམས་བདེ་ཐང་ཡོང་བའི་གསོས་སྨན་དང་ཕྱོགས་ཡོངས་ཀྱི་ནུས་པ་མཐོ་རུ་འདེགས་པའི་མཐུན་རྐྱེན་དུའང་གྱུར་ཏོ། །
རྒྱལ་ཁའི་གཟེངས་རྟགས་གནང་བའི་རྣམ་པ།
       མཐར་དགེ་རྒན་ལྷ་མཁར་ཚེ་རིང་དང་ལྕགས་རྒྱལ་འབུམ་གཉིས་ཀྱིས་རིམ་པ་བཞིན་མཐོ་གཅིག་དང་མཐོ་གཉིས་ཀྱི་བྱ་འགུལ་ལ་སྤྱི་སྡོམ་གྱི་གསུང་བཤད་གནང་ཞིང་། འགྲན་ཞུགས་པའི་འཛིན་གྲྭ་སོ་སོར་གཟེངས་རྟགས་བསྩལ་རྗེས་བྱ་འགུལ་གྱི་མཇུག་ཡོངས་སུ་བསྡུས་སོ། །
ཚོགས་རའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།