«ར་ལོ»ཡི་མི་སྣ་གཙོ་བོ་སུ་ཡིན་ནམ།

རྩོམ་པ་པོ།:པད་མ་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-22 13:43:29 ཀློག་གྲངས།:
ཡིད་རྟོན་མེད་པའི་རྗོད་པ་པོ་དམིགས་སུ་བཟུང་ནས«ར་ལོ»ཡི་མི་སྣ་གཙོ་བོ་སུ་ཡིན་ལ་དཔྱད་པ།
པད་མ་རྣམ་རྒྱལ།

[ནང་དོན་གནད་བསྡུས] «ར་ལོ»ཡི་མི་སྣ་གཙོ་བོ་ར་ལོ་ཡིན་པར་འདོད་པ་ནི་མཐུན་སྣང་དུ་གྲུབ་པའི་སྡོམ་ཚིག་ཅིག་ཡིན་མོད། འོན་ཀྱང་། ང་ཚོས་སྤྲོས་བརྗོད་གཞུང་ལུགས་དང་། སྒོས་སུ་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་གཞུང་ལུགས་གཞིར་བཟུང་སྟེ་སྒྲུང་གཏམ་འདིའི་སྤྲོས་བརྗོད་ཀྱི་ཁྱད་ཆོས་ལ་དཔྱད་པ་ཡིན་ན། སྒྲུང་གཏམ་འདིའི་མི་སྣ་དང་རྗོད་པ་པོ་གཉིས་ཀ་ཡིན་པའི་དོན་གྲུབ་ཀྱིས། རང་ཉིད་ཀྱི་ཚད་ཡོད་པའི་མཐོང་སྣེ་དང་འགལ་བ་དང་། གཏམ་རྒྱུད་ཀྱི་དོན་དངོས་དང་འགལ་བའི་སྒོ་ནས་ར་ལོའི་གཏམ་རྒྱུད་ལ་སྒྲོ་འདོགས་སྐུར་གསུམ་གྱིས་འཁྱོག་འབྲི་དང་བཙོག་བསྒྱུར་བྱས་ཏེ་བརྗོད་པས། རྗོད་པ་པོ་དོན་གྲུབ་ནི་ཡིད་རྟོན་མེད་པའི་རྗོད་པ་པོ་དང་། ཁོའི་སྤྲོས་བརྗོད་ནི་ཡིད་རྟོན་མེད་པའི་སྤྲོས་བརྗོད་དུ་གྱུར་འདུག མ་ཟད། ཁོའི་ཡིད་རྟོན་མེད་པའི་སྤྲོས་བརྗོད་དང་སྤྲོས་བརྗོད་ཀྱི་སྦྱོར་བ་ཡིས། དོན་དུ་རྗོད་པ་པོ་རང་ཉིད་ཀྱི་མི་གཤིས་ཀྱི་མི་སྡུག་པའི་ཆ་གང་ཞིག་རྗེན་པར་བཏང་སྟེ། རྗོད་པ་པོ་རང་ཉིད་སྒྲུང་གཏམ་འདིའི་ཟུར་ཟ་དང་མཚང་འབྱིན་བྱ་ཡུལ་དུ་གྱུར་བས། སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་ནི་ར་ལོ་མིན་པར་ར་ལོའི་གཏམ་རྒྱུད་ཡིད་རྟོན་མེད་པའི་སྒོ་ནས་བརྗོད་མཁན་གྱི་མི་སྣ་དོན་གྲུབ་ཡིན་དགོས་འདུག་གོ །
[གནད་ཚིག] ར་ལོ། ཡིད་རྟོན་མེད་པའི་རྗོད་པ་པོ། སྤྲོས་བརྗོད། གཏམ་རྒྱུད་ནང་གི་རྗོད་པ་པོ།

སྔོན་འགྲོ།
       རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང«ར་ལོ»ཞེས་པ་ཐོག་མར1991ལོའི«སྦྲང་ཆར»དེབ་དང་པོར་བཀོད་འདུག་ལ། དུས་དེ་ནས་བརྩིས་ན་སྒྲུང་གཏམ་དེ་དུས་དེབ་ཏུ་བཀོད་པ་ནས་ལོ་ངོ་སུམ་ཅུ་འགོར་ཡོད། གང་ལྟར་སྒྲུང་གཏམ་འདི་ཀློག་མཁན་གྱི་སྤྱན་སྔར་བསྟར་རྗེས། དཔྱད་བརྗོད་པ་རྣམས་ཀྱིས“«ར་ལོ»ལ་རྩོམ་རིག་གི་གོ་ས་གལ་ཆེན་ཞིག་ཡོད”[1]པར་འདོད་ཅིང་། «ར་ལོ»དང་འབྲེལ་བའི་དཔྱད་བརྗོད་ཀྱང་རབ་དང་རིམ་པ་ཞིག་བྱུང། དཔེར་ན། «བོད་མིའི་རང་གཟུགས་ཀྱི་རྣམ་ཤེས།——ར་ལོ»དང་། «ར་ལོ་ཅེས་པའི་བརྩམ་སྒྲུང་ལ་དཔྱོད་མྱོང་རོབ་ཙམ་བྱེད་པ»དང་། «བརྩམས་སྒྲུང་ར་ལོའི་ནང་སེམས་ཀྱི་འཇིག་རྟེན་ལ་གསར་དུ་དཔྱད་པ»དང་། «བརྩམས་སྒྲུང་ར་ལོ་དང་ཨQརང་རྣམ་གཉིས་ཀྱི་སྒྱུ་རྩལ་མཚོན་ཐབས་སྐོར་བསྡུར་ཏེ་དཔྱད་པ»དང་། «ར་ལོའི་སྣང་བརྙན་དང་འབྲེལ་བའི་གཏམ»དང་། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ»དང་། «ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག»དང་། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་བཞིའི་ཁྱད་ཆོས་གཙོ་བོ་དང་མི་སྣ་གལ་ཆེན་གྱི་གཤིས་ཀར་དཔྱད་པ»དང་། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་རྩོམ་ཁྲོད་ཀྱི་མི་སྣའི་སེམས་ཁམས་འབྲི་བཞེང་གི་ཁྱད་ཆོས་ལ་དཔྱད་པ»སོགས་གང་མང་མཆིས་ལ། འདི་དག་ཚང་མ་ར་ལོ་མི་སྣ་གཙོ་བོར་བཟུང་སྟེ། མི་སྣའི་སྣང་བརྙན་ཇི་འདྲ་ཞིག་ཏུ་བཞེངས་སྐྲུན་བྱས་ཡོད་པར་དཔྱད་དེ། སྒྲུང་འབྲིང་འདི་ལ་གོ་བ་རྙེད་པར་བྱེད། མདོར་ན། དཔྱད་བརྗོད་འདི་དག་གི་གནད་འབབ་ས་དེ“བོད་མིའི་རང་གཟུགས་ཀྱི་རྣམ་ཤེས——ར་ལོ”ཞེས་པའི་སྒྲོམ་འདི་ལས་འདས་མེད། འོ་ན། དཔྱད་བརྗོད་དང་འགྲེལ་བཤད་འདི་དག་ནི་བརྩམས་ཆོས་འདིའི་བརྗོད་བྱ་དང་དོན་སྙིང་མཐར་ཐུག་ཡིན་ནམ་ཞེ་ན། དཔྱད་བརྗོད་གཞུང་ལུགས་དང་མཐོང་སྣེ་མི་འདྲ་བའི་དབང་གིས། བརྩམས་ཆོས་ཤིག་བཀླགས་རྗེས་ཀྱི་མྱོང་རྟོགས་ཀྱང་མི་འདྲ་བ་འབྱུང་སྲིད། གཞུང་ལུགས་སྨྲ་བས“ཕྱི་རོལ་དོན་ནི་རྣམ་གཅིག་ལ། །ཐ་དད་ཤེས་པ་འཇུག་པར་འགྱུར། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་ལ་གཞན་དུ་འགྱུར། །”[2]ཞེས་དང་། ལྷག་པར་དུ“ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་ནི། དེའི་རང་ངོས་ཀྱི་གྲུབ་སྟངས་ལ་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། སྒྱུ་རྩལ་གྱི་ཐབས་རྩལ་དང་རྣམ་པ་ཕུན་སུམ་ཚོགས་པས། དཔྱད་བརྗོད་ཀྱི་ཐབས་ལམ་སྣ་ཚོགས་འདེགས་ཐུབ་པའི་ནུས་པ་ཤིན་ཏུ་ཆེ། ཟུར་གཞན་ཞིག་ནས་བཤད་ན། གཞུང་ལུགས་སྣ་ཚོགས་ཀྱི་བྱེད་ཐབས་སྤྱད་དེ་བརྩམས་ཆོས་ཕུལ་དུ་བྱུང་བ་ལ་དཔྱད་བརྗོད་བྱེད་པའི་གོ་རིམ་དུ། བརྩམས་ཆོས་ཀྱི་བག་ཤུགས་སྔར་བས་འདོན་ཐུབ”[3]པས། «ར་ལོ»ཡི་ཁྲོད་ཀྱི་ཡིད་རྟོན་མེད་པའི་སྤྲོས་བརྗོད་ལ་ཞིབ་འཇུག་བརྒྱུད་ནས་རྗོད་པ་པོ་ལ་དཔྱད་ན། སྒྲུང་གཏམ་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་ར་ལོ་མ་ཡིན་པར་གཏམ་རྒྱུད་ནང་གི་རྗོད་པ་པོ་དོན་གྲུབ་ཡིན་པའི་ངོས་ཟིན་ཞིག་ཀྱང་འབྱུང་བར་བྱེད།
དང་པོ། ར་ལོ་ནི«ར་ལོ»ཁྲོད་ཀྱི་མི་སྣ་གཙོ་བོ་ལྟར་བཀླགས་པའི་རྒྱུ་རྐྱེན།
       སྒྲུང་གཏམ་གྱི་མིང་ལ«ར་ལོ»བཏགས་པས། མི་སྣ་གཙོ་བོ་ར་ལོ་ཡིན་མིན་ལ་གདེང་མི་འཁེལ་བའི་ཆ་ཅི་ཡང་མ་མཆིས་ཀྱང་། རྗོད་པ་པོ་དོན་གྲུབ་ཀྱི་སྤྲོས་བརྗོད་དེ་དག་ལ་ཡིད་རྟོན་མི་རུང་བའི་གནད་མང་པོ་ཞིག་མཆིས་པས། ར་ལོ་མི་སྣ་གཙོ་བོར་མ་གྲུབ། ཡིན་ན་ཡང་། ད་ལྟའི་བར་ང་ཚོས་རྗོད་པ་པོ་དོན་གྲུབ་ཡིད་རྟོན་རུང་བ་ཞིག་ཏུ་བཟུང་བ་འདི་ནི་བརྩམས་ཆོས་ཕྱིའི་རྩོམ་པ་པོ་དང་དཔྱད་བརྗོད་པའི་འགྲེལ་བཤད་དང་། དཔྱད་བརྗོད་མཐོང་སྣེ་ལ་འབྲེལ་བ་ཡོད་པ་མ་ཟད། བརྩམས་ཆོས་ནང་གི་སྤྲོས་བརྗོད་ཀྱི་ཐབས་ཇུས་དང་ཡང་འབྲེལ་བ་ཡོད།
       གཅིག བརྩམས་ཆོས་ཕྱིའི་རྩོམ་པ་པོ་དང་དཔྱད་བརྗོད་པའི་འགྲེལ་བཤད་དང་དཔྱད་བརྗོད་ཀྱི་དབང་གིས།
       བརྩམས་ཆོས་གང་ཞིག་ཀློག་པའི་སྐབས་སུ། རྩོམ་པ་པོས་རང་ཉིད་ཀྱི་བརྩམས་ཆོས་ལ་འགྲེལ་བཤད་དང་དཔྱད་བརྗོད་བྱེད་པ་ནི་བརྩམས་ཆོས་གང་དེ་ཀློག་པ་དང་འགྲེལ་བཤད་ཀྱི་མཐོང་སྣེ་ཞིག་ཡིན་པ་ལས། བརྩམས་ཆོས་དེའི་བསྟན་དོན་དང་དཔྱད་བརྗོད་མཐར་ཐུག་དེ་མིན། གལ་སྲིད་ཡིན་པའི་དབང་དུ་བཏང་ན་དཔྱད་བརྗོད་པས་སྒྱུ་རྩལ་གྱི་བརྩམས་ཆོས་གང་ལ་དཔྱད་བརྗོད་དང་འགྲེལ་བཤད་ཀྱི་དགོས་པ་མཆིས་མི་འདུག་ལ། ཀློག་པ་པོ་སྟོང་ལ་ཡང་ཧམ་ལེ་ཀྲི་གཅིག་ལས་མེད་པར་འགྱུར། སྒྲུང་གཏམ་འདི་ལ་མཚོན་ན་ཡང་། རྩོམ་པ་པོ་ཚེ་རིང་དོན་གྲུབ་རང་ཉིད་ནས་ཀྱང་མི་སྣ་གཙོ་བོ་ར་ལོ་ཡིན་པར་བཤད་ཡོད་དེ། “ར་ལོའི་མ་དབྱིབས་ནི་མི་གཅིག་ཁོ་ན་མ་ཡིན་པར་མི་མང་པོ(དེ་དག་གི་ཁྲོད་དུ་ངའི་སློབ་གྲོགས་དང་གྲོགས་པོའང་ཡོད)ཞིག་གི་གཤིས་ཀ་གཅིག་ཏུ་བསྡུས་ནས་བློས་བསླངས་བྱས་ཏེ་བྲིས་པ་ཡིན། ཀུན་སློང་ངམ་དམིགས་ཡུལ་ནི་གཙོ་བོ་གཤིས་ཀ་འབུར་དུ་ཐོན་པའི་མི་སྣ་ཞིག་བཞེངས་སྐྲུན་བྱེད་བསམས་པ་དེའོ།”[4]ཞེས་རྩོམ་པ་པོ་ཚེ་རིང་དོན་གྲུབ་ནས་ཀྱང་མི་སྣ་གཙོ་བོ་ནི་ར་ལོ་ཡིན་པར་བསྙད་པས། ཀློག་པ་པོ་དང་དཔྱད་བརྗོད་པ་ཚང་མ་ཡང་རྩོམ་པ་པོའི་ངག་སྒྲོས་སུ་འབྲངས་ནས་དེ་བཞིན་དུ་འདོད་པར་བྱེད། ཡིན་ན་ཡང་གོང་དུ་བཤད་པ་འདི་ནི་རྩོམ་པ་པོའི་འགྲེལ་བཤད་ཙམ་ཡིན་ནོ། ཡང་ཡར་སྔོན་གྱི་དཔྱད་བརྗོད་པ་དག་ནས་ཀྱང་། སྒྲུང་གཏམ་འདི་ཀློག་པའི་སྐབས་སུ་གཅིག་ནས་རྩོམ་པ་པོའི་རྗེས་སུ་འབྲངས་པ་དང་། གཉིས་ནས་སྒྲུང་གཏམ་གྱི་སྤྲོས་བརྗོད་དུ་ཅི་ཞིག་བཤད་པའི་ནང་དོན་ལ་གཞོལ་ཏེ། ཇི་ལྟར་སྤྲོས་བརྗོད་བྱས་པ་ལ་ཞིབ་འཇུག་དང་དཔྱད་བརྗོད་བྱས་པ་ཧ་ཅང་ཉུང་བའི་དབང་གིས་སྒྲུང་གཏམ་འདིའི་ཁྲོད་ཀྱི་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་དག་ལ་དོ་སྣང་མ་ཐེབས་པས། སྒྲུང་གཏམ་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་ར་ལོ་ཡིན་པར་འདོད།
       གཉིས། བརྩམས་ཆོས་ནང་གི་སྤྲོས་བརྗོད་ཐབས་ཇུས་ཀྱི་དབང་གིས།
       སྒྲུང་གཏམ་འདིའི་ཁྲོད་དུ་གང་ཟག་དང་པོའི་རྗོད་པ་པོ་སྤྱད་པ་དང་། ཀུན་མཁྱེན་མཐོང་སྣེའི་སྒོ་ནས་སྤྲོས་བརྗོད་བྱས་ཤིང་། གཞི་མའི་སྤྲོས་བརྗོད་ཀྱི་ཐབས་ཇུས་བེད་སྤྱད་པས། ཀློག་པ་པོ་དང་དཔྱད་བརྗོད་པ་དག་གིས་རྗོད་པ་པོ་དོན་གྲུབ་ཀྱིས་སྤྲོས་བརྗོད་བྱས་པ་ཡིད་རྟོན་རུང་བར་འདོད་ནས། ར་ལོ་སྒྲུང་གཏམ་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ལྟར་བཀླགས་འདུག
       (གཅིག) གང་ཟག་དང་པོ་སྤྱད་པས་རྩོམ་པ་པོ་དང་རྗོད་པ་པོ་གཉིས་གཅིག་ཏུ་འདོད་པ། 
       རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་སྒྲུང་གཏམ་འདིའི་དགོས་མཁོར་གཞིགས་ན། མིང་ལ་དོན་གྲུབ་ཟེར་བའི་གང་ཟག་དང་པོའི་རྗོད་པ་པོ་ཞིག་འབྲི་བཞེང་བྱས་ཏེ། ར་ལོའི་གཏམ་རྒྱུད་བཤད་དུ་བཅུག་པ་ལས་རྩོམ་པ་པོ་རང་ཉིད་མིན་སྟབས། རྩོམ་པ་པོ་དང་རྗོད་པ་པོ་གཉིས་ཁ་ཁ་སོ་སོ་ཡིན་དགོས། གལ་སྲིད་གཅིག་ཡིན་ཟེར་ན་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་འཚོ་བའི་ཁྲོད་དུ་ར་ལོ་ཞེས་པའི་སྣབས་ལུག་ཅིག་ངེས་པར་ཡོད་དགོས་པ་དང་། ཁོ་ར་ལོ་ལ་རྒྱུས་མེད་ཀྱང་ར་ལོའི་གཏམ་རྒྱུད་མི་བདེན་རྫུན་སྒྲིག་གིས་སྤེལ་བས། རྩོམ་པ་པོ་ཁོའི་མི་གཤིས་ཀྱི་སྐྱོན་མཚང་དུ་འགྱུར་བ་མ་ཡིན་ནམ། ཡང་སྒྲུང་གཏམ་འདི་ནི་རབ་རྟོག་ཙམ་ཡིན་པས། དེ་ལ་ནན་ཏན་གལ་ཆེན་བྱེད་དགོས་དོན་མ་མཆིས་ཟེར་མོད། བརྩམས་ཆོས་རང་ཉིད་ལ་ཕུང་བོ་གཅིག་ཏུ་གྲུབ་པར་བྱེད་ཐུབ་པའི་ནང་གནས་ཀྱི་ཆོས་ཉིད་ཅིག་ཡོད་པའི་སྟབས་ཀྱིས། ཆོས་ཉིད་དེ་ལ་ངེས་པར་བརྩི་སྲུང་བྱེད་འོས། རྩོམ་པ་པོས་རྗོད་པ་པོ་དོན་གྲུབ་ལ་ར་ལོའི་གཏམ་རྒྱུད་སྤྲོས་བརྗོད་བྱེད་པའི་གོ་རིམ་ཁྲོད། ཆོས་ཉིད་དེ་བརྩི་སྲུང་བྱེད་དུ་མ་བཅུག་པར་གཏན་ཚིགས་དང་འགལ་བའི་སྤྲོས་བརྗོད་བྱེད་དུ་བཅུག་ཡོད་ཀྱང་། ཀློག་པ་པོ་དང་དཔྱད་བརྗོད་པ་རྣམས་ཀྱིས་ཅི་མི་སྙམ་པར། དེ་ནི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་སྤྲོས་བརྗོད་བྱེད་ཀྱི་ཡོད་པར་རློམ་སོང་བ་དང་འདྲ་སྟེ། ཚུལ་དེ་ནི་བདེ་ལེགས་ཀྱིས“ཐོག་མར་རྩོམ་པ་པོས་ལྷུག་བརྗོད་དང་ཞིབ་འབྲིའི་རྣམ་པ་ལས། ར་ལོའི་བསམ་སྦྱོར་དང་ཏག་ཏག་འཚམ་པའི་མི་སྣའི་སྣང་བརྙན་ཞིག་ཀློག་པ་པོའི་མིག་ལ་བཤམས་ཡོད་དེ། དཔེར་ན། ‘ཤོག་དཀར་མདུན་ལ་བླངས་ནས་ར་ལོའི་གཏམ་རྒྱུད་འབྲི་རྒྱུ་ནི་སྤྲོ་སྣང་ལྡན་པའི་དོན་ཞིག་མ་ཡིན་ཏེ’”[5]ཞེས་བརྗོད་པར་གཞིགས་ན་རྟོགས་ཐུབ་སྟེ། དཔྱད་བརྗོད་པས་སྒྲུང་གཏམ་ཁྲོད་ཀྱི་རྗོད་པ་པོ“ང”ནི་རྩོམ་པ་པོར་ངོས་བཟུང་ནས། གཏན་ཚིགས་ལ་འགལ་བའི་སྤྲོས་བརྗོད་དེ་དག་ལ་ཡིད་ཆེས་ཤིང་འཐད་པར་གྱུར། འདི་ནི་སྲོལ་རྒྱུན་གྱི་བརྩམས་ཆོས་ཀློག་སྟངས་ཏེ། རྩོམ་པ་པོ་ནི་བརྩམས་ཆོས་ཀློག་སྐབས་ཀྱི་བརྩམས་ཆོས་ཀྱི་གྲུབ་ཆ་ཞིག་ཏུ་བརྩིས་ཤིང་། བརྩམས་ཆོས་རང་སྟེང་དུ་གནས་པའི་དོན་སྙིང་དེ་ནི་རྩོམ་པ་པོ་ལ་བརྟེན་ནས་གྲུབ་དགོས་པ་ཞིག་ཏུ་འདོད་པའི་བསམ་བློའི་རྨང་གཞིའི་སྟེང་། གཏམ་རྒྱུད་ཀྱི་རྗོད་པ་པོ་དེ་ཉིད་ཀྱང་རྩོམ་པ་པོར་ངོས་འཛིན་བྱས་པ་ལས་བྱུང་། འོན་ཀྱང“རྩོམ་པ་པོ་དང་རྗོད་པ་པོ་གཉིས་ཉ་ཉུང་བསྲེས་མི་རུང་། འདིའི་གལ་ཆེན་རང་བཞིན་དེ་ད་ལྟའི་དུས་སུ་རྩོམ་རིག་གཞུང་ལུགས་ཀྱི་མཐུན་སྣང་ཞིག་ཏུ་གྲུབ་ཡོད”[6]པ་དང་། “རྩོམ་པ་པོས་རྗོད་པ་པོ་དང་ཁོ་གཉིས་སྦྲེལ་བའི་དངོས་ཡོད་ཀྱི་སྐད་ཆའི་ཁོར་ཡུག་ཅིག་དང་ཡང་ན་གསལ་འདེབས་ལྟ་བུའི་སྐད་ཆའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད་ན་མ་གཏོགས། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་རྗོད་པ་པོ་དེ་རྩོམ་པ་པོར་ངོས་འཛིན་མི་རུང”[7]བས། ཀློག་པ་པོ་ནི་རྩོམ་པ་པོའི་དབང་གྲགས་ཀྱི་གྲིབ་གཟུགས་འོག་ནས་ཐར་ཏེ། བརྩམས་ཆོས་དེ་ཉིད་ལ་ཁ་གྲག་ཏུ་བཅུག་ནས། དེའི་དོན་སྙིང་རྙེད་པར་བྱེད་པའི་སྐབས་སུ། བརྩམས་ཆོས་རང་སྟེང་དུ་གྲུབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་རྩོམ་པ་པོ་ལ་མ་བརྟེན་པར་ཁེར་ཚུགས་སུ་གནས་ཐུབ་པ་ཞིག་ཡིན། མདོར་ན། རྗོད་པ་པོའི་སྤྲོས་བརྗོད་འདི་དག་ཡིད་རྟོན་རུང་བར་གྱུར་པའི་རྒྱུ་རྐྱེན་གཅིག་ནི། ཀློག་པ་པོ་དང་དཔྱད་བརྗོད་པ་རྣམས་ཀྱིས་རྩོམ་པ་པོ་དང་རྗོད་པ་པོ་གཉིས་ཉ་ཉུང་བསྲེས་པ་ལ་བརྟེན་ནས་བྱུང་བའི་འབྲས་བུར་འདོད་དོ། །
       (གཉིས) ཚད་ཡོད་ཀྱི་མཐོང་སྣེ་ཡིས་ཚད་མེད་ཀྱི་སྒོ་ནས་སྤྲོས་བརྗོད་བྱས་པ། 
       སྤྱིར་བཏང་དུ«ར་ལོ»ནི་གཏམ་རྒྱུད་ནང་གི་རྗོད་པ་པོ“ང”འམ་དོན་གྲུབ་ཀྱི་མཐོང་སྣེ་སྤྱད་ནས་གྲུབ་པར་འདོད་ཀྱང་། འདི་ནི་ནོར་འཁྲུལ་གྱི་འགྲེལ་བཤད་ཅིག་ཏུ་སྙམ། སྒྲུང་གཏམ་གྱི་མགོ་རྩོམ་སྐབས་རྗོད་པ་པོས“ཤོག་དཀར་མདུན་ལ་བླངས་ནས་ར་ལོའི་གཏམ་རྒྱུད་འབྲི་རྒྱུ་ནི་སྤྲོ་སྣང་ལྡན་པའི་དོན་ཞིག་མ་ཡིན་ཏེ།—ནམ་རྒྱུན་ཁོའི་སྣ་མདོར་འཕྱང་བའི་སེར་ལ་སྦོམ་པའི་སྣབས་དེ་ངའི་མིག་ལམ་ནས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག”ཅེས་པའི་སྐབས་སུ་གང་ཟག་དང་པོའི་འཆར་སྒོ་དང་མཐོང་སྣེ་ཡིན་ལ། དེའི་རྗེས་ཀྱི“ར་ལོ་མི་ཡུལ་འདིར་སྐྱེས་པ་ནས་བཟུང་ཨ་མ་མ་གཏོགས་གཉེན་ཉེ་ཟེར་བ་ཞིག་ཐོས་མ་མྱོང”[8]ཞེས་པ་ནས་བཟུང་ཀུན་མཁྱེན་མཐོང་སྣེར་བསྒྱུར། གཏམ་རྒྱུད་ནང་གི་རྗོད་པ་དོན་གྲུབ་ཀྱིས་ཀུན་མཁྱེན་སྤྲོས་བརྗོད་བྱེད་ཐུབ་བམ་ཞེ་ན་མི་ཐུབ་སྟེ། རྩོམ་པ་པོས་རྗོད་པ་པོ་དོན་གྲུབ་ཀྱི་སྣང་བརྙན་དེ་ཐམས་ཅད་མཁྱེན་པ་ལྟ་བུ་ཞིག་ཏུ་གསར་བཞེངས་བྱས་མི་འདུག་པས། དེའི་མཐོང་སྣེ་ཚད་བཀག་ཡོད། རྒྱུ་མཚན་ནི“གཏམ་རྒྱུད་ནང་གི་རྗོད་པ་པོ་ནི་གཏམ་རྒྱུད་ཕྱིའི་རྗོད་པ་པོ་བཞིན་དུ་རང་དབང་ཡོད་པ་ཞིག་མིན། ཁོས་རང་ཉིད་དང་རང་ཉིད་ཀྱིས་མཐོང་ཐོས་སུ་གྱུར་པའི་གཏམ་རྒྱུད་བརྗོད་པ་ཡིན”[9]པས། རྗོད་པ་པོས་རང་ཉིད་ཀྱི་མཐོང་སྣེ་ལས་འགོངས་པའི་གཏམ་རྒྱུད་སྤྲོས་བརྗོད་བྱེད་མི་ཐུབ། འོ་ན་ཅིའི་ཕྱིར་ཡིད་རྟོན་བསྐྱེད་པ་རེད་ཅེ་ན། རྗོད་པ་པོ་ཉིད་རྩོམ་པ་པོ་རེད་འདོད་པའི་རྨང་གཞིའི་སྟེང་ཀུན་མཁྱེན་མཐོང་སྣེར་བསྒྱུར་པ་དང་། རྗོད་པ་དོན་གྲུབ་ཁོ་རང་སྒྲུང་གཏམ་གྱི་མགོ་རྩོམ་སྐབས་ཙམ་དང་གཞུང་ལས་ཁང་དུ་ར་ལོ་འཕྲད་པའི་སྐབས་གཉིས་མ་གཏོགས་གཏམ་རྒྱུད་དུ་ཐད་ཀར་མངོན་མེད་པར་། ཀུན་མཁྱེན་མཐོང་སྣེར་བརྫུས་ནས་སྤྲོས་བརྗོད་བྱས་ཡོད་པས། “ཀུན་མཁྱེན་སྤྲོས་བརྗོད་དུ་སྦས་པའི་རྩོམ་པ་པོ་དང་རྗོད་པ་པོའི་བར་གྱི་བར་ཐག་སྤྱིར་བཏང་ཅུང་ཐུང[10]བས། ཀུན་མཁྱེན་སྤྲོས་བརྗོད་འདིའི་རང་སྟེང་དུ་མཐོང་སྣེ་གཞན་དང་མ་འདྲ་བའི་བདེན་ཐུབ་ཀྱི་གཤིས་ཤིག་མཆིས། འོན་ཀྱང་སྒྲུང་གཏམ་འདིའི་ནང་གི་ཀུན་མཁྱེན་མཐོང་སྣེ་ནི། རྗོད་པ་པོ་དོན་གྲུབ་ཀྱི་མཐོང་སྣེ་ཡིས་བརྫུས་ཤིང་། རྗོད་པ་པོ་དང་སྦས་པའི་རྩོམ་པ་པོའི་བར་ཐག་རིང་བར་བྱས་པས། གང་ཟག་དང་པོའི་མཐོང་སྣེར་འདོད་པའི་ཀུན་མཁྱེན་སྤྲོས་བརྗོད་བྱས་ཀྱང་། ཀློག་པ་པོར་མཐོང་སྣེ་འདི་ནི་རྗོད་པ་པོ་དོན་གྲུབ་ཀྱིས་སྤྲོས་བརྗོད་མཐོང་སྣེ་རུ་འདོད་པའི་བག་ལ་ཞ་བའི་སེམས་བྱུང་ཞིག་གིས་བསྐུལ་ཏེ། ལྟར་སྣང་དུ་ཡིད་རྟོན་རུང་བ་ཞིག་ཏུ་འདོད་པར་བྱེད། ལྷག་པར་དུ་ཀུན་མཁྱེན་མཐོང་སྣེ་རུ་ཞིབ་ཅིང་ཕྲ་བའི་གནས་མང་པོ་ཞིག་བཀོད་འབྲི་བྱས་ཡོད་དེ། དཔེར་ན། ཕ་ཡར་གྱིས་རུ་སྤོ་བའི་ཞོགས་པར་ར་ལོར་འགྲམ་ལྕག་གཞུས་པ། ར་ལོ་སློབ་གྲོགས་གཞན་དང་འཛིང་རེས་བྱེད་པ། ར་ལོའི་ཚབ་ཏུ་མག་པ་གཞན་ཞིག་བཞག་པ། གྲྭ་བ་ཡིན་དུས་ཆུ་འགྲམ་ནས་ལ་གཞས་ལེན་པ་སོགས་སྒྲུང་གཏམ་འདིའི་མཐོ་རླབས་ཕལ་ཆེ་བའི་སྐབས་སུ། གཏམ་རྒྱུད་ཀྱི་དུས་ཚོད་དང་སྤྲོས་བརྗོད་ཀྱི་དུས་ཚོད་རྩ་བའི་ཆ་ནས་འདྲ་མཚུངས་ཡིན་པའི་དུས་མཚུངས་སྤྲོས་བརྗོད(等叙)བེད་སྤྱད་ཡོད་དེ། “དུས་མཚུངས་སྤྲོས་བརྗོད་ལ་དུས་ཀྱི་རྒྱུན་མཐུད་རང་བཞིན་དང་པར་རིས་ཀྱི་བདེན་ཐུབ་རང་བཞིན་ལྡན་པ་སོགས་ཀྱི་ཁྱད་ཆོས་ཡོད[11]པས། རྗོད་པ་པོའི་ཡིད་རྟོན་གྱི་ནུས་པ་སྔར་བས་བསྐྱེད་ཡོད།
       (གསུམ) གཞི་མའི་སྤྲོས་བརྗོད(元叙述)དང་དེས་ཡིད་རྟོན་གྱི་ནུས་པ་བསྐྱེད་པ།
       ཀུན་གྱིས་ཤེས་གསལ་ལྟར། “རྗོད་པ་པོས་སྤྲོས་བརྗོད་བྱེད་ཐབས་རང་སྟེང་ལ་དཔྱད་འཇོག་བྱེད་པ་ནི། གཏམ་རྒྱུད་ཀྱི་བདེན་པའི་རང་བཞིན་སྟོབས་སྣོན་ཆེད་ཡིན”[12]ལ། སྒྲུང་གཏམ་འདི་ནི་གཞི་མའི་སྤྲོས་བརྗོད་ཀྱི་བྱེད་ཐབས་བཀོལ་ཏེ་བརྩམས་ཡོད། གཞི་མའི་སྤྲོས་བརྗོད་ནི་རྗོད་པ་པོས་གཏམ་རྒྱུད་དང་སྤྲོས་བརྗོད་བྱེད་སྟངས་ཀྱི་རང་ལུས་སྤྲོས་བརྗོད(反身叙述)ཡིན། དེའི་ནུས་པ་ནི་གཏམ་རྒྱུད་ཀྱི་བདེན་པའི་རང་བཞིན་དང་། རྗོད་པ་པོའི་དབང་གྲགས་རང་བཞིན་འཛུགས་པ་ཡིན”[13]པས། སྒྲུང་གཏམ་འདིའི་མགོ་རྩོམ་སྐབས“ཤོག་དཀར་མདུན་ལ་བླངས་ནས་ར་ལོའི་གཏམ་རྒྱུད་འབྲི་རྒྱུ་ནི་སྤྲོ་སྣང་ལྡན་པའི་དོན་ཞིག་མ་ཡིན་ཏེ”ཞེས་བརྗོད་དེ། རྗོད་པ་པོས་ར་ལོའི་གཏམ་རྒྱུད་འབྲི་རྒྱུ་ཤིན་ཏུ་དཀའ་བའི་ལས་ཤིག་ཡིན་པར་བསྟན་པར་གཞིགས་ན། ཚིག་གི་ཤུགས་སུ་རྗོད་པ་པོས་སྤྲོས་བརྗོད་འདི་དག་ནི་བདེན་པ་ཡིན་པར་སྒྲུབ་འདོད་ཡོད་པ་དང་། དེ་མིན“གཤམ་ནི་ར་ལོ་ངེད་གཉིས་ཁ་བྲལ་རྗེས་ཀྱི་ཁོའི་དོན་དག་འགའ་ཡིན་ལ། ངས་སྒྲུང་གཏམ་གྱི་ཁྱད་ཆོས་ཡོང་ཆེད་འཕྲི་སྣོན་ཅུང་ཙམ་བྱས་པ་མ་གཏོགས་ཕལ་ཆེར་དངོས་དོན་ཡིན་པར་སྙིང་ཉེ་བའི་ཀློག་མཁན་རྣམ་པ་ཡིད་ཆེས་མཛོད་ཅིག”[14]ཅེས་པར་བརྟེན་ནས། རྗོད་པ་པོས་རང་ཉིད་ཀྱི་སྤྲོས་བརྗོད་ཀྱི་རྣམ་འགྱུར་དང་ཀུན་ཀློང་དག་ཀློག་པ་པོར་རྗེན་པར་བསྟན་ཞིང་། སྤྲོས་བརྗོད་བྱས་པའི་གཏམ་རྒྱུད་ཀྱི་བདེན་པའི་རང་བཞིན་ལ་ཤུགས་བསྣན་ཏེ། ཀློག་པ་པོར་ཡིད་ཆེས་དགོས་པའི་སྐུལ་མ་བྱས་པ་ཡིན་དགོས་འདུག་མོད། འོན་ཀྱང་། ཀུན་མཁྱེན་མཐོང་སྣེ་སྤྱད་ནས་གང་ཟག་དང་པོའི་མཐོང་སྣེས་བརྗོད་མི་ནུས་པའི་དོན་དག་བརྗོད་ན། དེ་ནི་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་འགྱུར། རེད་དེ། སྤྲོས་བརྗོད་ཀྱི་ཐབས་ཇུས་འདི་ལ་བརྟེན་པ་ཡིན་ན། སྒྲུང་གཏམ་ཁྲོད་ཀྱི་རྗོད་པ་པོའི་གསལ་བཤད་དང་སྐུལ་མ་འདི་དག་བདེན་པར་འགྱུར་ངེས་ལ། ཁོའི་གསོང་བོར་མ་ཡིན་པའི་སྤྲོས་བརྗོད་འདི་དག་ལ་ཀློག་པ་པོ་རྣམས་ཀྱི་ཡིད་ཆེས་ཀྱང་ཐོབ་ཐུབ།
གཉིས་པ། ཡིད་རྟོན་མེད་པའི་སྤྲོས་བརྗོད་དང་རྗོད་པ་པོ་དོན་གྲུབ་མི་སྣ་གཙོ་བོར་གྱུར་དོན།
       རྗོད་པ་པོ་དོན་གྲུབ་ཀྱིས་ར་ལོའི་གཏམ་རྒྱུད་སྤྲོས་བརྗོད་བྱེད་སྐབས། གཏམ་རྒྱུད་ཀྱི་དོན་དངོས་དང་འགལ་བའི་སྤྲོས་བརྗོད་བྱས་པ་དང་། རྗོད་པ་པོ་རང་ཉིད་ཀྱི་ཚད་ཡོད་པའི་གང་ཟག་དང་པོའི་མཐོང་སྣེ་བསྐྱུར་ནས་ཚད་མེད་པའི་ཀུན་མཁྱེན་མཐོང་སྣེ་བརྒྱུད་ནས་སྤྲོས་བརྗོད་བྱས་པས། ཁོའི་སྤྲོས་བརྗོད་འདི་དག་ལ་ཡིད་རྟོན་མི་རུང་ཞིང་། གཏམ་རྒྱུད་ནང་གི་རྗོད་པ་པོ་དོན་གྲུབ་ཀྱིས་ར་ལོའི་གནས་ཚུལ་དང་གཏམ་རྒྱུད་བདེན་པ་བདེན་དྲང་གིས་བརྗོད་པའི་བགྱི་བ་དོར་ཏེ། སྒྲོ་འདྲོགས་སྣ་ཚོགས་ཀྱི་སྦྱོར་བ་ལ་བརྟེན་ནས་ཅི་མི་སྙམ་པར་སྤྲོས་བརྗོད་བྱས་ཤིང་། རྗོད་པ་པོ་རང་ཉིད་ཀྱི་སྤྲོས་བརྗོད་ཀྱི་སྦྱོར་བ་ངན་པ་འདིས། དོན་དུ་རྗོད་པ་པོ་རང་ཉིད་ཀྱི་ཡིད་རྟོན་མེད་པའི་གཤིས་ཀ་ངན་དེ་མངོན་པར་མཚོན་ཞིང་འབུར་དུ་བཏོད་འདུག་པས། རྗོད་པ་པོ་དོན་གྲུབ་ནི་སྒྲུང་གཏམ་འདིའི་མི་སྣ་གཙོ་བོར་གྱུར་འདུག་གོ །
       གཅིག གཏམ་རྒྱུད་ཀྱི་དོན་དངོས་དང་འགལ་བའི་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་ཀྱི་དོན་དངོས།
       གཏམ་རྒྱུད་ཀྱི་དོན་དངོས(故事事实)ནི་རྗོད་པ་པོས་སྤྲོས་བརྗོད་ཀྱི་ལས་སྣོན་དང་འགྱུར་བཅོས་མ་བྱས་པའི་སྔོན་གྱི་གཏམ་རྒྱུད་དེ་ལ་ཟེར་བ་དང་། སྤྲོས་བརྗོད་ཀྱི་དོན་དངོས་ནི(叙述事实)རྗོད་པ་པོས་སྤྲོས་བརྗོད་ཀྱི་ཐབས་ཇུས་དང་ལག་ཐབས་སྣ་ཚོགས་བཀོལ་ནས་གཏམ་རྒྱུད་ཀྱི་དོན་དངོས་དེ་བསྐྱར་དུ་བརྗོད་པ་ལ་ཟེར། རྗོད་པ་པ་པོས་རང་ཉིད་ཀྱི་དགོས་མཁོ་དང་དམིགས་ཡུལ། ཡང་ན་གཞན་དབང་དུ་གནས་ཚུལ་དང་བསྟུན་ཏེ་གཏམ་རྒྱུད་དོན་དངོས་བསྐྱར་དུ་བརྗོད་སྐབས། དེ་གཉིས་བར་གྱི་འགལ་བ་དང་ཁྱད་པར་ནི་གཏམ་རྒྱུད་ཀྱི་དོན་དངོས་དང་སྤྲོས་བརྗོད་དོན་དངོས་གཉིས་ཕན་ཚུན་ངོ་མི་འཕྲོད་པ་དང་། འགལ་ཟླར་བསྒྱུར་བ་ལ་བརྟེན་ནས་བྱུང་བའི་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་ཡིན། སྤྱིར་ན་སྣང་ཚུལ་འདི་ནི་གཏམ་རྒྱུད་ནང་གི་རྗོད་པ་པོས(故事内叙述者)བསྐྱེད་པ་ཡིན་པས། ཧྲིན་ཏན་གྱིས“ཡིད་རྟོན་མེད་པའི་རྗོད་པ་པོར་ཞིབ་འཇུག་བགྱི་སྐབས། གཏམ་རྒྱུད་ནང་དུ་ཡོད་པའི་རྗོད་པ་པོ་གཙོར་བཟུང་ནས་དཔྱད་པ་ཡིན”[15]ཞེས་བརྗོད་ལ། «ར་ལོ»ལྟ་བུར་མཚོན་ནའང་། ཏག་ཏག་གཏམ་རྒྱུད་ནང་གི་རྗོད་པ་པོ་དོན་གྲུབ་ཀྱིས་སྤྲོས་བརྗོད་བྱས་པ་ཡིན་ཏེ། བརྗོད་བདེར་བཤད་ན། ར་ལོའི་གཏམ་རྒྱུད་དེ་གཏམ་རྒྱུད་ནང་གི་མི་སྣ་དོན་གྲུབ་ཀྱིས་བཤད་པ་ཡིན་ལ། ཁོའི་སྤྲོས་བརྗོད་ཀྱི་གོ་རིམ་དུ་སོ་སོའི་སྤྲོས་བརྗོད་ཀྱི་ཆོས་ཉིད་དང་རྩ་དོན་དང་མི་མཐུན་པའི་ནང་འགལ་གྱི་ཆ་མང་པོ་ཞིག་མཆིས་སྟབས། ཁོའི་སྤྲོས་བརྗོད་དེ་ལུགས་མཐུན་ཡིན་མིན་ལའང་དོགས་པ་འབྱུང་བར་འགྱུར། སྔ་མའི་དཔྱད་བརྗོད་སྣ་ཚོགས་སུ། གཏམ་རྒྱུད་ནང་གི་རྗོད་པ་པོའི་སྤྲོས་བརྗོད་ཀྱི་བྱེད་ལས་ཁོ་ན་མ་གཏོགས། དེ་ཉིད་མི་སྣ་ཡིན་པའི་བྱེད་ལས་དེ་ལ་དོ་སྣང་བྱས་མི་འདུག ལྷག་པར་དུ་རྗོད་པ་པོ་དེ་ཉིད་ཡིད་རྟོན་བྱ་རུང་བ་ཞིག་ཏུ་ངོས་འཛིན་བྱས་པས། ཁོས་སྤྲོས་བརྗོད་བྱས་པ་ཡང་བདེན་པ་བདེན་དྲང་ཞིག་ཏུ་འདོད་དེ། སྤྲོས་བརྗོད་ཀྱི་ནང་འགལ་གྱི་ཆ་མང་པོ་ཞིག་ལ་ཡིད་འཇོག་གནང་མེད་པ་མ་ཟད། དཔྱད་བརྗོད་པ་རེ་འགས་རྗོད་པ་པོ་དེ་ཉིད་རྩོམ་པ་པོ་རུ་ངོས་འཛིན་བྱས་པའང་ཡོད། དཔལ་ལྡན་རྒྱ་མཚོས“རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་བརྩམས་སྒྲུང་གི་མགོ་རྩོམ་དུས་འབྲི་རྒྱུར‘ཤོག་དཀར་མདུན་ལ་བླངས་ནས་ར་ལོའི་……ཕར་གཡོ་ཚུར་གཡོ་བྱེད་ཀྱི་འདུག’ཅེས་ཀློག་པ་པོ་རྣམས་ཀྱི་དམིགས་པ་སྣབས་ཀྱི་སྟེང་ལ་འཇོག་དགོས་འདྲའི་དྲན་སྐུལ་ཞིག་བགྱིས་ཡོད་པ་འདིའི་མཐོང་སྣེ་གཡར་ཏེ་བཀླགས་ན། རྩོམ་པ་པོའི་ཕུགས་འདུན་དང་ང་ཚོའི་རེ་འདུན་གྱི་བར་ཐག་བསྟུངས་ཐུབ་འདྲའི་ཉམས་སྣང་འཆར། དེ་ལྟར་སྣབས་ལུགས་སྟངས་ཡ་མཚར་བ་དེ་ལས་ར་ལོ་ཡན་གར་བ་ཞིག་བྲིས་ཡོད”[16]ཅེས་བརྗོད་པར་གཞིགས་ན། ཁོས་རྗོད་པ་པོ་དང་རྩོམ་པ་པོ་གཉིས་གཅིག་ཏུ་འདོད་ནས། རྗོད་པ་པོ་ནི་གཏམ་རྒྱུད་ནང་གི་མི་སྣའང་ཡིན་པའི་ཁྱད་ཆོས་དེ་བསྒྲིབས་པས། རྗོད་པ་པོ་ལ་རྩོམ་པ་པོའི་ཐོབ་ཐང་ལྡན་པར་གྱུར་པ་དང་། རྗོད་པ་པོ་ནི་སྔར་བས་ཡིད་རྟོན་རུང་བ་ཞིག་ཏུ་གྱུར། འོན་ཀྱང་། ང་ཚོས་རྗོད་པ་པོ་ནི་གཏམ་རྒྱུད་ཀྱི་མི་སྣ་ཞིག་ཏུ་ངོས་བཟུང་ནས་གཏམ་རྒྱུད་ཀྱི་དོན་དངོས་དང་སྤྲོས་བརྗོད་ཀྱི་དོན་དངོས་གཉིས་བསྡུར་ནས་དཔྱད་ན། «ར་ལོ»ཡི་གཏམ་རྒྱུད་དོན་དངོས་ནི། དོན་གྲུབ་སློབ་ཆུང་ལ་མ་ཞུགས་སྔོན་དུ་ར་ལོ་དང་འཕྲད་མྱོང་མེད་པ་དང་། སློབ་ཆུང་དུ་ཞུགས་རྗེས་ལོ་ལྔའི་རིང་ལ་སློབ་གྲྭ་གཅིག་གི་སློབ་གྲོགས་ཡིན། དོན་གྲུབ་སློབ་ཆུང་ནས་མཐར་ཕྱིན་རྗེས་ཀྱི་ལོ་ངོ་བཅུའི་རིང་ར་ལོ་དང་ངོ་འཕྲད་མྱོང་མེད་པ་མ་ཟད། ད་དུང་ར་ལོ་གཞུང་ལས་ཁང་དུ་འབྱོར་བ་དེ་ནི་ལོ་ངོ་བཅུ་ལྷག་གི་རྗེས་ཀྱི་འཕྲད་ཐེངས་ཐོག་མ་ཡིན་པ་དང་། གཞུང་ལས་ཁང་དུ་སོ་སོར་གྱེས་རྗེས་དོན་གྲུབ་དང་ར་ལོ་གཉིས་སླར་ངོ་ཐུག་མྱོང་མེད་པ་ནི་སྒྲུང་གཏམ་འདིའི་གཏམ་རྒྱུད་ཀྱི་དོན་དངོས་རེད། ང་ཚོས་ཚན་པ་བཅུ་གཅིག་གིས་གྲུབ་པའི་སྒྲུང་གཏམ་འདིའི་སྤྲོས་བརྗོད་ཀྱི་དོན་དངོས་ནི་དོན་གྲུབ་དང་ར་ལོ་གཉིས་ཀྱི་བར་ཐག་གི་འགྱུར་ལྡོག་ལྟར་དབྱེ་ན། ཚན་པོ་དང་པོ་ནི་ར་ལོ་དང་རྗོད་པ་པོ་གཉིས་ཕན་ཚུན་ངོ་མི་ཤེས་པའི་དུས་སྐབས་ཀྱི་ར་ལོའི་གཏམ་རྒྱུད་དང་། ཚན་པ་གཉིས་པ་ནི་ར་ལོ་དང་རྗོད་པ་པོ་གཉིས་སློབ་གྲྭ་གཅིག་གི་སློབ་གྲོགས་ཡིན་སྐབས་ཀྱི་ར་ལོའི་གཏམ་རྒྱུད་ཡིན། ཚན་པ་གསུམ་པ་ནི་ར་ལོ་དང་རྗོད་པ་པོ་གཉིས་གཞུང་ལས་ཁང་དུ་ངོ་འཕྲད་པའི་གཏམ་རྒྱུད་དང་། ཚན་པ་བཞི་བ་ནས་བདུན་པའི་བར་ནི་ར་ལོས་བཤད་པ་དོན་གྲུབ་ཀྱིས་འཕྲི་སྣོན་བྱས་ནས་གྲུབ་པའི་ར་ལོའི་གཏམ་རྒྱུད་ཡིན། ཚན་པ་བརྒྱད་པ་ནས་བཅུ་གཅིག་ནི་རྗོད་པ་པོས་ར་ལོ་དམངས་དོན་ཁང་ལ་སྤྲད་པའི་རྗེས་ཀྱི་ར་ལོའི་གཏམ་རྒྱུད་བཅས་རེད། གལ་ཏེ་རྗོད་པ་པོ་དོན་གྲུབ་ཀྱིས་ར་ལོའི་གནས་ཚུལ་བདེན་ཐུབ་ཀྱིས་བརྗོད་ན། སློབ་ཆུང་གི་ལོ་ལྔའི་རིང་གི་གཏམ་རྒྱུད་དང་། ཞོགས་པ་དེའི་གཏམ་རྒྱུད་དང་ཞོགས་པ་དེར་ར་ལོས་དོན་གྲུབ་ལ་བཤད་པའི་དོན་དག་དེ་ཚོ་ལས། ར་ལོ་སློབ་ཆུང་དུ་མ་ཞུགས་ཡར་སྔོན་གྱི་ར་ལོ་སྐྱེས་པ་ནས་འཚར་བའི་གཏམ་རྒྱུད་དང་། ར་ལོ་གཞུང་ལས་ཁང་དང་གྱེས་རྗེས་ཀྱི་གཏམ་རྒྱུད་ཁྱོན་ནས་སྤྲོས་བརྗོད་བྱེད་མི་ཐུབ། ཐུབ་དགོས་ཟེར་ན། རྗོད་པ་པོས་ར་ལོར་ལོ་མང་མ་ཐུག་པས་ཁ་བརྡ་ཞིག་བྱོས་དང་ཞེས་སྐུལ་མ་བྱས་རྗེས། ར་ལོས་བཤད་པའི་དོན་དག་འགའ་ལ་འཕྲི་སྣོན་བྱས་ཏེ། ཚན་པ་བཞི་བ་ནས་བདུན་པའི་བར་གྱི་གཏམ་རྒྱུད་དེ་འབྲི་དགོས་དོན་མེད་ལ། ཚན་པ་དང་པོའི་གཏམ་རྒྱུད་དང་། ཚན་པ་བརྒྱད་པ་དང་བཅུ་གཅིག་བར་གྱི་གཏམ་རྒྱུད་བཞིན་གང་བདེར་བརྗོད་ཆོག འོན་ཀྱང་། སྒྲུང་གཏམ་དངོས་ཀྱི་གཏམ་རྒྱུད་ནི་དེ་ལྟར་མ་བརྗོད་པས། རྗོད་པ་པོ་རང་ཉིད་ཀྱི་སྤྲོས་བརྗོད་ཀྱི་ཆོས་ཉིད་དང་རྩ་དོན་དེ་གཏམ་རྒྱུད་ཀྱི་དོན་དངོས་དང་འགལ་ཏེ། སྤྲོས་བརྗོད་ཀྱི་སྔ་ཕྱིའི་གཏན་ཚིགས་དང་ཆོས་ཉིད་གཅིག་གྱུར་མིན་པའི་སྣང་ཚུལ་ཞིག་ལྷགས་ཤིང་། སྤྲོས་བརྗོད་ཀྱི་དོན་དངོས་དང་གཏམ་རྒྱུད་དོན་དངོས་བར་གྱི་ཧེ་བག་ཆེ་རུ་བསྐྱེད་དེ། རྗོད་པ་པོའི་ཡིད་རྟོན་མེད་པའི་ཆ་ཞིག་མངོན་འོང་། དཔེར་ན། སྤྲོས་བརྗོད་ཀྱི་དོན་དངོས་སུ་ར་ལོ་ནི་སྣབས་ཀྱི་བདག་ཉིད་ཅན་ཞིག་ཏུ་བྲིས་ནས། ཁྱོན་བསྡོམས་སྣབས་ཅེས་པའི་ཐ་སྙད་ལན་ཉེར་བདུན་ལ་བྱུང་ཡོད་མོད། གཏམ་རྒྱུད་ཀྱི་དོན་དངོས་ལ་གཞིགས་པ་ཡིན་ན། རྗོད་པ་པོ་དང་ར་ལོ་གཉིས་སློབ་ཆུང་སློབ་གྲོགས་ཡིན་སྐབས། སྣབས་ཞེས་པའི་ཐ་སྙད་ལན་གཉིས་བྱུང་བ་དང་། ཕྱིས་ཀྱི་གཞུང་ལས་ཁང་དུ་འཕྲད་སྐབས་ལན་གཉིས་བྱུང་ཡོད། དེའི་འཕྲོས་ཀྱི་ཚན་པ་སོ་སོར་སྣབས་ལུག་སྟངས་མི་འདྲ་བའི་སྣང་བརྙན་བྲིས་ཏེ། སྣབས་ཅེས་པའི་ཐ་སྙད་དང་སྣབས་ལུག་སྟངས་བསྡོམས་ཐེངས་ཉེར་གསུམ་བྱུང་བ་ནི། རྗོད་པ་པོ་དོན་གྲུབ་ཀྱིས་མངོན་སུམ་དུ་མཐོང་མི་ཐུབ་པ་དང་ཐོས་མི་ཐུབ་ཤ་སྟག་ཡིན་པས། གཏམ་རྒྱུད་ཀྱི་དོན་དངོས་དང་འགལ་བའི་སྤྲོས་བརྗོད་ཡིན། དེ་བཞིན་དུ་སྤྲོས་བརྗོད་གཞན་དག་ཀྱང་རིགས་བསྒྲེ་བར་བྱ། གང་ལྟར་རྗོད་པ་པོས་ར་ལོའི་གཏམ་རྒྱུད་ཇི་བཞིན་སྤྲོས་བརྗོད་བྱེད་འདོད་ན། སློབ་ཆུང་སྐབས་ཀྱི་གཏམ་རྒྱུད་དང་གཞུང་ལས་ཁང་དུ་ངོ་འཕྲད་པའི་གཏམ་རྒྱུད། གཞུང་ལས་ཁང་དུ་ར་ལོས་ཁོ་ལ་ལ་བཤད་པའི་གཏམ་རྒྱུད་དེ་དག་ལས་བརྗོད་མི་ཐུབ་ལ། ལྷག་པར་ཁོའི་ཚད་ཡོད་ཀྱི་མཐོང་སྣེ་དབང་གིས་ཁོའི་སྤྲོས་བརྗོད་ལ་ཚད་བཀག་ཆེན་པོ་ཡོད་པས། ཁོའི་སྤྲོས་བརྗོད་བྱས་པའི་དོན་དག་དེ་དག་ནི་གཏམ་རྒྱུད་ཀྱི་དོན་དངོས་དང་ཡོངས་སུ་འགལ་ངེས་ཡིན།
       གཉིས། གང་ཟག་དང་པོའི་མཐོང་སྣེ་དང་འགལ་བའི་ཡིད་རྟོན་མེད་པའི་ཀུན་མཁྱེན་མཐོང་སྣེའི་སྤྲོས་བརྗོད།
       “བརྩམས་ཆོས་ལ་སུའི་མཐོང་སྣེ་སྤྱད་པ་དང་། གཏམ་སྦྱོར་ཇི་འདྲ་ཞིག་སྤྱད་ནས‘གཏམ་རྒྱུད་ཀྱི་ཡུལ’ཞིབ་འབྲི་བྱེད་པ་དེས། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་གཞི་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ཀློག་པ་པོསབརྩམས་ཆོས་གོ་བ་ཇི་འདྲ་ལེན་པ་ལ་ཡང་ཤུགས་རྐྱེན་ཐེབས”[17]པས། མཐོང་སྣེ་ཞིབ་འཇུག་ལ་བརྟེན་ན། གཏམ་རྒྱུད་དེ་སུའི་དབང་ཤེས་ཀྱིས་ཚོར་བ་དང་སུའི་ངག་སྒོ་བརྒྱུད་ནས་བཤད་པ་ཤེས་ཐུབ། སྔ་མའི་དཔྱད་བརྗོད་པ་རེ་འགས«ར་ལོ»ནི་གང་ཟག་དང་པོའི་མཐོང་སྣེ་སྤྱད་པར་འདོད་དེ། “བརྩམས་སྒྲུང«ར་ལོ»ལ་མཚོན་ན། རྩོམ་གྱི་དོན་རྗོད་བྱེད་མཁན་ནི“ང”ཞེས་བྱ་བའི་ར་ལོའི་སློབ་གྲོགས་སམ་རྩོམ་གྱི་མི་སྣ་ཕལ་པ་དེ་ཡིན། དེ་བས་རྩོམ་གྱིས་མི་སྣའི་གཤིས་ཀ་དང་དོན་གྱི་འཕེལ་རིམ་སྔ་ཕྱི། ཡང་ན་ཡུལ་གྱི་བཀོད་པའི་ཞིབ་འབྲི་སོགས་ཀྱི་ལས་གང་ཡང་། “ངས”མཐོང་ཐོས་མྱོང་གསུམ་གྱི་གོ་རིམ་དང་བསྟུན་ནས་བརྗོད་ཡོད་ལ། ང་ནི་ཕྱོགས་གཅིག་ནས་རྩོམ་གྱི་དོན་བརྗོད་བྱེད་པོ་དང་གཉིས་ནས་དོན་རྐྱེན་གྱི་ལས་ལ་ཞུགས་པའི་མི་སྣ་ཕལ་པའང་ཡིན། རྒྱུ་མཚན་དེའི་དབང་གིས་ང་ཚོས་སྒྲུང་གཏམ་འདི་ཀློག་དུས་རྩོམ་ལ་དངོས་ཞུགས་བདེན་སྣང་དང་འཚོ་བར་ཉེ་བར་བཅར་བའི་དགེ་མཚན་བླ་མེད་ལྡན”[18]པར་བཤད་མོད། ཞིབ་ཏུ་དཔྱད་ན་སྒྲུང་གཏམ་འདིའི་རྩོམ་མགོ་འཛིན་སྐབས་ཀྱི་ཚིག་ཕྲེང་དང་། ཚན་པ་གསུམ་པ་ཕུད་པའི་གཞན་དག་ཕལ་ཆེ་བ་གང་ཟག་དང་པོའི་མཐོང་སྣེའི་སྤྲོས་བརྗོད་བྱས་པ་མིན་པར། ཀུན་མཁྱེན་མཐོང་སྣེ་ལ་བརྟེན་ནས་སྤྲོས་བརྗོད་བྱས་ཡོད་དེ། དཔེར་ན་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས་གང་ཟག་དང་པོའི་མཐོང་སྣེ་སྤྱད་ཡོད་རུང་། “ར་ལོ་མི་ཡུལ་འདིར་སྐྱེས་པ་བཟུང་ཨ་མ་མ་གཏོགས་གཉེན་ཉེ་ཟེར་བ་ཞིག་ཐོས་མ་མྱོང”[19]ཞེས་ཀུན་མཁྱེན་གྱི་མཐོང་སྣེ་ལྟར་བརྗོད་པ་ལ་འགལ་བ་ཡོད་དེ། ཅི་ཡིན་ཞེ་ན། གཏམ་རྒྱུད་འདི་ཉིད་ཀྱི་རྗོད་པ་པོ་དོན་གྲུབ་ནི་ར་ལོ་ལས་ལོ་ལྔས་ཆུང་བས། ར་ལོ་མི་ཡུལ་དུ་སྐྱེས་སྐབས་ཁོ་སྐྱེས་ཡོད་པ་ལྟ་ཞོག ཐ་ན་མའི་མངལ་དུ་ཡང་འཁོར་མེད། གཞན“གཉེན་ཉེ་ཟེར་བ་ཞིག་ཐོས་མ་མྱོང”ཞེས་རྗོད་པ་པོ་དོན་གྲུབ་ར་ལོའི་ཁོག་ལ་འཛུལ་ནས་ཁོའི་ཅི་བསམ་ཅི་དྲན་ཤེས་ཐུབ་པ་ཞིག་ཡིན་དགོས། གལ་ཏེ་དེ་འདྲ་ཞིག་ཡིན་ན་དོན་གྲུབ་ནི་སོ་སྐྱེས་ཕལ་བ་ལས་འདས་པའི་ཐམས་ཅད་མཁྱེན་པ་བཞིན་དུ། “ལྟ་ཞིབ་བྱེད་པ་ལ་གནས་ཡུལ་ངེས་གཏན་མེད་ཅིང་། ‘ཐམས་ཅད་མཁྱེན་པ’ལྟར་རྗོད་པ་པོས་ཟུར་དང་ཡུལ་དུས་ལ་མ་ཐོགས་པར་དོན་བརྗོད་བྱེད་ཐུབ། མཐོ་ས་ནས་དམའ་སར་ལྟ་ཐུབ་པ་མ་ཟད། ཡུལ་གཞན་དུ་དུས་མཉམ་དུ་བྱུང་བའི་དོན་དག་དང་། མི་སྣའི་འདས་མ་ད་གསུམ་ལག་མཐིལ་གྱི་རི་མོ་བཞིན་གསལ་ཞིང་། གང་འདོད་དུ་མིའི་ནང་སེམས་ལ་བལྟས་ཆོག”[20]པ་ཞིག་ཡིན་དགོས་མོད། སྒྲུང་གཏམ་འདིའི་ཁྱད་ཆོས་དང་གཏན་ཚིགས་ལ་གཞི་བཅོལ་ནས་དཔྱད་ན། རྩོམ་པ་པོས་མི་སྣ་དོན་གྲུབ་ལ་དམིགས་བསལ་གྱི་སྤྲོས་བརྗོད་དབང་ཆ་དང་ཐོབ་ཐང་ཅི་ཡང་སྤྲད་མི་འདུག་སྟེ། རྒྱུ་མཚན་ནི་སྒྲུང་གཏམ་གྱི་ཚན་པ་བཞི་པ་ནས་བདུན་པའི་ར་ལོའི་གཏམ་རྒྱུད་ནི། ར་ལོས་ཁོ་ལ་བཤད་པའི་རྨང་གཞིའི་སྟེང་སྤྲོས་བརྗོད་བྱས་པར་མ་ཟད། ད་དུང་དགུན་དཀྱིལ་གྱི་ཞོགས་པ་དེར་ར་ལོ་གཞུང་ལས་ཁང་ལ་ཡོང་རྒྱུ་ཡིན་པའི་བྱ་བ་དེ་ཞོགས་པ་སྔ་མོ་ནས་མངོན་པར་མཁྱེན་ཏེ། ར་ལོ་ཡོང་བར་སྒུག་ནས་འདུག་དགོས་པ་ཡིན་མོད། དོན་དུ་ར་ལོ་ལ་དངོས་སུ་ངོ་ཐུག་ཀྱང་ངོ་ཟིན་གྱི་མི་འདུག་པས། ཁོའི་སྤྲོས་བརྗོད་ཀྱི་མཐོང་སྣེ་འདི་ལ་གནད་དོན་ཡོད་པ་མངོན་གསལ་རེད། ཅི་ཡིན་ཞེ་ན“གང་ཟག་དང་པོའི་མཐོང་སྣེའི་གདམ་གསེས་ལ་ཚད་བཀག་ཤིན་ཏུ་ཆེ་བས། གལ་ཏེ“ང”ཡིས་དགོས་ངེས་ཀྱི་ཆ་འཕྲིན་དག་རེག་ཐུག་མི་ཐུབ་ཚེ། རྗོད་པ་པོ་ལ་དོགས་པ་སྐྱེ་རུ་འཇུག་པ་ཡིན”[21]མོད། འོན་ཀྱང་། «ར་ལོ»ལས་རྗོད་པ་པོ་དོན་གྲུབ་ཀྱིས་ཁོ་རང་ཉིད་ཀྱི་དབང་ཤེས་དང་མཐོང་སྣེའི་སྤྱོད་ཡུལ་དུ་མ་གྱུར་པའི་ར་ལོའི་གཏམ་རྒྱུད་མང་པོ་ཞིག་སྤྲོས་བརྗོད་བྱས་ཤིང་། ཐ་ན་སློབ་ཆུང་གི་སློང་གྲྭ་གཅིག་ཏུ་ཡོད་སྐབས་ཀྱི་གནས་ཚུལ་རྣམས་ཀྱང་། དོན་གྲུབ་རང་ཉིད་ཀྱི་མཐོང་སྣེ་མ་སྤྱད་པར་ཀུན་མཁྱེན་གྱི་སྒོ་ནས་བརྗོད་ཡོད་དེ། དཔེར་ན། ར་ལོའི་སེམས་ཀྱི་འཆར་སྒོ་ཧ་ཅང་ཐག་ཆོད་པའི་སྒོ་ནས་“ར་ལོས་སེམས་ཁུར་བྱེད་ས་གཙོ་བོ་ནི་ཁོ་རང་དབྱར་གནང་སྐབས་སུ་ཡུལ་ལ་འགྲོ་ས་མེད་པ་དང་། དགེ་སློབ་ཚོ་ཡུལ་ལ་སོང་རྗེས་ཁོའི་དུ་བའི་འབྱུང་ཁུངས་ཆད་པ་དེ་རེད”[22]ཅེས་པ་ལྟར་བྲིས་པ་ནི། དོན་གྲུབ་བྱིས་དུས་ཀྱི་མཐོང་སྣེ་དང་འགལ་ཞིང་། ལོ་མང་པོའི་རྗེས་ཀྱི་ཕྱིར་དྲན་གྱི་མཐོང་སྣེ་དང་ཡང་མི་མཐུན་ཏེ། རྒྱུ་མཚན་དོན་གྲུབ་ཀྱིས་སྐབས་དེ་དུས་ཙམ་མ་ཟད། ལོ་མང་པོའི་རྗེས་ཀྱང་ར་ལོའི་སེམས་ཀྱི་འཆར་སྒོ་སྣ་ཚོགས་འོལ་ཚོད་བགྱི་བ་ཙམ་ལས། ཐོགས་རེག་བཀག་བཙན་མེད་པར་མངོན་པར་མཁྱེན་མི་ནུས། གཞན་སློབ་ཆུང་སྐབས་ཀྱི་གནས་ཚུལ་རྣམས་འབྲི་བའི་སྐབས་སུ། དོན་གྲུབ་ཀྱིས་ར་ལོའི་བྱ་བྱེད་མཐོང་བ་དང་ཐོས་པའི་སྐབས་སུ། དོན་གྲུབ་ཀྱིས་ཡུལ་ག་ཤེད་དང་ཉེ་རྒྱང་གང་རུང་ནས་རོ་ལ་མཐོང་བ་རེད་ཅེས་པའི་ངེས་གཏན་གྱི་ཡུལ་གྱི་མཐོང་སྣེ(空间视角)ཞིག་དང་། ར་ལོས་ལས་ཅི་ཞིག་བགྱིད་སྐབས། དོན་གྲུབ་ཀྱིས་གང་ནས་མཐོང་སོང་དང་ཐོས་སོང་ལྟ་བུའི་དམིགས་བཙུགས་ཆོག་པའི་ཡུལ་ཞིག་མི་འདུག་པར། དོན་གྲུབ་ནི་འཇིག་རྟེན་བྱེད་པོ་བཞིན་དུ་ར་ལོའི་ཕྱི་ནང་གསང་གསུམ་ཐམས་ཅད་དུ་རྒྱུ་ཐུབ་ལ་ཤེས་ཀྱང་ཐུབ། གལ་ཏེ་སྒྲུང་གཏམ་འདི་དོན་གྲུབ་ཀྱི་ཚད་ཡོད་མཐོང་སྣེ་ལྟར་བྲིས་ན། ཚན་པ་གསུམ་པ་ལྟར་འབྲི་དགོས་ཏེ། ཚན་པ་འདི་ནི་རྗོད་པ་པོ་དོན་གྲུབ་ཀྱི་ཚད་ཡོད་པའི་མཐོང་སྣེ་ཁོ་ན་མ་གཏོགས། དེ་ལས་འདས་པའི་དོན་དག་གཅིག་ཀྱང་བརྗོད་མི་འདུག་པས། སྒྲུང་གཏམ་འདིར་ཆེས་ཡིད་རྟོན་རུང་བའི་ཚན་པ་ཡིན། ཚན་པ་བཞི་བ་ནས་བདུན་པའི་བར་ནི་ར་ལོས་དོན་གྲུབ་ལ་བཤད་པ་ཡིན་པས། དེ་ལ་ཡིད་རྟོན་ཡོད་ཟེར་ན། ར་ལོས་རང་ཉིད་ཀྱི་གཏམ་རྒྱུད་དོན་གྲུབ་ལ་བཤད་སྐབས། མ་གཞི་ནས་ཚད་ཡོད་པའི་གང་ཟག་དང་པོའི་མཐོང་སྣེ་ཡིན། ར་ལོས་བཤད་པ་ཇི་བཞིན་བཤད་འདོད་ན། ར་ལོའི་སྐད་ཆ་རྣམས་ཐད་འདྲེན(直接引语)བྱེད་པ་དང་། རང་དབང་ཐད་འདྲེན(自由直接引语)བྱས་ན། ར་ལོས་བཤད་པ་རྣམས་ཇི་བཞིན་མཚོན་ཐུབ་མོད། སྔར་བཞིན་ཚན་པ་གཞན་དག་དང་འདྲ་བར་ཀུན་མཁྱེན་མཐོང་སྣེ་སྤྱད་ཅིང་། ར་ལོས་དོན་གྲུབ་ལ་རང་གི་དོན་དག་བཤད་སྐབས་ཀྱི་སྤྲོས་བརྗོད་མཐོང་སྣེ་ཤུལ་མེད་དུ་བཟོས་ཡོད་པས། མཐོང་སྣེ་འདི་ནི་སྔར་བཞིན་ཡིད་རྟོན་མེད་པའི་ཀུན་མཁྱེན་མཐོང་སྣེ་ཡིན།
       གསུམ། ཡིད་རྟོན་མེད་པའི་སྤྲོས་བརྗོད་ཀྱི་དབང་གིས་རྗོད་པ་པོ་དོན་གྲུབ་མི་སྣ་གཙོ་བོར་གྱུར་པ།
       སྒྲུང་གཏམ«ར་ལོ»ལ་ཆ་མཚོན་ན། འདིའི་རྗོད་པ་པོའི་སྤྲོས་བརྗོད་དག་སྤྲོས་བརྗོད་ཀྱི་གཏན་ཚིགས་དང་འགལ་བ་དང་། སྒྲུང་གཏམ་རང་སྟེང་གི་ཆོས་ཉིད་དང་འགལ་བ། མཐོང་སྣེའི་གཅིག་གྱུར་མ་ཡིན་པའི་གནད་དོན་མང་པོ་ཞིག་ཡོད་ཀྱང་། དཔྱད་བརྗོད་པས “ར་ལོ་ནི་འཚོ་བའི་ནང་གི་འཁོས་ཆུང་ཙག་ཙིག་གི་འཚོ་བ་དང་མིའི་རིགས་ཀྱི་རླབས་ཆེ་བའི་བརྩེ་དུངས་སམ་གཟི་བརྗིད་ཀྱི་ཆ། ཡང་དགོད་བྲོ་བའི་ཆའམ་ངུ་སྐྱེན་པའི་ཆ་བཅས་སྐྱོ་གར་དང་བྲོ་གར་འདྲེས་ཏེ་གྲུབ་པའི་བརྩམས་ཆོས་ཤིག་རེད”[23]ཅེས་པ་ལྟར་བརྗོད་དེ། སྤྲོས་བརྗོད་ཀྱི་དོན་དངོས་དེ་གཏམ་རྒྱུད་ཀྱི་དོན་དངོས་དང་མཐུན་དགོས་པའམ། ཡང་ན་རྗོད་པ་པོ་དོན་གྲུབ་ཀྱིས་ར་ལོའི་གཏམ་རྒྱུད་ཇི་མ་ཇི་བཞིན་འདྲེན་རུང་མིན་ལ་ཡིད་འཇོག་མ་བྱས་པར་བརྩམས་ཆོས་ཀྱི་དགེ་མཚན་སྟོན་བཞིན་ཡོད་མོད། འོན་ཏེ“སྒྲུང་གཏམ་གང་ཡིན་ཡང་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་ལ། དེ་ཡི་རང་སྟེང་གི་ཆོས་ཉིད་ནི་ནམ་རྒྱུན་གྱི་འཚོ་བའི་ཆོས་ཉིད་དང་མི་འདྲ་ཡང་། སྒྲུང་གཏམ་ཁྲོད་ཀྱི་མི་སྣས་ཆོས་ཉིད་དེ་འདྲ་ཞིག་གཞིར་བཟུང་ནས་འཚོ་བ་རོལ་ན་བདེན་པ་ཞིག་ཏུ་གྲུབ”[24]སྲིད་པས། དཔྱད་བརྗོད་པ་རྣམས་དཔྱད་བརྗོད་ཀྱི་ལས་ལ་འཇུག་སྐབས། དོན་གྲུབ་ཀྱིས་ར་ལོའི་གཏམ་རྒྱུད་འཆད་ལུགས་ལ་ཡིད་རྟོན་འཕེར་བའི་གཏན་ཚིགས་བཙན་པོ་ཞིག་དང་། རྒྱུ་འབྲས་ཀྱི་འབྲེལ་བ་དམ་པོ་ཞིག་ཡོད་དགོས་འདུག་ལ། གལ་སྲིད་རྗོད་པ་པོ་དོན་གྲུབ་ཀྱིས་ཆོས་ཉིད་དེ་བརྩི་སྲུང་མ་བྱས་ན། ར་ལོའི་གཏམ་རྒྱུད་བྱུང་རྒྱལ་གྱིས་སྤྲོས་བརྗོད་བྱས་པའི་ཚུལ་འབྱུང་བ་དང་། ར་ལོ་མི་སྣ་གཙོ་བོ་ལྟར་བཀླགས་ཏེ། སྒྲུང་གཏམ་འདིའི“བྱུང་རིམ་སྔ་ཕྱིའི་བར་གྱི་འབྲེལ་བ་དེ་བྱུང་རིམ་རང་ངོས་ཀྱི་རྒྱུ་འབྲས་གཏན་ཚིགས་ཀྱིས་སྦྲེལ་བ་མ་ཡིན་པར་ར་ལོའི་གཤིས་ཀའི་གཏན་ཚིགས་ཀྱིས་དེ་དག་འབྲེལ་ཡོད་དུ་བྱས་པ་ཡིན”[25]པར་རམ་འདེགས་བྱེད་མི་ནུས་ཤིང་། རྒྱབ་རྟེན་ཡང་འབྱུང་མི་ཐུབ། དེས་ན་རྗོད་པ་པོས་ར་ལོའི་གཏམ་རྒྱུད་སྤྲོས་བརྗོད་བྱེད་མི་ཐུབ་བཞིན་དུ་དེ་ལ་ཨུ་ཚུགས་བྱེད་དོན་ཅི་ཡིན་ཞེ་ན། འདི་ནི་ལྟ་ཀློག་དང་ཞིབ་འཇུག་གི་འབབ་ས་དེ་བརྩམས་ཆོས་སུ་ཅི་ཞིག་བཤད་ཡོད་པར་དཔྱད་པ་ལས། ཇི་ལྟར་བཤད་ཡོད་པ་ལ་དོ་སྣང་མ་བྱས་པས་ཡིན། ང་ཚོས་བསྐྱར་དུ་རྗོད་པ་པོས་ཇི་ལྟར་སྤྲོས་བརྗོད་བྱས་པར་དཔྱད་དུས། ཁོའི་སྤྲོས་བརྗོད་ཀྱི་དོན་རྐྱེན་དེ་དག གཏམ་རྒྱུད་ཀྱི་དོན་དངོས་དང་ཡོངས་སུ་འགལ་བའི་སྐྱོན་མཆིས་པ་དང་། སྐྱོན་དེ་དག་གིས་སླར་ཡང་རྗོད་པ་པོ་ཁོ་རང་ཉིད་ཀྱི་སྣང་བརྙན་འབུར་དུ་བཏོད་ཡོད། རྒྱུ་མཚན་སྒྲུང་གཏམ་རང་སྟེང་གི་ཆོས་ཉིད་ལྟར་དཔྱད་ན་རྗོད་པ་པོ་དོན་གྲུབ་ཀྱིས་ར་ལོའི་འདས་མ་ད་གསུམ་གྱི་གནས་ཚུལ། ཕྱི་ནང་གསང་གསུམ་མེད་པའི་སྒོ་ནས་ཤེས་མི་ཐུབ་མོད། མི་ཐུབ་བཞིན་དུ་སྤྲོས་བརྗོད་བྱས་འདུག་པ་འདི་ནི་རྗོད་པ་པོའི་ཀུན་སློང་། བསམ་སྦྱོར་དང་འབྲེལ་བ་ཡོད་དེ། “ཆ་འཕྲིན་མི་འདང་མཁན་ཞིག་དང་། རིག་སྟོབས་ཞན་པ། སྤྱོད་པ་ངན་པ་ཞིག་གིས། གཞུང་དྲང་གི་ཚུལ་ཅི་ལྟར་བསྟན་ན་ཡང་། ནོར་འཁྲུལ་དང་ཡང་མ་དག་པའི་སྐད་ཆ་བཤད་པ་དང་། ནོར་འཆུགས་དང་ཡང་མ་དག་པའི་བརྡར་ཤ་བཅད་དེ། ཡང་མ་དག་པའི་འགྲེལ་བ་བྱེད། ཡང་ཅིག་བཤད་ན། ཟོལ་མེད་གཞུང་དྲང་ཇི་ལྟར་ཡིན་ན་ཡང་། ཁོས་སྤྲོས་བརྗོད་བྱས་པ་ནི་ཡང་དག་མ་ཡིན”[26]པ་དང་། སྒོས་སུ་ཚན་པ་བཞི་བ་དང་བདུན་པའི་བར་ནི་ར་ལོས་དོན་གྲུབ་ཀྱི་རེ་བ་ལྟར་བཤད་དེ། དོན་གྲུབ་ཀྱིས་སྒྲུང་གཏམ་ཡོང་ཆེད་འཕྲི་སྣོན་ཅུང་ཙམ་བྱས་པ་ཙམ་དུ་བཤད་པ་ན། རྗོད་པ་པོས་ར་ལོའི་བཤད་པ་ཇི་བཞིན་བདེན་ཐུབ་ཀྱིས་བརྗོད་འདོད་ན། ར་ལོས་ཁོ་ལ་བཤད་སྐབས་ཀྱི་གང་ཟག་དང་པོའི་མཐོང་སྣེ་ལྟར་སོར་འཇོག་བྱས་ན་འོས་ཀྱང་། ར་ལོའི་མཐོང་སྣེ་ནས་ཀུན་མཁྱེན་མཐོང་སྣེར་བསྒྱུར་ཏེ། ར་ལོས་ཁོ་ལ་བཤད་སྲིད་པའི་ངག་སྒྲོས་དང་ལྡོག་པའི་སྣང་ཚུལ་མང་དུ་འབྱུང་གིན་ཡོད། དཔེར་ན། “མི་རྣམས་ཀྱིས་ར་ལོའི་ཚུགས་ཀར་དགོད་རྒྱུ་གཏིང་ནས་སྐྱེས་ཏེ་ཁོ་རང་གློད་ནའང”ལྟ་བུ་དང་། “ཆོས་དབྱིངས་གྲགས་པས་ལྷམ་ཀྱང་མ་ཕུད་པར་སྣབས་མ་ནེའི་མགོ་ལ་ལུག་ནས་ཚུར་བརྒྱུགས་འོང”ལྟ་བུ་དང་། “གལ་ཏེ་སྒྱུ་རྩལ་གྱི་བག་ཆགས་ལྡན་སད་པའི་མི་ཞིག་དེའི་འགྲམ་དུ་སླེབས་ཚེ«མཐིང་མདོག་ལྡན་པའི་ཏོ་ནོ་གཙང་པོ»རང་ཤུགས་ཀྱི་སེམས་ལ་དྲན་ཞིང་རྣ་བར་གྲགས་པའི་སྣང་བ་ཞིག་སྟེར་སྲིད”[27]ལྟ་བུ་སོགས་ནི་ར་ལོས་གཏན་ནས་བརྗོད་སྲིད་པའི་གྲས་སུ་གཏོགས་མོད། འདི་དག་ནི་རྗོད་པ་པོས་རང་སྣང་གི་བཟོ་བཅོས་དང་འཁྱོག་སྒྱུར་ལ་བརྟེན་ནས་བསྐྱེད་པ་ཡིན། ར་ལོའི་གཏམ་རྒྱུད་ཀྱི་དོན་དངོས་གསོང་བོར་མི་བརྗོད་པའི་སྦྱོར་བ་འདིས། ར་ལོའི་སློབ་གྲོགས་དོན་གྲུབ་ཀྱི་སྤྲོས་བརྗོད་ལ་ཡིད་རྟོན་མི་རུང་བའི་གནད་ཅིག་སྟོན་བཞིན་ཡོད། རྒྱུ་མཚན“རྗོད་པ་པོའི‘ཡིད་རྟོན་རང་བཞིན’གྱི་གནད་དོན་དེ་རྗོད་པ་པོའི་མཚམས་སྦྱོར་གྱི་ནུས་པར་འབྲེལ་བ་ཡོད་དེ། གཏམ་རྒྱུད་ཀྱི་དོན་དག་ནི་སྤྲོས་བརྗོད་བྱ་རྒྱུ་ཡིན་ལ། གལ་ཏེ་རྗོད་པ་པོའི་རང་སྣང་གི་གཤིས་ཀྱིས་ཕྱི་དོན་ངོ་མ་དེ་བསྐྱར་དུ་མངོན་པར་ཤུགས་རྐྱེན་ཐེབས་ན། མཚམས་སྦྱོར་མཁན་གྱི་སྤྲོས་བརྗོད་དེ་ལ་ཡིད་རྟོན་མེད། རེད་དེ། རང་སྣང་གི་སྤྲོས་བརྗོད་འདིས་ཡང་དག་པའི་སྒོ་ནས་རྗོད་པ་པོའི་རང་ཉིད་ཀྱི་བསམ་གཞིགས་དང་རང་ཉིད་ཀྱི་གཤིས་ཀའི་ཁྱད་ཆོས་མཚོན་ཐུབ་མོད། འོན་ཀྱང་ཏག་ཏག་དེའི་དབང་གིས་སྤྲོས་བརྗོད་ཀྱི་བར་པ་འདི་ལ་ཅིའི་ཕྱིར་ཡིད་རྟོན་མེད་པ་གསལ་བཤད་བྱས”[28]པས། རྗོད་པ་པོས་གཏམ་རྒྱུད་བཤད་པར་ཡིད་རྟོན་མེད་པ་དང་། མི་བདེན་རྫུན་སྒྲིག་གི་སྤྲོས་བརྗོད་ཀྱི་སྦྱོར་བ་དེ་ལས། དོན་དུ་རྗོད་པ་པོ་རང་ཉིད་ཀྱི་གཤིས་ཀ་དེ་ལ་ཟུར་ཟ་དང་མཚང་འབྱིན་བྱས་ཡོད། རྗོད་པ་པོ་དེ་ཡང་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཞན་དག་དང་འདྲ་བར་མི་གཤིས་ཀྱི་སྐྱོན་ཡོན་དང་ལེགས་ཉེས་ཀྱི་ཆ་ཡོད་པ་ཞིག་ཡིན་ལ།“རྗོད་པ་པོའི་སྤྲོས་བརྗོད་ཀྱི་སྦྱོར་བ་ལ་བརྟེན་ནས་དེའི་སྐྱོན་ཆ་དང་ལེགས་ཆ་རྗེན་པར་བཏོན་ནས་སྤྱི་ཚོགས་ཀྱི་དང་མི་ཚེའི་རྙོག་འཛིང་རང་བཞིན་མཚོན་པར་བྱེད་པ་ནི་རྩོམ་པ་པོའི་བསམ་བཞིན་གྱི་གདམ་གསེས་ཡིན”[29]ཞེས་རྩོམ་པ་པོས་སྒྲུང་གཏམ་འདིའི་ནང་དུ་རྗོད་པ་པོར་ར་ལོའི་གཏམ་རྒྱུད་རྫུན་མ་བཤད་དུ་བཅུག་ཅིང་། ར་ལོའི་གཏམ་རྒྱུད་མི་བདེན་རྫུན་སྒྲིག་གིས་བཤད་པའི་སྦྱོར་བ་དེ་ནི་གཏམ་རྒྱུད་ངོ་མ་ཡིན་སྟབས། དེ་ལ“པུའུ་སུས་བཤད་དོན། ཀློག་པ་པོས་རྗོད་པ་པོའི་དོན་དག་སྤྲོས་བརྗོད་དང་། རིན་ཐང་བརྡར་གཅོད་ལ་ཡིད་རྟོན་མེད་པ་ཤེས་སྐབས། རྟག་པར་ཟུར་ཟའི་ནུས་པ་འདོན་ལ། རྩོམ་པ་པོ་ནི་ནུས་པ་དེ་བསྐྱེད་མཁན་དང་། ཀློག་པ་པོ་ནི་དང་ལེན་བྱེད་མཁན། རྗོད་པ་པོ་ནི་ཟུར་ཟ་བྱེད་ས་ཡིན་པར་བཤད”[30]པས། རྗོད་པ་པོའི་སྤྲོས་བརྗོད་དུ་ར་ལོར་ཟུར་ཟ་མཚང་འབྱིན་བྱས་ཡོད་ཀྱང་། ཁོ་རང་ཉིད་ཀྱི་ཡིད་རྟོན་མེད་པའི་སྤྲོས་བརྗོད་ཀྱི་སྦྱོར་བས། སླར་ཡང་རྗོད་པ་པོ་རང་ཉིད་ཀྱི་སྐྱོན་མཚང་རྗེན་པར་བཏོན་ཡོད་པས། ར་ལོ་མི་སྣ་གཙོ་བོ་ནས་མི་སྣ་ཕལ་བར་གྱུར་པ་དང་། རྗོད་པ་པོ་མི་སྣ་ཕལ་བ་ནས་མི་སྣ་གཙོ་བོ་གྱུར། གལ་སྲིད་ར་ལོ་སྔར་བཞིན་མི་སྣ་གཙོ་བོ་ཡིན་པར་ཨུ་ཚུགས་བྱེད་ན། དེ་ནི་བརྩམས་ཆོས་སུ་མ་གྲུབ་པའི་དོན་སྙིང་ཞིག་ཕར་བཏགས་པ་མ་གཏོགས། བརྩམས་ཆོས་རང་སྟེང་གི་སྒྲིག་གཞི་དང་ཆོས་ཉིད་དུ་གྲུབ་མེད་པས། ར་ལོ་ནི«ར་ལོ»ཡི་མི་སྣ་གཙོ་བོར་གྱུར་མི་ཐུབ་པར། ར་ལོའི་གཏམ་རྒྱུད་སྤྲོས་བརྗོད་བྱེད་མཁན་གྱི་རྗོད་པ་པོ་དོན་གྲུབ་སྒྲུང་གཏམ་འདིའི་མི་སྣ་གཙོ་བོར་གྱུར་ཡོད་དོ། །
གསུམ་པ། སྤྲོས་བརྗོད་ཀྱི་སྦྱོར་བ་ལས་མངོན་པའི་རྗོད་པ་པོའམ་མི་སྣ་དོན་གྲུབ་ཀྱི་སྣང་བརྙན།
       སྒྲུང་གཏམ«ར་ལོ»ཡི་མགོ་མཇུག་བར་གསུམ་དུ་ར་ལོའི་གཏམ་རྒྱུད་སྤྲོས་བརྗོད་བྱས་ཡོད་པས། ཀློག་པ་་པོ་རྣམས་ཀྱི་ཡིད་ངོར་རྗོད་པ་པོའི་སྣང་བརྙན་ཞིག་གང་ན་འདུག་ཅེས་པའི་དྲི་བ་ཞིག་ཐོན་སྲིད་ནའང་། རྗོད་པ་པོ་དོན་གྲུབ་ཀྱིས་ར་ལོའི་གཏམ་རྒྱུད་སྤྲོས་བརྗོད་བྱེད་པའི་གོ་རིམ་ལས་མངོན་པའི་སྤྲོས་བརྗོད་ཀྱི་སྦྱོར་བ་དང་། སྤྲོས་བརྗོད་ཀྱི་ཐབས་ཇུས་སྣ་ཚོགས་ལས། རྗོད་པ་པོའི་སྤྲོས་བརྗོད་ཀྱི་རྣམ་འགྱུར་དང་ཀུན་སློང་ཤེས་པར་འགྱུར་ཐུབ། འོན་ཀྱང་རྗོད་པ་པོའི་སྣང་བརྙན་འདི་དག་ནི། ཁོས་གསར་སློང་བྱས་པའི་ར་ལོའི་སྣང་བརྙན་བཞིན་མངོན་མེད་པར། བག་ལ་ཞ་བའི་ངང་གནས་སྟབས། རྩོམ་ཆོས་ཞིབ་ཀློག་གིས་རེ་རེ་བཞིན་དཔྱད་ན་དོན་གྲུབ་སྣང་བརྙན་དེ་ལ་ངེས་ཤེས་གསལ་པོ་ཞིག་འདྲོངས་ཐུབ།
       གཅིག སྤྲོས་བརྗོད་རྫུན་མ་དང་བློ་གཏོད་མི་རུང་བའི་ར་ལོའི་སློབ་གྲོགས།
       ར་ལོ་དང་དོན་གྲུབ་གཉིས་སློབ་ཆུང་སྐབས་སུ་སློབ་གྲོགས་ཡིན་པ་དང་། དེའི་རྗེས་སུ་ཕུན་ཚུན་ལ་འགྲོ་འོང་མེད་པར་ཡུན་རིང་མ་མཇལ་བས། དོན་གྲུབ་ཀྱིས་ར་ལོ་གཏིང་བརྗེད་དུ་གྱུར་ཡོད། ཚུལ་དེ་ནི་སྒྲུང་གཏམ་ལས་དོན་གྲུབ་དང་ར་ལོ་འཕྲད་པའི་རྣམ་པ་དེ་འབྲི་སྐབས།“འབྲོག་པ་ཞིག་གིས་སྒོའང་མི་བརྡུངས་པར་ནང་ལ་འཛུལ་ཡོང་སྟེ། ……ལས་བྱེད་པ་བྱས་རྗེས་སློབ་གྲོགས་ཡང་བརྗེད་སོང་ངམ”[31]ཞེས་པ་ལས་རྟོགས་ཐུབ་སྟེ། དོན་གྲུབ་ར་ལོ་དང་དངོས་སུ་ངོ་འཕྲད་ཀྱང་སུ་ཡིན་མ་ཤེས། སྐབས་དེར་ར་ལོ་དོན་དག་ཡོད་དེ་དོན་གྲུབ་བཙལ་བ་ཡིན་མོད། དོན་གྲུབ་ཀྱི་ར་ལོའི་དོན་དག་ལ་དོ་སྣང་མི་བྱེད་པར“སློབ་གྲོགས་ར་ལོ། འུ་གཉིས་ལོ་མང་པོར་ངོ་མ་ཐུག་པས་ཐོག་མར་ཁ་བརྡ་ཞིག་བྱོས་དང”[32]ཞེས་པའི་སྐུལ་མ་བཏང་བ་ན། ར་ལོས་རང་གི་གནས་ཚུལ་རྣམས་བཤད་པ་ཡིན་ལ། དོན་གྲུབ་ཀྱིས་སྒྲུང་གཏམ་འབྲི་སྐབས། ར་ལོས་བཤད་པའི་དོན་དག་དག་ལ་འཕྲི་སྣོན་རྒྱ་ཆེན་པོ་བྱེད་དུས། བརྗོད་བྱ་ནི་རྗོད་པ་པོ་ལ་རྣ་ཐོས་ཙམ་ཡོད་ན་ཆོག་ཀྱང་། མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་ཞིག་གཏན་ནས་མིན། ར་ལོ་སློབ་ཆུང་མ་ཞུགས་སྔོན་གྱི་སྤྲོས་བརྗོད་ཚང་མ་རྫུན་བཟོ་དང་བློ་བཟོ་ཁོ་ནར་བརྟེན་ནས་བྱུང་བ་རྟོགས་ཐུབ། དཔེ་དེ་བཞིན་དམངས་དོན་ཁང་ལ་ངོ་སྤྲད་རྗེས་ར་ལོ་དམིགས་ཡུལ་མེད་པར་སྲང་ལམ་དུ་འཁྱམས་པ་དང་། ཕོ་བ་ལྟོགས་དྲག་པས་གཡག་རྒན་བཙོང་བ། ཟ་ཁང་གི་སྒོ་ཁར་བུ་མོ་ཞིག་འཕྲད་པ། བུ་མོ་དེ་སྤྱི་བདེ་མི་སྣས་བཟུང་བའི་དོན་དག་ཐམས་ཅད་ཀྱང་རྫུན་བཟོ་ཤ་སྟག་ཡིན། ར་ལོས་ཁོའི་རེ་བ་ལྟར་རང་ཉིད་ཀྱི་དོན་དག་ཁོ་ལ་བཤད་ནའང་། དོན་གྲུབ་ཀྱིས་སྒྲུང་གཏམ་ཡོང་ཆེད་འགྱུར་བཅོས་སྣ་ཚོགས་བཏང་ནས། ར་ལོ་ནི་སྣབས་ཀྱི་བདག་ཉིད་ཅན་ཞིག་ཏུ་བཞེངས་ལ། ཀློག་པ་པོར“བརྩམས་སྒྲུང་འདི་བྲིས་པའི་རྒྱལ་ཁ་ལེན་སའང་ར་ལོའི་སྣབས་ཡིན་པར་འདོད་ཅིང་། སྣབས་དེས་ཕྱོགས་གཅིག་ནས་མཚན་ཉིད་རིག་པའི་ཆ་ཞིག་དང་། ཕྱོགས་གཞན་ཞིག་ནས་སྒྱུ་རྩལ་མཚོན་དོན་གྱི་ཆ་ཞིག་མངོན་པར་བགྱིས་ཡོད་པས། ཕྱོགས་འདི་གཉིས་ནི་བརྩམས་སྒྲུང«ར་ལོ»ནམ་མཁར་འདེགས་བྱེད་ཀྱི་གཤོག་ཟུང་དང་སྐུད་སྣེ་ལྟ་བུར་ཆགས་ཡོད་ལ། གལ་ཏེ་ཕྱོགས་འདི་གཉིས་ལས་གཅིག་བོར་ན་ནི་བརྩམས་སྒྲུང«ར་ལོ»ཡི་དགོངས་དོན་བདེ་བླག་ངང་རྟོག་པར་གེགས་སུ་སོང་ཡོད་སྙམ”[33]པར་བྱེད་པ་ཞིག་བྱས་ཡོད་ལ། དེ་མིན“ར་ལོ་ནི་བྱ་བའི་མགོ་ཚུགས་ས་དེ་ནས་མཐར་འཁྱོལ་མི་ཐུབ་པའི་ཞིག་རེད”ཅེས་པ་དང་། “ར་ལོའི་བསམ་གཞིག་བྱེད་སྟངས་ནི་དགོད་བྲོ་བ་ཕྱིན་ཅི་ལོག་པ་ཞིག་རེད”ཅེས་པ་དང་། “ར་ལོ་ནི་རང་ཉིད་ཀྱི་འཚོ་གནས་བྱེད་སའི་སྤྱི་ཚོགས་ལ་གསལ་ཆ་དང་རྒྱུས་མངའ་མེད་པ་ཅན་ཞིག་རེད”ཅེས་པ་དང་། “ར་ལོའི་འཇིག་རྟེན་དེ་གློ་བུར་བ་ཅན་ལས་རྒྱུ་འབྲས་གཏན་ཚིགས་ཅན་ཞིག་མིན”[34]པར་འདོད་དུ་བཅུག་ཡོད་པ་ནི། རྗོད་པ་པོས་བསམ་བཞིན་དུ་རང་ཉིད་ཀྱི་སློབ་གྲོགས་ར་ལོའི་གཏམ་རྒྱུད་འཁྱོག་བརྗོད་ལ་བརྟེན་ནས་བསྐྱེད་པའི་འབྲས་བུ་ཡིན། ཕན་ཚུན་ལ་འགྲོ་འོང་ཅི་ཡང་མེད་པའི་ར་ལོར་ལན་གཅིག་ཕྲད་པ་ཙམ་གྱིས་ར་ལོ་སྒྲུང་གཏམ་དུ་བྲིས་ཏེ། སྒྲོ་འདོགས་སྣ་ཚོགས་ཀྱིས་འཁྱོག་འབྲི་བྱས་ཡོད། གལ་སྲིད་དོན་གྲུབ་ཀྱི་སྤྲོས་བརྗོད་འཁྱོག་བརྗོད་འདི་དག་ལ་ཡིད་རྟོན་ཡོད་པར་བྱས་ན། དོན་དུ་ང་ཚོར་ངམ་ངམ་ཤུགས་ཀྱིས་མི་གཞན་གྱི་གསང་བ་ཕྱིར་བཏོན་ཆོག་པ་དང་། མི་གཞན་གྱི་གནས་ཚུལ་དང་ལོ་རྒྱུས་ངོ་མ་ལ་རྒྱུས་ལོན་མེད་པར། དེ་ལ་སྒྲོ་འདོགས་དང་སྐུར་འདེབས་བྱས་ཆོག་པའི་སློབ་གསོ་ཞིག་ཐོབ་ཀྱི་ཡོད་པ་མ་ཡིན་ནམ།
       གཉིས། སྤྲོས་བརྗོད་ཀྱི་ཐེ་ཇུས་ལས་མངོན་པའི་ངའོ་སྙམ་པའི“ཤེས་ལྡན་མི་སྣ།”
       དོན་གྲུབ་ཀྱི་ང་རྒྱལ་དེ་ནི་སྤྲོས་བརྗོད་ཀྱི་གོ་རིམ་ལས་མངོན་བཞིན་ཡོད་ལ། ལྷག་པར་དུ་ཀུན་མཁྱེན་སྤྲོས་བརྗོད་ཀྱི་སྐབས་སུ། རྟག་པར་སྤྲོས་བརྗོད་ཀྱི་ཐེ་ཇུས་ལ་བརྟེན་ནས་བཤད་པའི་སྐད་ཆ་དག་ནི། རྗོད་པ་པོའི་བསམ་བློ་ངོ་མ་ཡིན་པར་བཤད་ཆོག དཔེར་ན“གལ་ཏེ་སྒྱུ་རྩལ་གྱི་བག་ཆགས་ལྡན་སད་པའི་མི་ཞིག་དེའི་འགྲམ་དུ་སླེབས་ཚེ«མཐིང་མདོག་ལྡན་པའི་ཏོ་ནོ་གཙང་པོ»རང་ཤུགས་ཀྱི་སེམས་ལ་དྲན་ཞིང་རྣ་བར་གྲགས་པའི་སྣང་བ་ཞིག་སྟེར་སྲིད”[35]ཅེས་པ་ལྟ་བུ་དང་། “འཛམ་གླིང་གི་ཆེས་ལྕི་བའི་ཁུར་བོ་ལས་ཀ་མ་ཡིན་པར་ལས་རྒྱུ་མེད་པ་དེ་ཟེར་བ་ཅི་མ་བདེན”[36]ཞེས་པ་ལྟ་བུ། “ཡིན་ནའང་ལྟོ་བ་ལས་གལ་ཆེ་བ་ཞིག་གང་ན་ཡོད། དམའ་རིམ་སྲོག་ཆགས་གྲོག་མ་ནས་མཐོ་རིམ་སྲོག་ཆགས་མིའི་བར་དུ་ཚང་མས་ལྟོ་བའི་དོན་དུ་ཡར་རྒྱུག་མར་རྒྱུག བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་ཡོད་པ་མིན་ནམ”[37]ཞེས་པ་སོགས་ནི་རྗོད་པ་པོས་རང་ཉིད་ཀྱི་བརྗོད་འདོད་ཀྱི་བློས་གཡོས་ཏེ། སྐད་ཆ་གནས་ལུགས་ཅན་དང་རྒྱུ་མཚན་ཅན་བཤད་པ་མཐའ་དག་ནི། ར་ལོའི་གཏམ་རྒྱུད་མི་བདེན་རྫུན་སྒྲིག་བྱེད་པའི་སྤྱོད་པ་དང་རྒྱབ་ཀྱིས་ཕྱོགས་པའི་གཤིས་སྤྱོད་ཅིག་ཏུ་གྲུབ། གཞན་ད་དུང་དོན་གྲུབ་རང་ཉིད་འབྲོག་པ་ཞིག་ཡིན་བཞིན་དུ“འབྲོག་ཕྱོགས་ཀྱི་སློབ་མ་ཚོར་གོམས་གཤིས་ངན་པ་ཞིག་ཡོད་པ་ནི”ཞེས་པ་ནི་རྗོད་པ་པོའི་སྣང་ངོ་ནས་འབྲོག་ཕྱོགས་ཀྱི་སློབ་མ་ཚོར་སྤྱི་སྡོམ་བྱས་པ་ཞིག་ཡིན་ལ། ཁོའི་མཐོང་སྣང་འདི་རུ་ཁོས་རང་ཉིད་དང་རིགས་རྒྱུད་གཅིག་པའི་མི་རྣམས་ལ་གཞན་རིགས་ཀྱི་སྣང་ངོ་བཟུང་ནས་ལྟ་བའི་ངང་ཚུལ་ཞིག་བསྟན་ཡོད་ལ། རང་ཉིད་ནི་རིགས་རྒྱུད་ཐ་མལ་བར་འདོད་པ་དེ་ལས་ཐར་བ་དང་གྲོལ་ཡོད་པར་བསམས་ནས། རང་ཉིད་ཀྱི་སློབ་གྲོགས་ར་ལོ་དེའི་གྲས་ཀྱི་དཔེར་མཚོན་གཅིག་ཏུ་བཞག ར་ལོའི་མི་སྒེར་གྱི་རྩིས་ཐང་ལ་ཁྱད་གསོད་དང་བརྩི་འཇོག་མེད་པར། ངན་འདོགས་དང་བཙོག་སྒྱུར་སྒོས་ར་ལོ་ལྟ་བུའི་མི་དེ་དག་ནི་གང་ནས་བལྟས་ཀྱང་ཅི་ཡང་མི་ཤེས་པ་པ་དང་། ཅི་བྱས་ཀྱང་མཐའ་མི་འཁྱོལ་བ། རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་ལ་རྒྱུས་མངའ་མེད་པར་འཚོ་བཞིན་པ་ཞིག་ཏུ་བསྙད་དེ། རྗོད་པ་པོ་རང་ཉིད་ནི་ཀུན་སྤྱོད་ཀྱི་ཆེས་བླ་ན་མཐོ་ས་རུ་སྤར་བ་དང་། ར་ལོ་ལྟ་བུའི་མི་རྣམས་ལ་མཐོང་ཆུང་དང་བརྙས་དམོད་ཀྱི་རྣམ་འགྱུར་ཞིག་བཟུང་ནས། སྙིང་རྗེ་དང་གཞན་ཕན་གྱི་ལྷག་བསམ་ཅི་ཡང་མེད་པར་ཟུར་ཟ་དང་མཚང་འབྱིན་བྱས་འདུག རྗོད་པ་པོ་ལྟ་བུའི་མི་རྣམས་ལ་མཚོན་ན་ར་ལོ་ནི་ཁོའི་སྒྲུང་གཏམ་གྱི་རྒྱུ་ཆ་དང་དགོས་མཁོ་ཙམ་ཡིན་པ་ལས། བསམ་བློའི་གཏིང་རིམ་ནས་ར་ལོའི་བདེ་སྡུག་ལ་སེམས་ཁུར་བྱེད་ཀྱི་མི་འདུག་གོ །
       གསུམ། སྤྲོས་བརྗོད་ཀྱི་དཔྱད་བརྗོད་ལས་མངོན་པའི་རང་འདོད་ཅན་གྱི་ཁྲིམས་བྱེད་པ་དོན་གྲུབ།
       དོན་གྲུབ་ནི་ཉེས་དོན་ཁང་གི་ཁྲིམས་བྱེད་མི་སྣ་ཞིག་དང་། སྒྲུང་གཏམ་འབྲི་བར་དགའ་མཁན་ཞིག་ཡིན། ལས་རིགས་འདི་གཉིས་ཀྱི་བར་དུ་བདེན་པ་དང་རྫུན་མ། དྲང་བོ་དང་འཁྱོག་པའི་འགལ་ཟླ་ཞིག་གྲུབ་ཡོད། སྤྱིར་བཏང་མི་གཞན་གྱི་གནས་ཚུལ་དང་ལོ་རྒྱུས་འཁྱོག་འབྲི་བྱེད་པ་ནི། མི་སྒེར་གྱི་ཁེ་དབང་དང་རྩིས་ཐང་ལ་རྡོག་རྫིས་གཏོང་བའི་བྱ་སྤྱོད་ཅིག་ཡིན། ཁྲིམས་འཛིན་མི་སྣ་ཞིག་ལ་མཚོན་ན། མི་སྒེར་གྱི་རྩིས་ཐང་ལ་བརྩི་འཇོག་དང་གོང་བཀུར་བྱེད་པ་ནི་ཀུན་སྤྱོད་ཀྱི་མ་མཐའི་བླང་བྱ་ཡིན། འོན་ཀྱང་། དོན་གྲུབ་ཀྱིས་ཅི་མི་སྙམ་པར་རང་ཉིད་ནས་མགོ་བརྩམས་ཏེ། རང་ཉིད་ཀྱི་སློབ་གྲོགས་ར་ལོའི་གནས་ཚུལ་དག་སྒྲུང་གཏམ་དུ་འདྲེན་ཆེད། སྒྲོ་འདོགས་སྣ་ཚོགས་་བྱས་པ་ནི་ཁོའི་ཁྲིམས་འཛིན་མི་སྣའི་ཐོབ་ཐང་དང་ཡོངས་སུ་འགལ་བར་མ་ཟད། ད་དུང“སྙིང་ཉེ་བའི་ཀློག་མཁན་རྣམ་པ་ཡིད་ཆེས་པར་མཛོད་ཅིག”ཅེས་རྫུན་རྒྱབ་རྫུན་གྱིས་མནན་པ་དེ་ལ་ཡིད་ཆེས་དགོས་པའི་སྐུལ་མའང་བཏང་། འདི་ནི་ཉེས་ཐོག་ཉེས་བརྩེགས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས། དོན་གྲུབ་ཀྱིས་གཅིག་ནས་སྒྲུང་གཏམ་རྩོམ་ཆེད་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཐུབ་པ་དང་། གཉིས་ནས་ཁོའི་ཁྲིམས་འཛིན་གྱི་ཐོབ་ཐང་དེ་ལ་བརྟེན་ནས་སོ་སོའི་ཁྲིམས་འགལ་གྱི་བྱ་སྤྱོད་སྣང་མེད་དུ་བསྐྱུར་ཏེ། ར་ལོའི་གཏམ་རྒྱུད་འཁྱོག་འབྲི་བྱེད་པའི་ཕུགས་སུ། སོ་སོའི་ལས་གནས་དང་གོ་བབ་དེ་ལ་བརྟེན་པའི་དབང་ཤུགས་ཀྱིས། གལ་སྲིད་ར་ལོས་རང་ཉིད་སྒྲུང་གཏམ་དུ་བྲིས་ཏེ་བཙོག་སྒྱུར་བྱས་པ་ཤེས་ཀྱང་། ཁོ་ལ་ཐབས་ཅི་ཡོད་ཅེས་པའི་སེམས་ཁམས་ཤིག་རང་བཞིན་གྱིས་མངོན་འོང་བ་མ་ཡིན་ནམ།
བཞི་པ། གཏམ་རྒྱུད་ཀྱི་དོན་དངོས་སུ་ཡོད་པའི་ར་ལོའི་སྣང་བརྙན།
       རྗོད་པ་པོ་དོན་གྲུབ་ནི་ཡིད་རྟོན་ཆོག་པ་ཞིག་ལ་ངོས་བཟུང་ན།“‘ར་ལོ’ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་དང་དུས་རབས་ཀྱི་འགག་ཕྲེང་དུ་བག་ལ་ཞ་བའི་བའི་མི་རིགས་འདིའི་ཐུན་མོང་གི‘སེམས་གཟུགས’སུ་ངེས”[38]ཞེས་པ་ལྟ་བུ་དང་། “ཚེ་རིང་དོན་གྲུབ་ཀྱི«ར་ལོ»ཡིས་ར་ལོ་ཞེས་འཚོ་བའི་དམིགས་ཡུལ་མི་གསལ་ཞིང་། དངོས་ཡོད་ཀྱི་གཞི་དེ་ནས་རྩ་བ་བརྟན་པོར་ཚུགས་མི་ཐུབ་པ། གཏིང་ཟབ་ས་དང་རྒྱ་ཆེ་སར་ཕྱིན་འཚོ་བ་ལ་དོན་སྙིང་ལེན་མི་ཕོད་པ། སྔ་འདང་ཕྱི་འདང་རྒྱག་མི་ཤེས་པའི་མི་སྣའི་གཤིས་ཀ་ཞིག་བཞེངས་བསྐྲུན་བྱས་ནས། བོད་མིའི་གཤིས་ཀའམ་མི་གཞིའི་འཁོས་ཞན་གྱི་ཆ་ཞིག་མཚོན་པར་བྱས་ཡོད། ར་ལོའི་གཤིས་ཀ་འདི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཤེད་ཤུགས་ཀྱིས་བསྐྲུན་པ་ཞིག་ཡིན་ལ། འཚོ་བའི་ལས་དབང་གིས་བསྐྲུན་པ་ཞིག་ཀྱང་མ་ཡིན། འདི་ནི་བོད་ཀྱི་བདག་གི་འཛིན་པའམ་ཡུལ་ཅན་གྱི་འདུ་ཤེས་ཆེ་ས་ནས་མ་སད་པའི་རིག་གནས་ཀྱི་ཐོན་འབྲས་ཤིག་ཡིན་པས། ཁོའི་གཤིས་ཀ་ལ་རིག་གནས་བསམ་གཞིགས་ཀྱི་དོན་སྙིང་ཆེ་བར་ཡོད”[39]པ་ཞིག་ཡིན་དགོས་འདུག འོན་ཀྱང་། ང་ཚོས་སྤྲོས་བརྗོད་ཀྱི་ཤུན་ལྤགས་རེ་རེ་བཞིན་བཤུས་ཏེ། ར་ལོའི་གཏམ་རྒྱུད་དེ་སུས་སྤྲོས་བརྗོད་བྱས་པ་དང་ཇི་ལྟར་བརྗོད་པར་དཔྱད་ན། ར་ལོའི་སྣང་བརྙན་དེ་ཡང་གསལ་བོ་ནས་རབ་རིབ་དང་། རྒྱུས་ཡོད་ནས་རྒྱུས་མེད་ཞིག་ཏུ་འགྱུར་འགྲོ ར་ལོར་མཚོན་ན། ཁོའི་སྣབས་དེ་རྟགས་མཚན་གལ་ཆེན་དུ་གྲུབ། ལོ་བཅུའི་སྔོན་སློབ་ཆུང་སྐབས་སུ་སྣབས་ལུག་པ་གྲངས་ཀྱིས་མི་ཟིན་ཡང་། སྣབས་ལུག་པ་མངོན་གསལ་ཡིན། ལོ་བཅུའི་རྗེས་སུ་གཞུང་ལས་ཁང་དུ“འགྱུར་མེད་པ་ཁོའི་སྣ་མདོའི་སེར་ཞིང་སྦོམ་པའི་སྣབས་དེ་རེད”ཅེས་པ་དང་། “ར་ལོས་བཤད་ཀྱིན་བཤད་ཀྱིན་སྣབས་ལུག་ནས་མ་ནེའི་མགོ་ལ་ཐུག་སོང”ཞེས་པ་ལ་བརྟེན་ནས། ཡར་སྔོན་གྱི་ལོ་བཅུའི་རིང་དུ་ར་ལོའི་སྣབས་དེ་མཚམས་མ་ཆད་ལྟ་བུ་ཞིག་ཏུ་འདོད་དགོས་ཟེར་ན། དེ་ནི་གནས་ལུགས་མེད་པའི་སྐད་ཆ་ཞིག་ཡིན། ང་ཚོས་ར་ལོ་སློབ་གྲྭ་ནས་ཐོན་པ། མག་པ་བྱས་པ། གཡོག་པོ་བྱས་པ། གྲྭ་བ་བྱས་པ་ལ་སོགས་པའི་གནས་ཚུལ་རགས་པ་ཙམ་མ་གཏོགས། བྱེ་བྲག་གི་དོན་དག་དག་ལ་རྗོད་པ་པོས་འགྱུར་བཅོས་བཏང་བས་གཅིག་ཀྱང་ཤེས་མི་ཐུབ། རྒྱུ་མཚན་རྗོད་པ་པོས་ང་ཚོར་ར་ལོ་དང་ཐད་ཀར་ངོ་འཕྲད་དུ་མ་བཅུག་པར། ཁོ་རང་བར་དུ་བསྡད་དེ་ང་ཚོར་ངོ་སྤྲད་པ་ཡིན་ལ། ངོ་སྤྲོད་ཀྱི་གོ་རིམ་དུ་ཁོའི་ནང་འགལ་དུ་གྱུར་པའི་གཏན་ཚིགས་དང་ཆོས་ཉིད་ཀྱིས་ང་ཚོར་དབང་མེད་དུ་ཁོ་ལ་ཡིད་མི་ཆེས་པར་བྱས་སྟབས། རྗོད་པ་པོའི་སྣང་བརྙན་དེ་རིམ་བཞིན་ཡར་འཕགས་པ་དང་། ར་ལོའི་སྣང་བརྙན་དེ་རིམ་བཞིན་མར་ནུབ་པར་གྱུར། གལ་ཏེ། ར་ལོ་མི་སྣ་གཙོ་བོར་འདོད་པའི་དཔྱད་བརྗོད་དག་དོན་དུ་གནས་དགོས་ན། སྒྲུང་གཏམ་འདིའི་ནང་དུ་རྗོད་པ་པོ་ངའམ་དོན་གྲུབ་ཞེས་པ་དེ་མེད་པར། མགོ་ནས་མཇུག་བར་ཀུན་མཁྱེན་རྗོད་པ་པོ་ཁོ་ནས་སྤྲོས་བརྗོད་བྱས་ན་གཏན་ཚིགས་དང་མཐུན། དེ་ལས་ལྡོག་ན་གཏན་ཚིགས་ཀྱི་འབྲེལ་བས་མི་གྲུབ་པས། སྒྲུང་གཏམ་འདིའི་སྤྲོས་བརྗོད་ཀྱི་སྐྱོན་ཆ་ཆེན་པོ་ཞིག་ཏུ་འགྱུར་འགྲོ་སྙམ་མོ། །
མཇུག་སྡོམ།
       “རླབས་ཆེན་གྱི་རྩོམ་རིག་བརྩམས་ཆོས་ཤིག་ལ་རྒྱུས་ཇི་ལྟར་ཟབ་ན། བརྩམས་ཆོས་རང་སྟེང་གི་གོ་བ་ཡང་དེ་ལྟར་ཟབ་ཏུ་འགྲོ། མིའི་གོ་བ་ཟབ་ཏུ་སོང་བ་ནི། བརྩམས་ཆོས་དེ་ཉིད་ལ་རྒྱུས་ཟབ་ཏུ་སོང་བ་ལས། བརྩམས་ཆོས་ཀྱི་ཕྱི་ནས་དེའི་སྟེང་ལ་མང་པོ་ཞིག་བསྣན་པ་མིན། རྩོམ་རིག་གི་སྒྱུ་རྩལ་བརྩམས་ཆོས་གཅིག་ལ་དོན་སྙིང་འདྲ་མིན་སྣ་ཚོགས་ཡོད་པར་འདོད་པའི་སྡོམ་ཚིག་འདི་ནི་ངེས་པར་འབྱུང་སྲིད་པའི་དོན་ཞིག་ཡིན”[40]པ་དང་། བརྩམས་ཆོས་གཅིག་ལ་ནམ་ཡང་དཔྱད་བརྗོད་ཀྱི་མཐོང་སྣེ་གཅིག་དང་། གཞུང་ལུགས་གཅིག་གིས་དཔྱད་ན། དེ་ནི་གཞས་བརྒྱ་གདངས་གཅིག་ཏུ་འགྲོ་བ་ཡིན། འོ་ན། རྩོམ་པ་པོས་སྤྲོས་བརྗོད་ཀྱི་ཐབས་ལམ་འདི་འདྲ་སྤྱོད་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར། བོད་ཀྱི་རྩོམ་སྟེགས་སུ་རྩོམ་པ་པོ་གང་མང་ཞིག་གིས་ར་ལོ་ལྟ་བུའི་སྣང་བརྙན་མི་སྡུག་པ་འབྲི་བཞེང་བྱེད་པར་ཡིད་ཕྱོགས་པ་དང་། རྩོམ་པ་པོས་སྣང་ཚུལ་དེ་འདྲ་ཞིག་ལ་རྐྱེན་བྱས་ཏེ་སུན་འབྱིན་གྱི་རྩོམ་འདི་བྲིས་པ་ཡིན་ཀྱང་སྲིད། རྗོད་པ་པོ་དེ་ཡིད་རྟོན་ཡོད་པར་བྱས་ཏེ་དཔྱད་ན། སྒྲུང་གཏམ་འདིས་ར་ལོ་ལྟ་བུའི་མི་ལ་སུན་འབྱིན་དང་ཟུར་ཟ། ཁྱད་གསོད་བྱེད་ཀྱི་ཡོད་པ་དང་། རྗོད་པ་པོ་དེ་ཡིད་རྟོན་མེད་པའི་སྒོ་ནས་དཔྱད་ན། སྒྲུང་གཏམ་འདིས་དོན་གྲུབ་ལྟ་བུའི་རྩོམ་པ་པོ་དང་མི་སྣ་དེ་དག་ལ་ཟུར་ཟ་དང་སུན་འབྱིན་བྱེད་ཀྱི་ཡོད། འོན་ཀྱང་། སྤྲོས་བརྗོད་ཀྱི་ཆོས་ཉིད་དང་གཏན་ཚིགས་ཀྱི་འབྲེལ་བ་གང་ནས་བལྟས་ཀྱང་། རྗོད་པ་པོ་ཡིད་རྟོན་མེད་པར་འདུག་པས། ཕྱི་མ་ལྟར་གོ་བ་བླངས་ན་གནས་ལུགས་དང་མཐུན་སྙམ། སྔ་མ་ལྟར་གོ་བ་བླངས་ན་སྤྲོས་བརྗོད་བྱེད་སྟངས་འདི་ལ་སྤྲོས་བརྗོད་ཀྱི་གནས་ལུགས་དང་གཏན་ཚིགས་ལ་འགལ་བའི་སྐྱོན་ཆེན་པོ་ཞིག་མཆིས་འདུག་སྙམ། འདི་ཡང་བརྩམས་ཆོས་ཀྱི་སྐྱོན་དུ་བགྲང་མི་རུང་སྟེ།ང “འགྲེལ་བཤད་ཀྱི་ལོ་རྒྱུས་སུ་ཡིད་རྟོན་རུང་བར་འདོད་པའི་སྤྲོས་བརྗོད་པ་དག ཕྱིས་སུ་ཡིད་རྟོན་མེད་པར་འགྱུར། རྒྱུ་མཚན་ནི་དུས་སྔ་མོའི་སྐབས་ཀྱི་གསེད་འགྲེལ་ལ་ནོར་འཁྲུལ་ཡོད་པ་མིན་པར། ཕྱིས་ཀྱི་ཀློག་པ་པོ་དང་དུས་སྔ་མོའི་ཀློག་པ་པོ་གཉིས་ལ་སོ་སོར་སྤྱི་འགྲོས་དང་རིན་ཐང་གི་འཛིན་སྟངས་མི་འདྲ་བ་ཡོད་པས་ཡིན།”[41]དེ་བས་སུ་འགྲིག་དེ་ནོར་ལྟ་བུའི་གནས་མ་མཆིས་ཀྱང་། བརྩམས་ཆོས་ཀློག་སྐབས་ཀྱི་མཐོང་སྣེ་དང་གཞུང་ལུགས་མ་འདྲ་ན། སྐབས་འགར་ཕན་ཚུན་སྤང་འགལ་དུ་གྱུར་པའི་དོན་སྙིང་མི་འདྲ་བ་ཡང་འབྱུང་ཐུབ། དེ་བས་གཞུང་ལུགས་སྣ་གཅིག་གིས་རྩོམ་རིག་བརྩམས་ཆོས་དེའི་ཡང་དག་པའི་དྲིས་ལན་ཞིག་རྙེད་ཐུབ་པར་འདོད་པ་ནི་མ་ཡིན་ནོ། །

ལུང་ཁུངས་དང་ཟུར་བལྟའི་དཔེ་ཆ།
[1][25][34] བདུད་ལྷ་རྒྱལ། «བོད་མིའི་རྣམ་ཤེས་ཀྱི་རང་གཟུགས།——ར་ལོ» «འཚོལ་རྟོག་སྙིང་སྟོབས» [M] ཁུན་མེན། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས57 ཤོག་ངོས60 ཤོག་ངོས63、65、67、68
[2] སློབ་དཔོན་ཀླུ་སྒྲུབ། «དབུ་མ་རིགས་ཚོགས་དྲུག་དང་བྱང་ཆུབ་སེམས་འགྲེལ་བཞུགས་སོ» [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས140
[3] 刘俐俐:《中国现代经典短篇小说文本分析》[M], 北京:北京大学出版社, 2006,第11页。
[4] བརྒྱུད་འདྲེན། བཙུན་པོ་དོན་གྲུབ། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ» [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས128
[5] བདེ་ལེགས། བསྟན་འཛིན་ཆོས་སྒྲོན། «བརྩམས་སྒྲུང་ར་ལོ་དང་ཨQརང་རྣམ་གཉིས་ཀྱི་སྒྱུ་རྩལ་མཚོན་ཐབས་སྐོར་བསྡུར་ཏེ་དཔྱད་པ» [J] «མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ» 2012ལོའི་དེབ་གཉིས་པ། ཤོག་ངོས60
[6] 西摩·查特曼:《故事与话语》[M],中国人民大学出版社, 2015年,第132页。
[7] 转引:[1]西摩·查特曼:《故事与话语》[M]. 中国人民大学出版社, 2015年,第132页。
[8][14][19][22][27][31][32][35][36][37] ཚེ་རིང་དོན་གྲུབ། «ར་ལོ»[J] «སྦྲང་ཆར» 1991ལོའི་དེབ་དང་པོ། ཤོག་ངོས41 ཤོག་ངོས46 ཤོག་ངོས41 ཤོག་ངོས44 ཤོག་ངོས49 ཤོག་ངོས46 ཤོག་ངོས46 ཤོག་ངོས49 ཤོག་ངོས50 ཤོག་ངོས55
[9][11] 胡亚敏:《叙事学》[M],上海:华中师范大学出版社, 2004年,第41页,第76页。
[10] 申丹:《全知叙述模式面面观》[J],《国外文学》1995年第二期,第3页。
[12][13] 王丽亚:《“元小说”与“元叙述”之差异及其对阐释的影响》[J],《外国文学评论》2008年第二期,第35页,第35页。
[15][17][26] 申丹, 王丽亚:《西方叙事学:经典与后经典》[M],北京:北京大学出版社, 2010年,第82页,第20页,第82页。
[16] དཔལ་ལྡན་རྒྱ་མཚོ། «བརྩམས་སྒྲུང«ར་ལོའི» ནང་སེམས་ཀྱི་འཇིག་རྟེན་ལ་དཔྱད་པ» [J] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། 2013ལོའི་དེབ་གཉིས་པ། ཤོག་ངོས14
[18] བདེ་ལེགས། «བོད་ཀྱི་དེང་རབས་བརྩམས་སྒྲུང་ལས་དོན་བརྗོད་མཐོང་སྣེ་སྐོར་ལ་དཔྱད་པ» [J] «མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ» 2018ལོའི་དེབ་གཉིས་པ། ཤོག་ངོས168
[20] 申丹:《全知叙述模式面面观》[J],《国外文学》1995年第二期,第3页。
[21] W.C.布斯, 华明等译:《小说修辞学》[M],北京:北京联合出版社, 2020年,第140页。
[23] བཙུན་པོ་དོན་གྲུབ། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ» [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས129
[24] 珀·卢伯克, 爱·福斯特, 爱·缪尔:《小说美学经典三种》[M],上海:上海文艺出版社, 1990年,第252页。
[28][30] 申丹:《何为“不可靠叙述”?》[J],《外国文学评论》2006年第四期,第137页,第134页。
[29] 王浩:《第三人称叙事中的不可靠叙述》[J],《思想战线》2021 (02),第143页。
[33] དཔལ་ལྡན་རྒྱ་མཚོ། «བརྩམས་སྒྲུང<ར་ལོའི>ནང་སེམས་ཀྱི་འཇིག་རྟེན་ལ་དཔྱད་པ» [J] «ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ» 2013ལོའི་དེབ་གཉིས་པ། ཤོག་ངོས15
[38] གདུགས་དཀར་ཚེ་རིང། «ར་ལོའི་སྣང་བརྙན་དང་འབྲེལ་བའི་གཏམ» མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། «མུ་ཏིག་གླིང་གི་དགའ་སྟོན» [C] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས206
[39] བདུད་ལྷ་རྒྱལ། «བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ» [D] འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། 2009ལོ། ཤོག་ངོས68
[40] 弗莱:《批评的剖析》[M], 北京:北京大学出版社, 2021年,第96页。
[41] 佩尔·克罗格·汉森著,尚必武译:《不可靠叙述者之再审视》[J],《江西社会科学》2008(07),第38页。


རྩོམ་པ་པོ་ངོ་སྤྲོད།
པད་མ་རྣམ་རྒྱལ། མཚོ་སྔོན་རེབ་གོང་གི་མི། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་དང་། ཤེས་རམས་པ། འབུམ་རམས་པ་བཅས་ཀྱི་བསླབ་གནས་བླངས་ཤིང་། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ཡིན། ད་ལྟའི་ཆར«རུས་མིང་གི་སྦ་གསང་དང་བྱུང་རིམ་སྦས་མ། —སྒྲུང་རིང<གཙུག་གཡུ>ཡི་མི་སྣ་དང་མི་སྣའི་འབྲེལ་བ་ལ་དཔྱད་པ།» «ཡིད་རྟོན་མེད་པའི་རྗོད་པ་པོ་དམིགས་སུ་བཟུང་ནས<ར་ལོ>ཡི་མི་སྣ་གཙོ་བོ་སུ་ཡིན་ལ་དཔྱད་པ།» «བོད་ཀྱི་དེང་རབས་རིང་ལུགས་ཀྱི་སྒྲུང་གཏམ་ཐོག་མ<རྐང་ལམ་ཕྲ་མོ>ཡི་སྤྲོས་བརྗོད་སྒྱུ་རྩལ་དང་དེའི་ཁྲོད་ཀྱི་རྒྱུ་གཉིས་སྤང་འགལ་གྱི་བསམ་བློར་དཔྱད་པ།» «ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང<ཝ་ནག་ལུང་བ>ཡི་བཀོད་པའི་དཔྱད་བརྗོད།» «བོད་ཀྱི་དེང་རབས་སྒྲུང་གཏམ་ཁྲོད་ཀྱི་དངོས་པོའི་དོན་བརྗོད་ཀྱི་མཛེས་དཔྱོད་དོན་སྙིང་དང་ཁྱད་ཆོས་ཞིབ་འཇུག»སོགས་དཔྱད་བརྗོད་རྩོམ་ཡིག་རེ་འགའ་རྒྱལ་ནང་གི་དུས་དེབ་ཁག་ཏུ་སྤེལ་མྱོང་།

རྩོམ་ཁུངས། ༢༠༢༢ལོའི«སྦྲང་ཆར»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།