དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔེ་དེབ་རིན་ཆེན་གསེར་ལས་ལྷག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་ཚེ་གཞོན་པ།   |     སྤེལ་དུས།  2024-04-21

    ནམ་རྒྱུན་དཔེ་ཀློག་ཅེས་པའི་ཡིག་འབྲུ་གཉིས་པོ་མིག་ལམ་དུ་འཆར་དུས་སམ་ཡང་ན་རྣ་བའི་བུ་གར་ལྷུང་འོང་དུས། ང་ཚོས་དེ་ནི་ཕལ་ཆེར་སློབ་གྲྭ་འགྲིམ་བཞིན་པའི་ན་གཞོན་སློབ་གཉེར་བ་ཚོའི་ལས་འགན་འབའ་ཞིག་ཡིན་པར་ངོས་འཛིན་གནང་གིན་ཡོད། དོན་དངོས་སུ་དེ་ནི་འཇིག་རྟེན་འདིར་གནས་པའི་མགོ་ནག་ཡོངས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་བགྱི་བ་རླབས་པོ་ཆེ་ཞིག་ཡིན།

    ནུབ་ཕྱོགས་རྩོམ་རིག་གི་མཁན་པོ་ཤིག་སེ་ཕེར་གྱིས། ཐོས་པའི་གོང་ནས་མ་བཏེགས་པའི་འཚོ་བ་གང་ནི་ཉི་འོད་མེད་པའི་བྲག་ཕུག་ཁ་བྱང་ལྟ་དང་འདྲ་ཞིང་། ཐོས་པས་ཞབས་ནས་མ་བཏེགས་པའི་ཤེས་རབ་གང་ནི་ཤོག་ཡ་ཆད་པའི་བྱིའུ་ཆུང་དང་འདྲའོ། །ཞེས་དང་། རང་རེའི་བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཀྱང་ཉོན་མོངས་འཇོམས་པའི་མཚོན་གྱི་མཆོག །ཐབས་ཚུལ་མན་ངག་བཏོན་པའི་གྲོགས་ཀྱི་མཆོག །ཅེས་ཐོས་པ་རྒྱ་ཆེར་གསོག་དགོས་པའི་རིན་ཆེན་གསེར་ལས་ལྷག་པའི་ལེགས་བཤད་མང་དུ་གསུངས་ཡོད།

    ལྷོ་འཛམ་བུའི་གླིང་གི་མིང་དུ་གྲགས་པའི་ཚན་རིག་མཁས་ཅན་དང་། སློབ་གསོ་མཁས་ཅན། དམག་དོན་མཁས་ཅན། ཚོང་ལས་མཁས་ཅན་སོགས་ཀྱི་རྣམ་ཐར་ལ་མཇལ་འོང་དུས། ཁོང་ཅག་ནི་དཔེ་ཆ་བཀླགས་པར་སྤྲོ་བ་བླ་ལྷག་ལྡན་པའི་སྐྱེ་བོ་ཤ་སྟག་ཡིན་པས། སྐུ་ཚེ་གང་པོར་མཛད་བྲེལ་ཅི་འདྲ་ཆེ་རུང་དཔེ་དེབ་དང་ཁ་གཏན་ནས་བྲལ་མ་མྱོང་།

    དེ་བཞིན་དུ། དཔེ་དེབ་ལེགས་པོ་ཞིག་ཀློག་པ་ནི་སྔ་དེང་མཁས་པ་དག་དང་ཕན་ཚུན་བགྲོ་གླེང་བྱེད་པ་དང་ཀུན་ནས་མཚུངས་ཞེས་པ་ལྟར། ང་ཚོ་སྐྱེ་བོ་རྒན་དར་གཞོན་གསུམ་ཚང་མས་རྟག་ཏུ་ཁྱུག་དབྱིངས་དང་སྐད་འཕྲིན་སོགས་ཁོ་ནའི་དབང་དུ་མ་ཚུད་པར། ཅི་ནས་ཀྱང་དལ་སྐབས་ཁོམ་སྐབས་ཀྱི་དུས་ཚོད་ངེས་ཅན་བཙལ་ཏེ། རང་གི་བློ་ཁ་དང་འཚམ་པའི་དཔེ་དེབ་སྤུས་དག་རེ་བདམས་ནས་བཀླགས་ན། ད་གཟོད་བློ་ཡི་རྨོངས་པའི་མུན་པ་མཐའ་ནས་བསལ་ཏེ། ཤེས་རབ་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ནས་བྱ་བའི་འཇུག་ལྡོག་ཀུན་ལ་མཁས་པར་གྱུར་ངེས།

    ཟས་སྐོམ་གྱི་བཅུད་ཀྱིས་ང་ཚོའི་ལུས་ཟུངས་རྒྱས་པར་བྱེད་ཅིང་། འབྱུང་གཞིའི་འདུ་འགོད་སྙོམས་པར་བྱེད། གལ་སྲིད་ང་ཚོས་ཟས་སྐོམ་ཚུལ་བཞིན་མ་བསྟེན་ན། ལུས་ཀྱི་སྟོབས་དང་མདངས་སོགས་ཉམས་པ་དང་འབྱུང་བཞི་འཁྲུགས་ནས་ནད་ངན་སྣ་ཚོགས་འབྱུང་སྲིད་པ་ལྟར། མི་ཞིག་གི་མི་ཚེར་དཔེ་དེབ་མ་བཀླགས་ཚེ། མི་དེའི་བློ་ལ་ཤེས་བྱའི་འཚོ་བཅུད་ཀྱིས་དབུལ་ཞིང་། བྱ་བའི་འཇུག་ལྡོག་ཀུན་ལ་བློ་རྨོངས་པའི་རྨོངས་རྟུལ་ལྟ་བུར་འགྱུར་ངེས།

    དེས་ན། ང་ཚོས་ལས་བྲེལ་ཇི་ལྟར་ཆེ་རུང་ཅིས་ཀྱང་དཔེ་ཀློག་གི་བགྱི་བར་བསྟེན་དགོས། ང་ཚོས་ཉིན་ལྟར་ཟས་སྐོམ་ལ་ཆགས་པ་བཞིན་དཔེ་ཀློག་གི་རྒྱུན་བསྲིངས་ཚེ། དེས་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཀྱི་དཔེ་ལྟར། བྱ་བ་ཅི་ཞིག་སྒྲུབ་ཀྱང་དཀའ་ཁག་ཆེན་པོ་མེད་པར་བདེ་བླག་ཏུ་སྒྲུབ་པར་མཐུན་རྐྱེན་སྦྱོར་སྲིད་ལ། དེ་ལས་ལྡོག་ན་རང་ཉིད་ལ་ཐབས་ཤེས་ཀྱིས་རྩད་ནས་ཕོངས་ཏེ། ལམ་ལྷོ་ལ་བཞག་ནས། ཤིང་རྟ་འཁོར་ལོ་བྱང་ལ་གཏོང་བའི་རྣམ་ཐར་སྐྱོ་པོ་སྐྱོང་བཞིན། རང་གི་དམིགས་འབེན་དང་ཁ་ཐག་ཇེ་རིང་དུ་འགྲོ་བར་ཐེ་ཚོམ་ཅི།

    བདག་གི་བློ་ངོར་དཔེ་ཆ་ཀློག་པ་ནི་འཇིག་རྟེན་འདིར་ཆེས་ཡིད་དུ་འོང་ཞིང་། དོན་སྙིང་ལྡན་པའི་བྱ་བ་འབའ་ཞིག་ཡིན་པར་འདོད་པས། ད་ནས་ང་ཚོ་མིག་ལྡན་སྐྱེ་བོ་ཀུན་གྱིས་དཔེ་ཆ་རེ་རེའི་ཞལ་ཁ་ཕྱེ་ནས། རིན་ཆེན་གསེར་ལས་ལྷག་པའི་དཔེ་ཀློག་གི་བྱ་བ་རླབས་པོ་ཆེ་དེར་ཅིས་ནས་ཀྱང་རེམས་ཤིག་ཨང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།