ཝང་དབྱི་ཡིས་ཕ་ཕུ་ཡ་ཀི་ནེ་ཡ་གསར་པའི་ཕྱི་འབྲེལ་པུའུ་ཀྲང་ཐི་ཁ་ཆིན་ཁི་དང་གྲོས་མོལ་མཛད།
2024.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ4ཚེས20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་མོར་སི་པི་གྲུ་ཁར་ཕ་ཕུ་ཡ་ཀི་ནེ་ཡ་གསར་པའི་ཕྱི་འབྲེལ་པུའུ་ཀྲང་ཐི་ཁ་ཆིན་ཁི་དང་གྲོས་མོལ་མཛད།

ཝང་དབྱིས་ཡིས་བསྟོན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཕ་ཕུ་ཡ་ཀི་ནེ་ཡ་གསར་བའི་ནུས་པར་ལྟ་སྟངས་དང་མཐོང་ཆེན་བྱེད་ཀྱིན་ཡོད། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་དུ་ཕ་ཕུ་ཡ་ཀི་ནེ་ཡ་གསར་བའི་རྒྱལ་ཁབ་ནི་རྒྱ་ཁྱོན་ཆེ་ཤོས་དང་མི་འབོར་མང་ཤོས། ཐོན་ཁུངས་ལེགས་ཤོས་བཅས་ཡིན་པ་དང་། རྒྱ་མཚོ་ཆེན་པོའི་གླིང་ཆེན་དང་ཨེ་ཤེ་ཡ་ཤར་ལྷོའི་འབྲེལ་མཐུད་ས་ཁུལ་དུ་གནས་ཡོད་པས། དམིགས་བསལ་གྱི་གནས་ཡུལ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཆེན་པོ་ལྡན་ལ། སྔར་ལས་དར་རྒྱས་དང་སྔར་ལས་རང་བདག་ཡིན་པའི་རྒྱལ་སྤྱི་དང་ས་ཁུལ་ལ་ཤུགས་རྐྱེན་སྔར་ལས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཁོ་ཐག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡུན་རིང་གི་མཐོ་ཚད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད། ཀྲུང་གོ་དང་ཕ་ཕུ་ཡ་ཀི་ནེ་ཡ་གསར་བའི་བར་ད་ལྟའི་བར་འཕེལ་རྒྱས་འདི་ལྟ་བུ་བྱུང་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་རབས་རིམ་བྱུང་གི་འགོ་ཁྲིད་པས་མཉམ་དུ་སྣེ་ཁྲིད་བྱས་པའི་འབྲས་བུ་ཞིག་དང་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣས་ཐུན་མོང་གིས་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་པས། ང་ཚོས་མཉམ་དུ་རྒྱུན་འཛིན་དང་སེམས་ཞིབ་མོས་གཅེས་སྐྱོང་དར་སྤེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀི་ནེ་གསར་བ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བ་དང་སྤུས་ཚད་སྔ་ལས་མཐོ་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བསྐྲུན་འདོད་ཡོད། ང་ཚོས་ཕ་ཕུ་ཡ་ཀི་ནེ་ཡ་གསར་བ་དང་མུ་མཐུད་འདྲ་མཉམ་ངང་སྤྱོད་ཚུལ་འཛིན་རྒྱུ་དང་། ཕ་ཕུ་ཡ་ཀི་ནེ་ཡ་གསར་བས་བདག་དབང་རང་བཙན་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། ཕ་ཕུ་ཡ་ཀི་ནེ་ཡ་གསར་བས་རྒྱལ་ཁབ་དར་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ས་ཁུལ་དང་ཕྱོགས་མང་ལས་དོན་ཁྲོད་ཕ་ཕུ་ཡ་ཀི་ནེ་ཡ་གསར་བས་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཝང་དབྱི་ཡིས་བཤད་རྒྱུར། ཕ་ཕུ་ཡ་ཀི་ནེ་ཡ་གསར་བ་ནི་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན་པ་དང་སྐབས་གཉིས་ལ་བསྟུད་མར་གདན་ཞུས་ལྟར་“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནང་ཞུགས་ནས་ཧུར་ཐག་གིས་བྱས་རྗེས་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀི་ནེ་ཡ་གསར་བ་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་རང་མོས་ཚོང་དོན་གྲོས་མཐུན་གྱི་གྲོས་མོལ་གང་མགྱོགས་ཀྱིས་འཛུགས་རྒྱུ་དང་། དཔལ་འབྱོར་དངུལ་གཏོང་དང་རྨང་གཞིའི་སྒྲིག་བཀོད། ཞིང་ནགས་ཉ་ལས། ནུས་རྒྱུ་གཙང་མ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཆ་འཕྲིན་འཕྲིན་གཏོང་ལག་རྩལ། གནོད་འཚེ་འགོག་སེལ། དེ་བཞིན་ཉེན་རྟོག་ལས་དོན་མཉམ་ལས་སོགས་ཐད་ཀྱི་རྣམ་པ་གསར་པ་བཏོད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།