དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔལ་འབྱོར་བསྐྱར་འཕར་གྱི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲུང་དབྱིན།   |     སྤེལ་དུས།  2024-04-20

    དུས་ཚིགས་དང་པོར། རྒྱལ་དམངས་དཔལ་འབྱོར་མུ་མཐུད་བསྐྱར་འཕར་གྱི་རྣམ་པ་བཟང་པོ་མངོན་ཞིང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.3%འཕར་ཡོད། ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་རྒྱབ་ལྗོངས་འོག་རང་རྒྱལ་དཔལ་འབྱོར་གྱི་འགོ་བརྟན་པོ་དང་འགོ་ཡག་པོ་འཛུགས་ཐུབ་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་རྨང་གཞི་ཅུང་ལེགས་པོ་ཞིག་བཏིང་ཡོད། དེའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། ཁ་ལྷག་འཁྲོལ་འཁྱིལ་ཡོད་པ། ཡུན་རིང་ཡག་པོ་ཡོང་བའི་གཞི་རྩའི་ངོས་ལ་འགྱུར་ལྡོག་ཕྱིན་མེད་པ་གསལ་པོར་མཚོན་ཡོད་པས། ང་ཚོས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བསྐྱར་འཕར་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཡིད་ཆེས་དེ་བས་ཆེ་བ་དང་གདིང་སྤོབས་སྔར་བས་བརྟན་དུ་ཕྱིན་ཡོད།

    བརྟན་ཐོག་ཡར་འཕེལ་བྱུང་ན་རྨང་གཞི་སྔར་བས་བརྟན་དུ་གཏོང་ཐུབ། འདི་ལོའི་ཟླ་2པར། རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་ཀྲའོ་ཝ་300རིམ་པའི་Fརིམ་པའི་རླངས་འབར་སྒུལ་ཤུགས་གྲུ་གཟིངས་ལྕི་རིགས་ཀྱི་དཔེ་མཚོན་འཕྲུལ་འཁོར་ཐོག་མ་དེ་ཧྲང་ཧའེ་ལིན་ཀང་དུ་སྒྲིག་སྦྱོར་བྱས་པ་རེད། ལམ་ཚད་རྡོ་རིང་གལ་ཆེན་དེ་མངོན་འགྱུར་བྱུང་བ་དེ་ནི་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོས་ཉིན་མཚན་དབྱེར་མེད་ཞིབ་འཇུག་གསར་བཟོ་བྱས་ནས་འགག་རྩའི་ལག་རྩལ་མང་པོ་ཞིག་ལས་རྣམ་པར་རྒྱལ་བའི་འབྲས་བུ་ཞིག་ཡིན་པས། དེ་ནི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་ཁ་འབྲལ་ཐབས་མེད། ཐོན་ལས“གསར་གཏོད”ལ་བརྩོན་པ་དང“འཁོར་སྦྲེལ”གཅིག་སྡུད་བྱས་པ་སོགས་རང་རྒྱལ་གྱི་ཚན་རྩལ་གྲུབ་འབྲས་ལ་ཐོབ་པའི་གཏམ་བཟང་ཡང་ཡང་གྲགས་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྐྱེད་སྲིང་དང་གྲུབ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    མིག་སྔར་དཔལ་འབྱོར་མུ་མཐུད་བསྐྱར་འཕར་གྱི་རྣམ་པ་ལེགས་སུ་འགྲོ་བར་འདེགས་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་རིམ་བཞིན་མང་དུ་འགྲོ་བཞིན་ཡོད། མཁོ་སྤྲོད་ཀྱི་ཐོག་ནས་བལྟས་ན། དུས་ཚིགས་དང་པོའི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་ཐང་དུས་མཚུངས་ལས་7.5%འཕར་བ་དེ་2023ལོའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་2.6འཕར་བ་དང་། ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་མཐུད་ངང་ཐོན་ཏེ་འཕར་ཤུགས་ཆེན་པོ་ཡོད་པ་རེད། དགོས་མཁོའི་ཐོག་ནས་བལྟས་ན། དུས་ཚིགས་དང་པོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.7%འཕར་བ་དང་ནང་མཁོ་ཡིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་85.5%ཟིན་ནས་ཁྲོམ་རའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དེ་དཔལ་འབྱོར་མུ་མཐུད་བརྟན་ཐོག་ཡར་འཕེལ་ཡོང་བའི་གྲུ་རྡོ་ལྟ་བུར་གྱུར་ཡོད། འཕེལ་རྒྱས་ཀྱི་རྨང་གཞི་ནས་བལྟས་ན། ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་བཟང་པོ་ཡོད་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། ལས་ཞུགས་ཀྱི་འཕེལ་རིམ་སྤྱིའི་ཆ་ནས་བརྟན་པོ་ཡོད་པས“བརྟན་པོའི”རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་འགྲོ་བཞིན་ཡོད་པ་དང“ཡར་འཕེལ”གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་བཞིན་ཡོད།

    འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་ན་བྱ་སྤྱོད་དངོས་ལ་ཕན་པ་ནུས་ལྡན་ཐོན་ཐུབ། ཀྲུང་གོའི་དཔལ་འབྱོར་ནི་གྲུ་གཟིངས་ཆེན་པོ་ལྟ་བུ་ཞིག་ཡིན་པས། གཞི་ཁྱོན་ཇི་ཙམ་ཆེ་བ་དང་རླུང་རླབས་ཇི་ཙམ་གྱིས་ཆེ་བ་ཡོད་ན་དེ་ཙམ་གྱིས་ཁ་སྒྱུར་ཕྱོགས་སྟོན་གྱི་དགོས་གལ་དེ་བས་ཆེན་པོ་ཡོད། ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་རུ་དང་། ཛ་དྲག་ཇེ་ཆེ། ངེས་གཏན་མིན་པའི་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་བྱེད་སྟངས་བསྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དེ་ཐོག་ནས་རྙོག་འཛིང་ཆེ་བའི་རྣམ་པར་ཁ་ལོ་བསྒྱུར་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱང་ཆུབ་པའི་ནུས་པ་གང་ལེགས་མངོན་ཡོད།

    《ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེས་ཕྱི་རྒྱལ་གྱི་མ་དངུལ་ཤུགས་ཆེན་འགུག་པ་དང་བེད་སྤྱོད་ཤུགས་ཆེན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བའི་བྱ་སྤྱོད་ཇུས་གཞི》བཀྲམ་ནས་ལག་བསྟར་བྱེད་པ་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་པ་གསར་བརྗེས་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་བཏོན་པའི་བར་དང་། མང་དུ་བཏང་བའི་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1ཚང་མ་ཞིབ་ཕྲའི་རྣམ་གྲངས་ཁྲི་1.5ལ་དོན་འཁྱོལ་བྱས་པ་ནས་བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས་0.5དམའ་རུ་བཏང་ནས་ཁྲོམ་རར་ཡུན་རིང་འཁོར་རྒྱུག་རང་བཞིན་སྒོར་དུང་ཕྱུར་ཁྲི་1མཁོ་འདོན་བྱེད་པའི་བར། སྤྱི་ཁོག་སྲིད་ཇུས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ལྡན་དང་ཕན་འབྲས་ལྡན་པའི་སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་བཏོན་པས་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། འདི་ལོའི་ཟླ་3པར་དཔལ་འབྱོར་འཁོར་སྐྱོད་ཀྱི་རླུང་ཕྱོགས་སྟོན་རྟགས་ཡིན་པའི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས་50.8%ཟིན་ནས་སླར་ཡང་རྒྱ་སྐྱེད་གཏོང་བའི་ཁྱབ་ཁོངས་སུ་སླེབས་ཏེ་ཁྲོམ་རའི་ཡིད་ཆེས་བརྟན་པོའི་ངང་འཕེལ་ཡོད།

    སྔོན་འཛུགས་རྗེས་གཏོར་བྱས་ན་ཆ་རྐྱེན་སྔར་བས་མང་དུ་འགྲོ་ཐུབ། ཡུན་རིང་མ་སོང་གོང་གྲངས་གཞི་ཁག་གཉིས་ལ་དོ་ཁུར་ཆེན་པོ་ཐོབ་པ་སྟེ། “ཁྲི་500ལས་བརྒལ་བ”ཞེས་པ་འདི་ནི་ཀྲུང་གོའི་ལོ་ལྟར་ཚན་རིག་དང་། ལག་རྩལ། བཟོ་སྐྲུན། རྩིས་རིག་བཅས་ཀྱི་ཆེད་ལས་སློབ་ཐོན་སློབ་མའི་གྲངས་འབོར་ཡིན་པ་དང་། དེ་ཡང་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་དང་། “50%ཙམ”ཞེས་པ་འདི་ནི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པས་བསྡོམས་རྩིས་བྱས་པའི་ཀྲུང་གོའི་མཐོ་སློབ་ཀྱིས་གསོ་སྐྱོང་བྱས་པའི་རྩེར་སོན་མིས་བཟོས་རིག་ནུས་ཞིབ་འཇུག་མི་སྣས་གོ་ལ་ཧྲིལ་པོར་བཟུང་བའི་བསྡུར་ཚད་ཡིན་པ་དང་། དེ་ཡང་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད། “མི་འབོར་གྱི་ཁེ་སྤོགས”ནས“ཤེས་ལྡན་མི་སྣའི་ཁེ་སྤོགས”སུ་འཕར་བའི་བར་ནི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཕྱོགས་སྒྱུར་མངོན་འགྱུར་ཐུབ་པའི་མཐུན་རྐྱེན་ཡིན་ལ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་མངོན་གསལ་དོད་པའི་ལེགས་ཆ་ཡང་ཡིན།

    རང་རྒྱལ་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་དང་། དགེ་མཚན་མང་པོ། མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་པས་ང་ཚོའི་མདུན་དུ་ཡོད་པའི་མཐུན་རྐྱེན་ནི་ཕན་མེད་རྒྱུ་རྐྱེན་ལས་ཆེ་བ་ཡོད། གཞི་ཁྱོན་ལས་བརྒལ་བའི་ཁྲོམ་རའི་དགོས་མཁོའི་ལེགས་ཆར་དཔེ་བཞག་ན། དུས་ཚིགས་དང་པོའི་གུང་གསེང་རིང་འཛད་སྤྱོད་རྒྱུན་མཐུད་ངང་འཕེལ་བ་ལས་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་མཚོན་པ་དང་། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་28.2%དང་31.8%སོ་སོར་འཕར་བ་ལས་ལྗང་མདོག་འཛད་སྤྱོད་དེ་མི་སེམས་སུ་ཟུག་པ་མཚོན་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་རྒན་གསོ་བུ་བཅོལ་དང་། རིག་གནས་ཡུལ་སྐོར་ལུས་རྩལ། འབྱུང་འཕྲོད་འཚོ་བ་སོགས་ཀྱི་འཛད་སྤྱོད་སྤུས་ཚད་མཐོ་རུ་འགྲོ་བར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པས། གོ་སྐབས་བཟང་པོར་དམ་འཛིན་དང་ཆ་རྐྱེན་བཟང་པོ་བེད་སྤྱོད་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    ཇི་ཙམ་གྱིས་བརྟན་པོ་དང་ཡག་པོ་ཡོང་དགོས་ན་དེ་ཙམ་གྱིས་ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱེད་དགོས་པ་དང་། སེམས་རྣལ་དུ་ཕབ་ནས་ཤུགས་བརྒྱབ་སྟེ་གོམ་པ་རེ་རེ་བཞིན་སྤོ་དགོས། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་འགག་རྩའི་བྱེད་ཐབས་ཡིན་པའི་སྒྱུར་བཅོས་སྒོ་དབྱེ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཀའི་དམིགས་ས་དང་སྲིད་ཇུས་ཀྱི་ཤུགས་རྒྱག་ས་ཡང་དག་འཚོལ་བ་དང་དངོས་འཛིན་དངོས་སྒྲུབ་ཁྲོད་སེམས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ན། ཀྲུང་གོའི་དཔལ་འབྱོར་རླུང་བརྟེན་རླབས་གཤག་བྱས་ནས་འཕེལ་རྒྱས་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།