འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།ཨ་རིས་འདི་རུ་འཕུར་མདའ་བཀོད་སྒྲིག་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། ཨ་རིའི་ཞི་བདེ་རྒྱ་མཚོ་ཆེན་མོའི་སྐམ་དམག་གིས། ཧྥི་ལི་ཕིན་དམག་ཕྱོགས་ཀྱི་མཉམ་འབྲེལ་དམག་དོན་འཁྲབ་སྦྱོང་གི་ཆ་ཤས་ཤིག་ཡིན་པའི་ངོས་ནས། ཨ་རིས་ཧྥི་ལི་ཕིན་གྱི་ལུའི་སུང་གླིང་ཕྲན་དུ“ཏི་ཧྥེང་”གི་རྒྱང་ཐག་འབྲིང་བའི་འཕུར་མདའི་འཕེན་གཏོང་མ་ལག་བཀོད་སྒྲིག་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཨ་རི《རྒྱང་ཐག་འབྲིང་བའི་འཕུར་མདའི་ཆིངས་ཡིག》ནས་ཕྱིར་འཐེན་བྱས་རྗེས། ཐེངས་དང་པོར་ས་ངོས་འཕེན་གཏོང་རྣམ་པའི་འཕུར་མདའི་སྒྲིག་ཆས་བཀོད་སྒྲིག་བྱས་པ་རེད། དཔྱད་གཏམ་ཁག་ཅིག་ནང་ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེའི་དམིགས་ཡུལ་ནི་ཀྲུང་གོར་ཟིལ་ཤུགས་ངོམས་ཆེད་རེད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས། 
     ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་འཕྲིན་སྤེལ་བར་དོ་སྣང་བྱུང་ཡོད་ལ། འབྲེལ་ཡོད་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཨ་རིས་ཕྱོགས་རྐྱང་པའི་དམག་དོན་ལེགས་ཆ་དོན་གཉེར་བྱ་ཆེད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་དུ་རྒྱང་ཐག་འབྲིང་བའི་འཕུར་མདའ་བཀོད་སྒྲིག་བྱས་པ་དང་། ཀྲུང་གོའི་སྒོ་ཁར་མདུན་གྲལ་གྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་བཞིན་ཡོད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེས་ས་ཁུལ་གྱི་ཛ་དྲག་གནས་བབ་ཆེ་རུ་ཕྱིན་པ་དང་། གོ་བ་ལོག་ལེན་དང་བརྡར་ཤ་གཅོད་ནོར་གྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་ཅེས་བཤད། 
     ལིན་ཅན་གྱིས། ང་ཚོས་ཨ་རི་ཕྱོགས་ལ་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་། དམག་དོན་འགྲན་རྒོལ་སློང་མཚམས་འཇོག་པ། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་གཏོར་བཤིག་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་འཐབ་ཇུས་ཀྱི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ཡིན་ཞེས་བཤད།
     ལིན་ཅན་གྱིས་བསྟན་དོན། ཧྥི་ལི་ཕིན་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེའི་དམིགས་ཡུལ་ངོ་མ་དང་། དེ་བཞིན་ཨ་རི་དང་བསྟུན་པའི་མཇུག་འབྲས་ཚབས་ཆེན་ལ་ངོས་འཛིན་གསལ་པོ་བྱེད་དགོས་པ་དང་། རང་ངོས་ཀྱི་བདེ་འཇགས་ཀྱི་ཁེ་ཕན་བློས་
གཏོང་བྱས་ནས། ཨ་རིའི་ཆེད་ཉེན་ཁ་བརྒྱུད་པ་དང་ནོར་འཁྲུལ་གྱི་ལམ་བུའི་ཐོག་དེ་བས་རིང་དུ་འགྲོ་མི་རུང་།