ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་སྤྱི་ཁྱབ་ནགས་དཔོན(རྩྭ)གྱི་བཀའ་ཡིག་ཨང2པ་ཁྱབ་བསྒྲགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི“བྱང་གསུམ”ལས་གཞིའི་ལས་དོན་ལེགས་པོར་བསྒྲུབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་ཁྱབ་ནགས་དཔོན(རྩྭ)ཁྲེན་ཀང་དང་ཧྲིན་ཀྲང་ངམ་སྤྱི་ཁྱབ་ནགས་དཔོན(རྩྭ)ཝུའུ་ཞའོ་ཅུན་གཉིས་ཀྱིས་མཉམ་དུ2024ལོའི་ནགས་དཔོན(རྩྭ)གྱི་བཀའ་ཡིག་ཨང2པ་སྟེ།  《“བྱང་གསུམ”ལས་གཞིའི་ལས་དོན་ལེགས་པོར་བསྒྲུབས་ནས་བྱེ་འགོག་བྱེ་བཅོས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་སྦྱོར》ལ་ཆོག་མཆན་བཀོད་དེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་དཔོན(རྩྭ)གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིར་བཟུང་ནས“མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་ལམ་བུའི་ཐོག་བསྐྱོད་པར”རྒྱུན་འཁྱོངས་བྱས་ཏེ་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བ།  ཆུ་ཚད་མཐོ་བའི་སྒོ་ནས་མཁྲེགས་གཏོར་ལས་འགན་ལེགས་པོར་བསྒྲུབས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།

 ནགས་དཔོན(རྩྭ)གྱི་བཀའ་རྒྱའི་ནང་གཙོ་གནད་ལས་འགན་ཆེན་པོ་དྲུག་གསལ་བོར་བཏོན་ཡོད་དེ།  རིམ་པ་སོ་སོའི་ནགས་དཔོན(རྩྭ)གྱིས་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། བྱ་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལས་འགན་ལས་བགོས་ཞིབ་ཕྲ་བྱས་ནས་བྱ་བའི་མཉམ་ཤུགས་ཆགས་སུ་འཇུག་དགོས། འབྲེལ་ཡོད་གྲོང་ཁྱེར་དང་རྫོང་སྲིད་གཞུང་སོ་སོས“2+1+12+N”ཡི་སྤྱིའི་བཀོད་སྒྲིག་ལ་གཞིར་བཟུང་སྟེ། ཕྱོགས་གསུམ་ཟུང་འབྲེལ་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ་མཐའ་མཚམས་དམ་སྲུང་དང་འབྱུང་ཁུངས་བརྟན་སྲུང་བཅས་ཀྱི་བཅོས་སྐྱོང་ལས་དོན་ལ་དུས་མཉམ་དུ་སྐུལ་འདེད་བཏང་ནས་བྱེ་འགོག་དང་བྱེ་ཐང་བཅོས་སྐྱོང་སྤྱི་ཆིང་ཁྲི6.66ཡན་དང་། བྱེ་འགྱུར་ས་གཞི་མིན་པའི་ས་ཆའི་སྐྱེ་ཁམས་ཉམས་གསོ་སྤྱི་ཆིང་ཁྲི5.33ཡན་གྱི་བཅོས་སྐྱོང་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

རྣམ་གྲངས་དོ་དམ་ལམ་སྲོལ་འཛུགས་པ་དང་འབྲེལ་ཡོད་རྣམ་གྲངས་དོ་དམ་བྱེད་ཐབས་དང་མ་དངུལ་དོ་དམ་བྱེད་ཐབས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ། ལག་བསྟར་ནན་མོ་བྱེད་པ། བརྒྱུད་རིམ་ཧྲིལ་པོ་དང་གདུབ་ཟུམ་དོ་དམ་ལག་བསྟར་བྱེད་པ། ཕན་འབྲས་ལ་ཕྱོགས་བསྡུས་གདེང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་དོ་དམ་ཚན་རིག་ཅན་དང་ཞིབ་ཕྲ་ཅན།   ཕན་འབྲས་ཅན་བཅས་ཡོང་བར་ཁག་ཐེག་བྱས།   རིམ་པ་སོ་སོའི་ནགས་དཔོན(རྩྭ) གྱིས་ཕྱུགས་རིགས་བཀག་སྡོམ་དང་ཕྱུགས་རིགས་ངལ་གསོ་བྱེད་པ། རྩྭ་ས་སླར་གསོ། རྩྭ་ཕྱུགས་དོ་སྙོམས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ། ནགས་རྩྭའི་རང་བྱུང་ཐོན་ཁུངས་ལ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནན་མོ་བྱ་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་ས་ཆའི་བར་མཐོངས་སྤྱོད་སྒོ་དོ་དམ་ཚོད་འཛིན་དོན་འཁྱོལ་ནན་མོ་བྱས་ཏེ་བྱེ་ཐང་ཅན་གྱི་ས་ཆའི་ཕྱོགས་བསྡུས་བཅོས་སྐྱོང་གི་གཞི་གྲངས་དོ་དམ་ལ་ཤུགས་བསྣན་ཏེ་ས་ཆ་མཁོ་སྤྲོད་འགན་ལེན་བྱེད་པ་དང་། ཚན་རིག་ཞིབ་འཇུག་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ།  སྔོན་ཐོན་ལག་རྩལ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ“བྱང་གསུམ་”ལས་གཞིའི་ཆུ་སྤྱོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་།  ས་བོན་བཟང་པོ་སྤྱོད་ཚད་མཐོ་རུ་བཏང་བ་དང་ས་གནས་ཀྱི་ཆ་འགྲིག་མ་དངུལ་དོན་འཁྱོལ་བཅས་བྱས། དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས“བྱང་གསུམ་སྙིང་སྟོབས”དར་སྤེལ་བཏང་སྟེ། བྱེ་འགོག་གི་དཔེ་མཚོན་དྲིལ་བསྒྲགས་རྒྱུན་མཐུད་ངང་སྤེལ། སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་ནུས་ལྡན་གྱིས་ཁྱབ་གདལ་བཏང་སྟེ་སྤྱི་ཚོགས་ཡོངས་བྱེ་འགོག་ནང་མཉམ་ཞུགས་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།