མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

Dལགས། ང་ནི་འུར་ཆ་མེད་པའི་བརྩེ་དུང་གི་རྫི་བོ་ཞིག་ཡིན།

  2024-04-03 11:07:37  ཁྲིམས་སྐྱོང་ཚགས་པར།

(ལྷ་ས) མགོན་ཤུལ་ཕུན་ཚོགས།


Dལགས།

ང་ནི་འུར་ཆ་མེད་བའི་བརྩེ་དུང་གི་རྫི་བོ་ཞིག་ཏུ་གྱུར་དོན།

ཁྱེད་ཀྱིས་མ་གཏོགས་ཤེས་དོན་མི་འདུག་ཀྱང་།

ང་ལ་མཚོན་ན། དེ་ནི་གསང་བ་མིན་པའི་གསང་བ་ཞིག་ཡིན།


Dལགས།

མཚན་མོ་དང་འབྲེལ་བའི་སྙན་ངག་དེ་དག

ངས་ད་དུང་མང་ཙམ་བྲིས་ནས་མང་ཙམ་ཀློག་ཡོང་།

དེ་དག་གི་ཁྲོད་ཁྱེད་དང་འབྲེལ་ཡོད་ཀྱི་སྙན་ངག་ཀྱང་མང་ཙམ་ཡོད།


Dལགས།

འདུ་བྲལ་རྒོད་པའི་མཚོ་ཁུགས་དེ་དག

བརྩེ་བའི་གྲུ་ཆུང་གིས་བསྐོར་དུས།

རྨི་ལམ་དང་མངོན་སུམ་གྱི་བར་ནས་ཕྱི་ལྟས་ཀྱི་སྤྱན་ཟུང་གཡོ་དོན་ཅི།


Dལགས།

དུས་ཚོད་དང་འཁོར་བའི་བར་ཐག

འུ་གཉིས་ཆ་ཡོད་ནས་རྒྱུས་ཡོད་དུ་གྱུར་ཚུལ་གྱི་བར་ཐག་ཞིག་ཡིན་སྲིད་ཀྱང་།

ངས་ནི་བར་ཐག་མེད་པའི་བར་ཐག་དེ་ཡང་ཆེས་མཛེས་པའི་བར་ཐག་ཅིག་ཏུ་བསམས།


Dལགས།

བར་ཐག་གིས་བཅད་པའི་ལོ་ཟླའི་ནང་དུ།

འུ་གཉིས་ཀྱིས་སོ་སོས་ས་ནས་རང་རང་གི་ཕུགས་བསམ་སྙེག་འོས།

ཕུགས་བསམ་གྱི་དབང་གིས་འུ་གཉིས་ངོ་ཤེས་པ་མིན་ནམ།


Dལགས།

ཁྱེད་ནི་ཕུགས་བསམ་ཅན་གྱི་རང་དབང་གི་སྲས་མོ་ཞིག

རྒྱང་རིང་དང་འབྲེལ་བའི་ཐ་སྙད་དེ་དག

མངོན་སུམ་གྱི་ཤོག་དཀར་ངོས་ནས་ངས་ཡང་ཡང་མཐོང་འདོད་བྱུང་།


Dལགས།

མི་ཁོམ་པའི་གནས་སུ་སྐྱེས་ཀྱང་དུས་ཀྱི་ཁོམ་ལོང་རེ་བྱུང་ན།

ངས་ད་དུང་ཁྱེད་དང་འབྲེལ་ཡོད་ཀྱི་སྙན་ངག་མང་ཙམ་འབྲི་ཡོང་།

དེ་དུས། འཇིག་རྟེན་གྱི་གྲུ་ཟུར་ཞིག་ཏུ་འུ་གཉིས་ཁོ་ནར་འཚོ་བ་ཞིག་དབང་པར་སྨོན།


Dལགས།

སྙན་ངག་འདི་ཁྱེད་ལ་བསྐུར་དུས།

ངས་མཇུག་མཐའི་ཚིག་འདི་གྲུབ་མེད་ཀྱང་།

ཁྱེད་ཀྱིས་ཞིབ་ཀློག་ཐེངས་ཤིག་བྱས་པས་སྙན་ངག་འདི་ཁ་ཚང་བར་བྱས་ཀྱང་ལོས་ཆོག་ཨང་།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།