ཀྲུང་གོ་བོད་ཀྱི་དྲ་བ།

མི་ཆོས་གནད་ཀྱི་ཕྲེང་བའི་ཚིག་དོན་འགར་ཅུང་ཟད་དཔྱད་པ་སེའུ་བརྒྱད་པའི་བབ་ཅོལ།

  རྩོམ་པ་པོ། : བསོད་ནམས་དོན་གྲུབ།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིའི་ནང་རྩོམ་པ་པོས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གི་གྲགས་རྩོམ་མི་ཆོས་གནད་ཀྱི་ཕྲེང་བའི་དབུར་ཅུང་གོ་དཀའ་བའི་ནང་དོན་འགའ་ཞིག་ལ་འགྲེལ་པ་ཁ་གསལ་གནང་འདུག་པས།  ཕྱིས་འབྱུང་མཐོ་འབྲིང་བོད་ཡིག་སློབ་ཁྲིད་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཡོང་བར་སྙམ།  

བརྡ་ཆད་གཙོ་བོ།  མི་ཆོས་གནད་ཀྱི་ཕྲེང་བ།  ཚིག་དོན། འགྲེལ་པ། 

གདོད་མའི་གླེང་སློང་།

དགེ་བསྙེན་ཆེན་མོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གིས་མཛད་པའི་ཚབ་མཚོན་གྲགས་རྩོམ་མི་ཆོས་གནད་ཀྱི་ཕྲེང་བ་ནི། ནག་ཚོ་ལོ་ཙཱ་བར་འགྲོ་ཆོས་སུ་གནང་བའི་ལྷ་ཆོས་མི་ཆོས་ཀུན་ལ་སྨན་པའི་བསླབ་གདམས་ཞིག་ཡིན་པས་མ་ཚད། ཕྱིས་འབྱུང་གདུལ་བྱ་བསྐལ་ལྡན་ཁྲག་ཁྲིག་དུ་མར་མི་ཚེའི་འགྲུལ་བཞུད་རིང་མོའི་ནང་། སྨག་ལ་སྒྲོན་མེ་བཏེགས་པ་བཞིན་ཉེར་མཁོའི་གདམས་པ་སྣག་ཐོག་གཙག་འཁེལ་ཞིག་ཀྱང་ཡིན། མཁོས་ཕབ་གྲགས་རྩོམ་འདིའི་དངོས་གཞིའི་ནང་དོན་དག་གུད་དུ་སྐུང་ནས་གླེང་བྱ་མ་ཡིན་ཞིང་ཕྱག་རྩོམ་འདིའི་དབུར། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཡུལ་སྟོད་གུང་ཐང་དུ་སྐུ་བལྟམས་པའི་བཀའ་དྲིན་ཅན་གྱི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ། འགྲོ་ཆོས་སུ་མི་ཆོས་གནད་ཀྱི་ཕྲེང་བ་འདི་གདམས་པའོ། །དེ་ལ་སྙེ་ཐང་འཁོར་ནས་གཞུ་འདོམ་ཉི་ཤུ་རྩ་ལྔའི་བར་དུ་སྐྱེལ་ཐུང་མཛད་དེ། གཅིག་ལ་གཅིག་གིས་ཕྱག་ལ་འཇུས་ནས་འབྲལ་མི་ཕོད་པའི་ཚོད་ཙམ་དུ་སྙིང་གཏམ་སྒྲོས་སུ་གླེང་བ་ན། གུང་ཐང་པ་ན་རེ། ཁྱེད་སྙིང་གི་པདྨའི་ཟེའུ་འབྲུ་ལ་རྟག་ཏུ་འབྲལ་བ་མེད་ཀྱང་། བོད་མ་དག་པ་རྣམས་ཀྱི་བློ་ངོ་ལ་ཧ་ཅང་མཐུན་ཆེ་པར་བསྟན་མོད། འོན་ཀྱང་སྙིང་གཅིག་ཏུ་བཞུགས་པའི་བྱ་བ་ལ་ལས་ཐབས་བཟང་པོ་བྱས་པས་མི་འགྱོད། དུས་དེ་རིང་ཐག་རིང་བལ་པོའི་ཐང་ལ་འགྲོ་བར་ཆས་པ་ལ་སེམས་ལ་ཕན་པའི་འགྲོ་ཆོས་ཤིག་ཞུ་བར་འཚལ་ཏེ། དེ་ཡང་ཕྱི་མའི་ལག་ལེན་རྣམས་ཅི་ཙམ་གྱིས་གོ གནས་སྐབས་ཚེ་འདིའི་འགྲོགས་ལུགས་འཇིག་རྟེན་མིའི་མཐུན་འཇུག་འཕྱས་བཟླས་མཁན་རྣམས་ཀྱིས་སྨད་པར་མི་ནུས་པའི་མི་ཆོས་ཤིག་སྙིང་ལ་གཟེར་བར་ཞུ། ཞེས་ཞུས་པ་དང་། འབྲོམ་རྗེ་ཞལ་འཛུམ་པའི་མདངས་དང་བཅས་ནས། དབུ་སྐྲ་ལྕང་ལོ་ཅན་དབུ་རང་གིས་སྤྲུག་སྟེ་རྒྱབ་ཏུ་བསྐྱུར་ནས་འདི་སྐད་གསུངས་སོ། །ཞེས་གྲགས་རྩོམ་འདི་ཉིད་ཇི་ལྟར་འབྱུང་ལུགས་སྐོར་གྱི་ཡིད་བརྙན་ཁུ་བསྡུས་དོན་གསལ་ཞིག་སྟེ། ཀློག་པ་པོ་གང་ཉིད་སྐབས་དེ་དང་དེའི་ཚེ་ས་ཡུལ་དངོས་སུ་ལྷགས་ནས་འདྲེན་བྱེད་དབང་པོས་ལྷམ་མེ་ལྷན་ནེར་གཟིགས་སྣང་བྱུང་བའི་ཚོར་བ་བསྟེར་འོང་བས། སྨྱུག་ཐོགས་པའི་ལས་ལ་ནང་བྱན་ཆུད་པའི་རྟགས་མཚན་ཡང་ཝ་ལེར་མངོན་འོང་། འོན་ཏང་། ཀླད་ཀྱི་དུམ་བུའི་ནང་། གུང་ཐང་པ་ན་རེ། ཁྱེད་སྙིང་གི་པདྨའི་ཟེའུ་འབྲུ་ལ་རྟག་ཏུ་འབྲལ་བ་མེད་ཀྱང་། བོད་མ་དག་པ་རྣམས་ཀྱི་བློ་ངོ་ལ་ཧ་ཅང་མཐུན་ཆེ་པར་བསྟན་མོད། འོན་ཀྱང་སྙིང་གཅིག་ཏུ་བཞུགས་པའི་བྱ་བ་ལ་ལས་ཐབས་བཟང་པོ་བྱས་པས་མི་འགྱོད། ཅེས་པའི་དུམ་ཆུང་འདིའི་གོ་བཤད་གསེད་བཀྲོལ་དང་བཞེད་དགོངས་ཇི་ལྟར་འགྲེལ་ཚུལ་ཅུང་གོ་དཀའ་བར་སྣང་བས། འདིའི་ཚིག་འགྲེལ་སྐོར་ཅུང་ཟད་གླེང་བ་ལ་དགོས་པོ་ལྷག་པོ་ཆེ་མཆིས་སྙམ། ཅི་ཕྱིར་ཞེ་ན། སློབ་ཁྲིད་དངོས་གཞིའི་སྐབས་ཡིད་དཔྱོད་ཙམ་མ་ཡིན་པར་དཔྱད་གསུམ་དག་པའི་ལུང་རིགས་ཀྱིས་མཐའ་ནས་ཁ་རྒྱན་སྤྲད་དེ།  རང་ལུགས་བརྟག་མཐའ་འཕེར་བའི་སྤྲོས་བཤད་གནད་སྨིན་བྱ་བའི་ཉེར་མཁོའི་དཔྱད་གཞི་ཞིག་ཡོང་ཆེད་དུ་ཡིན་པ་ལས། དཀའ་སར་གཡོལ་ནས་སླ་ས་རྒྱས་བཤད་བྱ་བ་རྒན་མོ་སོ་མེད་ཀྱིས་ཟས་ཟ་བ་དང་འདྲ་བའམ། གོ་བཤད་གསལ་བཀྲོལ་གྱིས་དབུལ་བའི་སྤམ་བཤད་ནི་འཁྱགས་སྟེང་དུ་མཁར་ལས་བྱ་བ་བཞིན། རང་ལུགས་གཏད་སོས་སྟོངས་པའི་གཟུ་ལུམ་རྟོག་བྲལ་གྱི་བྱ་བ་འདི་དག་ལ་བསུན་བྱིན་བྱ་ཆེད་དུ་ཡིན། བྱ་བྲལ་བ་ཆེན་པོ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། གོ་བདེར་བཤད་ན་རང་གི་སེམས་ལ་འཛིན་རྒྱུ། གཞན་གྱི་མི་ལ་བཤད་རྒྱུ་གཉིས་ཀ་ཡོད་པས་ཕན་པ་ཤིན་ཏུ་ཆེ། ཞེས་པའི་མདོ་དོན་ཡིད་ཀྱི་ཀློང་དང་རྟོག་པའི་ཡོལ་གོ་རུ་དྲངས་ནས་གཞུང་དོན་དག་ལ་གོ་སྐྱེན་གཟིགས་གསལ་དང་། དག་གསལ་མྱུར་གསུམ་གྱིས་གཞན་དྲིང་མི་འཇོག་པར་སྨྲ་བའི་རྟུལ་ཞུགས་ཀྱིས་ཉེ་གནས་ཚོགས་རྣམས་གཞུང་ལ་གོ་བ་དཔྱིས་ཕྱིན་པ་ལོན་རྒྱུར་མནོག་ཆེ་བོགས་ཐོན་ཐུབ་པའོ། །

དང་པོ། གཞུང་འདིའི་མཛད་པ་པོའི་ཆེ་བ་མདོར་བསྟན། 

ཁུ་རྔོག་འབྲོམ་གསུམ་དུ་གྲགས་པའི་ཡ་གྱལ་ཇོ་བོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་འཁྲུངས་ཡུལ་དང་ཡབ་ཡུམ། བསླབ་པ་སློབ་གཉེར་ཇི་ལྟར་གནང་ཚུལ་སོགས་ཕྲ་ཞིབ་ཀྱི་མཛད་པ་དག་ལོགས་སུ་སྐྱུང་ནས། གཙོ་བོ་དམ་པ་གང་དེའི་མཁྱེན་བརྩེ་ནུས་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་ཆེ་བ་འགའ་བརྗོད་པར་བྱ་སྟེ། གཅིག་ནི་སྤྱི་ལོ༡༠༥༧ལོར་རྭ་སྒྲེང་དགོན་པ་ཕྱག་བཏབ་སྟེ་ཇོ་བོ་བཀའ་གདམས་པ་ཞེས་ས་གསུམ་ན་འབྲུག་སྐད་ལྟར་གྲགས་པའི་གྲུབ་མཐའི་ཤིང་རྟའི་སྲོལ་འབྱེད་པ་དང་། གཉིས་ནས་ལྟོ་གོས་གཏམ་གསུམ་རླུང་ལ་སྐུར་ནས། ཇོ་བོ་རྗེ་ཚུལ་བཞིན་དུ་བསྟེན་པས་རྟེན་དགེ་བསྙེན་ལས་མ་སྒྲུབ་ཀྱང་། བསླབ་ཁྲིམས་སྲུང་བ་ལ་རབ་བྱུང་ལས་ལྷག་པར་མཛད་ཅིང་། བླ་མ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་ཀུན་གྱིས་མིག་ལྟོས་སུ་རུང་བ་ཞིག་མཛད་པས། ཇོ་བོའི་རྒྱལ་ཚབ་དང་བསྟན་པའི་བདག་པོར་གྱུར་བ་མ་ཟད།  ཇི་སྐད་དུ། ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་ཆུང་བ་ཞེས་པ་ལྟར་བརྗོད་བྱ་བསླབ་པ་གསུམ་དང་། རྗོད་བྱེད་སྡེ་སྣོད་གསུམ་གྱི་སྤང་རྟོགས་ཀྱི་མཁྱེན་པ་མཁའ་ལྟར་ཡངས་མོད། ཐུགས་ལ་སྒྲོབ་ཉམས་དྲེགས་པའི་སྤོབས་པ་དྲུངས་ནས་འབྱིན་པས། ང་རྒྱལ་གྱི་གོང་བུ་འགེམས་པའི་མཚན་གཞི་བསྙོན་མེད་དུ་གྲུབ་མཐའ་ཀུན་གྱིས་ཁས་འཆེས་པ་ལགས་སོ། །

གཉིས་པ། མི་ཆོས་གནད་ཀྱི་ཕྲེང་བ་ཞེས་པའི་གྲགས་རྩོམ་གྱི་སྤྱི་བཤད། 

ཕྱག་རྩོམ་འདི་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གི་ཚབ་མཚོན་བརྩམས་ཆོས་ཞིག་ཡིན་པ་མ་ཟད། བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་ཆེས་སྔ་བའི་བསླབ་བྱའི་རྩོམ་རིག་ཞིག་ཀྱང་ཡིན་པས། དེའི་གལ་ཆེའི་རང་བཞིན་མ་བརྗོད་ན་ཡང་འདོད་པས་ཁྱབ་པ་ལགས། སྤྱིར་གྲགས་རྩོམ་འདི་ཉིད་ཆེད་དུ་བྱ་བའི་གདུལ་བྱ་མདོ་སྟོད་གུང་ཐང་དུ་སྐུ་བལྟམས་པའི་ནག་ཚོ་ལོ་ཙཱ་བར་སྒེར་ཆོས་སུ་གནང་འགྱེད་མཛད་པ་ཞིག་ཡིན་ལ། ཡང་སྒོས་སྒང་པ་བོད་པའི་སྐྱ་སེར་ཕོ་བོ་རྒན་དར་གཞོན་གསུམ་གྱི་གདུལ་བྱ་ལའང་ཆོས་སྦྱིན་བསྩལ་བ་ཡིན་ཕྱིར། དུས་སྐབས་དེ་དང་དེའི་ཚེ་བརྡབ་གསིག་ཕུང་དཀྲོལ་ཀླད་ནས་གཞོམ་ཞིང་། ནང་འཁྲུག་ཞོད་འཇགས་ཡོང་རྒྱུར་བོགས་ཐོན་པ། སྡིག་ཏོ་ཅན་རྣམས་ཐལ་བའི་རྡུལ་དུ་བརླག་ཅིང་ཡ་རབས་སྣང་བའི་དཔལ་འདྲེན་གཏུབ་པ། འབངས་རྣམས་བདེ་སྒྲུབ་སྡུག་སྤོང་དང་། ཁ་མིག་ཡར་ལྟའི་ཕྱོགས་སུ་འདྲེན་པ། བསྟན་འཛིན་སྐྱེས་བུར་བསྟན་པ་རིན་པོ་ཆེ་ལྟག་ཆད་རྫིང་བུ་དང་། རླུང་ཁྲོད་ཀྱི་མར་མེ་ལྟར་ཉག་ཕྲ་བ་གསོ་བའི་ཡིད་བརྟན་གྱི་གོ་ཆ་བཀླུབས་པ་སོགས་བསྒྲུན་དུ་མེད་པའི་བསླབ་གདམས་ཀྱིས་ནུས་མཐུ་ཐོན་དང་ཐོན་མུས་ཡིན་ལ། རྗོད་བྱེད་ཚིག་སྦྱོར་གྱི་ཆ་ནས་བརྡ་རྙིང་མངོན་བརྗོད་ཀྱི་གཡའ་དང་བྲལ་ཞིང་མེ་ལོང་མའི་ལུགས་ཀྱི་ཤུགས་རྐྱེན་ཆུང་བ། བོད་མིའི་གདོད་མའི་ངག་སྦྱོར་རིག་གནས་སྟེ། ངག་ནས་ཤར་མར་གྱེར་བདེ་ཞིང་གོ་བདེ་བ། ཟོལ་མེད་བག་ཆགས་ཀྱི་ཚིག་རུས་ལས་བརྩེ་དུང་གི་དྲོད་ཁོལ་གཤའ་མ་ཚོར་ཐུབ་པ་སོགས་ཀྱི་དགེ་མཚན་འབུམ་གྱིས་གཏམས་པ་ཞིག་ཡིན། མ་ཟད། སྐབས་དེའི་འཚོ་བའི་ངོ་རིས་དང་འཚོ་ཚིས་ཀྱི་མཁོས་བབ། བོད་ཀྱི་བསླབ་བྱའི་རྩོམ་རིག་ལ་འཐེབས་པའི་ཤུགས་རྐྱེན་སོགས་མང་མང་དཔྱད་རྒྱུ་ཡོད་ཀྱང་ཡིག་འབྲུ་མངས་བར་དོགས་ནས་སྐུངས་བར་བྱའོ། །

གསུམ་པ། གཞུང་འདིའི་རྒྱབ་ཆོས་ཚིག་དོན་འགའི་མཆན་འགྲེལ། 

གཅིག མི་ཆོས་གནད་ཀྱི་ཕྲེང་བ་ཞེས་པའི་མཆན་ཊིཀྐ

མི་ཆོས་གནད་ཀྱི་ཕྲེང་བ་ཞེས་པའི་ཕྲེང་བའི་གོ་བཞེད་གནང་ཚུལ་ལ་ཇོ་བོ་བཀའ་གདམས་པའི་གཞུང་རྣམས། ཞིབ་མཇལ་གནང་བའི་སྐལ་བཟང་འཆར་ཚེ་གོ་བ་ལྷག་པོ་ཆེ་གཞན་ཞིག་འཆར་རྒྱུ་མཆིས་པ་སྟེ། ཕྱག་རྩོམ་འདི་ཕུད་གཞན་གྲགས་རྩོམ་འདིའི་འགོ་མཇུག་བར་གསུམ་དུ་ཇོ་འབྲོམ་ནག་གསུམ་གྱིས་ཕན་ཚུན་འབེལ་གཏམ་བཀའ་མཆིད་ཚུལ་དུ་གནང་བའི་གསུང་རྣམས་གཞུང་རྟ་གཅིག་ལ་བརྒྱུས་པའི་དབྱིག་ནོར་གྱི་ཕྲེང་བ་ལྟར་སྣང་བས་དེར་གོ་བ་མིན་ནམ་སྙམ། ཅི་ཕྱིར་ཞེ་ན། ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད་ལས།༼གཤམ་དུ་ནོར་བུའི་བང་མཛོད་ཅེས་འབྲི༽“ཨ་ཏི་ཤ་ཡབ་སྲས་གསུམ་གྱི་ལྷ་ཆོས་མི་ཆོས་གནད་ཀྱི་ཕྲེང་བ་དྲི་བ་དྲིས་ལན་གྱི་ཚུལ་དུ་མཛད་པ་ནི”①ཞེས་འཁོད་པ་མ་ཟད་གོ་རིམ་མི་འཆོལ་མི་འཁྲུག་པར་ཐར་ཆགས་སུ། ཐོག་མར་འབྲོམ་སྟོན་པས་ནག་ཚོ་ལོ་ཙཱ་བར་གདམས་པའི་ཚན་པ་དེ་དང་།༼མི་ཆོས་གནད་ཀྱི་ཕྲེང་བ་བསླབ་གཞིར་བཀོད་པ་དེ་ཡིན།༽ དེ་རྟིང་ནག་ཚོས་འབྲོམ་སྟོན་པར་བཀའ་ལན་དུ་གསུངས་པའི་ཚན་པ། དེ་ནས་ཇོ་བོས་འབྲོམ་སྟོན་པ་ལ་གདམས་པའི་ཚན་པ། མཐའ་མར་འབྲོམ་གྱིས་ཇོ་བོ་ལ་བཀའ་ལན་དུ་གསོལ་བའི་ཚན་པ་བཅས་སྲད་བུར་བརྒྱུས་པའི་རིན་བྲལ་དབྱིག་ནོར་གྱི་ཕྲེང་བ་བཞིན་སྣང་བས་ཡིན། ནོར་བུའི་བང་མཛོད་ལས། ནག་ཚོས་ལན་དུ་གསུངས་པ།“དེ་རིང་དཀོན་མཆོག་ནོར་བུའི་ཕྲེང་བ་རྙེད”②ཞེས་དང་།“དེས་ན་ཁྱོད་ཀྱི་གསུང་རྣམས་ཇི་སྙེད་པ། །ནོར་བུ་རིན་ཆེན་ལགས་པས་སེམས་ལ་འཆང”③ ཞེས་བརྗོད་དོན་གཅིག་ལས་ཕྲོས་བཤད་ཀྱི་ཚན་པ་ཕན་ཚུན་གཟུགས་དང་གྲིབ་མ་བཞིན་ནམ། ལུས་ཀྱི་ཡན་ལག་བཞིན་མེད་ན་མེད་ཐབས་མེད་པའི་སྒྲིག་གཞི་ཚགས་དམ་འགོ་རྔ་ཚང་བར་མཆིས་པས་ཡིན། ཡོངས་གྲགས་དབང་དུ་བྱས་ན་འབྲོམ་སྟོན་པས་བཀའ་དྲིན་ཅན་གྱི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་ཐག་རིང་བལ་པོའི་བྱེས་སུ་འགྲིམ་དུས་སུ་གདམས་པའི་ཚན་པ་དེར་གོ་བ་ཀུན་གྱི་ཞལ་སྔ་ན་རླུང་ལྟར་གྲགས་པ་འདི་ཡིན། 

གཉིས། གཞུང་གི་དབུའི་ཚིག་དོན་འགའི་འགྲེལ་པ་བཤད་པ། 

ཕྱག་རྩོམ་འདིའི་དབུར།  གུང་ཐང་པ་ན་རེ། ཁྱེད་སྙིང་གི་པདྨའི་ཟེའུ་འབྲུ་ལ་རྟག་ཏུ་འབྲལ་བ་མེད་ཀྱང་། བོད་མ་དག་པ་རྣམས་ཀྱི་བློ་ངོ་ལ་ཧ་ཅང་མཐུན་ཆེ་པར་བསྟན་མོད། འོན་ཀྱང་སྙིང་གཅིག་ཏུ་བཞུགས་པའི་བྱ་བ་ལ་ལས་ཐབས་བཟང་པོ་བྱས་པས་མི་འགྱོད། ཅེས་པའི་གོ་བ་ཅུང་ཕྲ་ཞིབ་ཀྱི་བརྗོད་པར་བྱའོ། །

1.  ཁྱེད་སྙིང་གི་པདྨའི་ཟེའུ་འབྲུ་ལ་རྟག་ཏུ་འབྲལ་བ་མེད་ཀྱང་།

མཆན་འགྲེལ་ནི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་གདམས་པ་སྟོན་པ་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རྣམ་གཉིས་ཀྱི། ཐུགས་བརྩེ་བ་ཟབ་པའི་མཛའ་གཅུགས་རྣལ་མ་ཞིག་དང་། ཕན་ཚུན་མི་བུ་རིན་ཐང་ཅན་དུ་གཙིགས་སུ་འཛིན་པའི་འཛིན་སྟངས་ཤིག མཁས་པ་མཁས་པའི་ནང་ན་མཛེས་པའི་མངོན་སྟངས་ཤིག་དང་།  ལྟ་སྤྱོད་སྒོམ་གསུམ་མ་གྲོས་གཅིག་མཐུན་གྱི་ཞེ་ཕུགས་མཐུན་པའི་ཆོས་ཀྱི་ར་མདའ་ཞིག ཉ་ཆུ་བཞིན་དུ་བྲལ་གླགས་མེད་པའི་ཟོལ་མེད་དུང་ཞེན་ཞིག་བཅངས་ཡོད་པ་མངོན་འོང་། ནོར་བུའི་བང་མཛོད་ལས། “དེ་ལ་སྙེ་ཐང་འཁོར་ནས་གཞུ་འདོམ་ཉི་ཤུ་རྩ་ལྔའི་བར་དུ་སྐྱེལ་ཐུང་མཛད་དེ། གཅིག་ལ་གཅིག་གིས་ཕྱག་ལ་འཇུས་ནས་འབྲལ་མི་ཕོད་པའི་ཚོད་ཙམ་དུ་སྙིང་གཏམ་སྒྲོས་སུ་གླེང་བ་ན”④ཞེས་དང་། ཡང་དེ་ལས། འབྲོམ་གྱིས་ལན་དུ་གསོལ་བའི་ཚན་པ་དེར། “མ་དང་འབྲལ་ཐབས་མེད་པའི་བུ་མོ་བཞིན། །ག་ཤེད་ཐག་རིང་ཁྱིམ་ལ་འགྲོ་དུས་ན། །མ་བུ་སོ་སོར་འཁྲེང་ནས་འབྲལ་བ་བཞིན། །བསླབ་བྱ་རང་སར་བྱེད་ཅིང་སྐྱོངས་པ་ལྟར། །དེང་སང་བདག་ཅག་འབྲལ་གླགས་མེད་ན་ཡང་། །གུང་ཐང་པ་ནི་ཁོ་བོ་འབའ་ཞིག་སེམས། །ངེས་པར་འཁྲེང་ནའང་འཕྲིན་ལས་སྐྱེལ་དུ་ཐལ། །འཕྲིན་ལས་ཅན་དེ་བོད་ལ་སྤྱི་སྙོམས་ཆེ། །ཕྱོགས་རིས་མེད་ཀྱང་མངའ་རིས་ཕྱོགས་སུ་ཐལ། །བཀའ་དྲིན་ཅན་དེས་ལྷག་པར་འབྲོམ་ལ་བརྩེ། །ཤིན་ཏུ་མཐུན་པ་དེ་རིང་བྲལ་ཏེ་ཐལ། །ཞེས་དང་། ཡུ་མོ་ཤེའུ་སྟོར་བཞིན་དུ་ནག་ཚོ་དྲན། །འདབ་ཆགས་སྒོང་སྟོར་བཞིན་དུ་ནག་ཚོ་དྲན། །ཉ་མོ་ཆུ་བྲལ་བཞིན་དུ་ནག་ཚོ་དྲན། །ཤ་ཕོ་རུ་ཕོག་བཞིན་དུ་ཡིད་མ་ཆེས། །ཆུང་མ་ཁྱོ་བྲལ་བཞིན་དུ་སྣང་མ་འཕྱོ། །ཉི་ཟླ་གཟས་བཟུང་བཞིན་དུ་ཉམས་མ་དགའ”⑤ཞེས་ཁོང་རྣམ་གཉིས་ཀྱང་འདུས་པའི་མཐའ་མ་བྲལ་བའི་དངོས་པོའི་གཤིས་ལས་ཐར་ཐབས་བྲལ་གཤིས།  ཐུགས་ཀྱི་འོ་མཚོ་སྐྱོམས་པ་ལས་གདུང་སེམས་རླབས་ཀྱི་ཕྲེང་བ་ཤར་མར་མཁའ་རུ་འཕྱོ་བའི་གསུང་མགུར་འདི་དག་ལས་རྗེས་དཔག་ཚུལ་གྱིས་རྟོགས་ནུས། མ་ཟད། ཁོང་རྣམ་གཉིས་སྐབས་དེའི་ཚེ་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི། མི་འཇིགས་མཁས་པའི་གོ་འཕངས་མཐོན་པོར་གཤེགས་ཏེ་གདུལ་བྱ་དམུ་རྒོད་ཅན་རྣམས་ལ། སྦྱིན་པ་རྣམས་གསུམ་གང་འདོད་གནང་འགྱེད་མཛད་ནས་འགྲོ་དོན་བསྐྱངས་དང་སྐྱོངས་མུས་ཡིན། བཀའ་དང་བསྟན་བཅོས་ཀྱི་དཀའ་བའི་གནད་ལ་ཕན་ཚུན་ལེགས་བཤད་ཀྱི་སྐྱེས་དང་གཏང་རག མི་ཕྱེད་པའི་དད་པ་དག་སྣང་ཐུགས་ལ་ནར་མར་སྣང་བས་ཡིན་ཏེ། རྐང་དྲུག་བུང་བས་པདྨའི་རོ་བཅུད་གཞིབ་ལ་མ་བསྐུལ་དང་བླངས་ཀྱིས་འཇུག་པ་བཞིན་དུ་ནམ་གཞར་བྲལ་མེད་ཡིན་པ་གོ་བ་མིན་ནམ་སྙམ། ཕྱིས་སུ་ལོ་ཙཱ་བ་མཆོག་བལ་པོར་གཤེགས་ནས་ཁོང་རྣམ་གཉིས་ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་འདི་ཉིད་ཁ་བྲལ་བ་ཡིན་མོད། འོན་ཀྱང་།  རྟག་ཏུ་འབྲལ་བ་མེད་ཀྱང་ཞེས་གསུང་དོན་ནི་ཤེས་རབ་སྡོང་བུར། གང་ཞིག་ཡིད་དང་རྗེས་མཐུན་པ། །རིང་ན་གནས་ཀྱང་ཉེ་བ་ཡིན། །གང་ཞིག་ཡིད་ལ་བརྟན་མི་གནས། །དྲུང་ན་གནས་ཀྱང་རིང་བ་ཡིན། ། ཞེས་པའི་མདོ་དོན་ལས་གོ་ནུས་པ་ཡིན་ནོ། །

2. བོད་མ་དག་པ།

མཆན་འགྲེལ་ནི། མ་དག་པ་ནི་རྒྱུ་དུས་སུ་བྱ་བ་སྒྲུབ་སྟངས་ནོར་བའམ་ཕྱིན་ཅི་ལོག་པ། ཡང་ན་འབྲས་དུས་སུ་འབྲས་བུ་ངན་པ་སྨིན་པར་གོ དེ་ཡང་། བརྟན་གཡོའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལས་འབྲས་ལ་བློ་མིག་ལྡོངས་ཤིང་། དམུ་རྒོད་མི་བསྲུན་སྡིག་ཏོ་ཅན་ཤ་སྟག་ཏུ་སྣང་བ་སྟེ། ལས་འབྲས་ལ་བསྐུར་བ་འདེབས། འཚེ་བ་ཆོས་སུ་སྨྲ། བྱས་པ་དྲིན་དུ་མི་གཟོ། ཆོས་དང་ཆོས་མ་ཡིན་པ་མོན་ཡུལ་རྡོར་གཅོད་དུ་བྱེད་པ། དགེ་བོགས་ཡ་རབས་སྣང་བའི་མེ་སྟག་ཡལ་ལ་ཁད། སེམས་ཅན་ཐམས་ཅད་རྫུད་ལམ་ཐུར་ལ་བདེ། གཟུ་ལུམ་ཐོ་ཅོའི་མ་རབས་སྤྱོད་པས་སྐྱེ་བོ་ཐམས་ཅད་སྦལ་པ་རྨ་ཅན་དང་ཆུ་ངན་ལམ་ཞུགས་བྱེད་ལ་གོ་བ་མིན་ནམ་སྙམ།  ཞིབ་པར་འཆད་པ་ལ། སྐབས་དེའི་སྤྱི་ཚོགས་ཀྱི་ངོས་ནས་བརྗོད་ན་མ་དག་པ་ངན་པ་སྟེ་འཇིག་རྟེན་གཏམ་ངག་ཏུ། ལུང་ཆུང་རེ་ལ་དཔོན་ཆུང་རེ། །བླ་མ་རེ་ལ་ཆོས་ལུགས་རེ། །ཞེས་པ་ལྟར་སྤུར་རྒྱལ་བོད་ཁམས་ཧྲིལ་པོ་ཁ་ཐོར་སྣ་ཐོར་དང་། ཁ་ཆག་སྣ་རལ་ངན་རྒུ་སྡུག་ཇུས། སྐྱ་ཟད་སྔོ་ཟད་དུ་སོང་ནས་གཅིག་འགྱུར་གྱི་སྲིད་དབང་སྒྲིག་གཞི་མེད་པ་མ་ཟད། བཙན་པོ་གྱད་མིས་གཉོམ་ཆུང་གཉའ་ནས་གནོན་པ། བདེན་པ་ཡོད་ཀྱང་བསྙད་ས་མེད་པ། མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན་པའི་སྣ་ནག་མ་སྙིགས་མའི་དུས་སྐབས་ཤིག ཡིན་པ་མ་ཟད། གཞན་ཡང་།  སྡེ་གཟར་དང་ནང་འཁྲུག་ནང་དམེའི་ཁྱི་ཚོགས་ནང་མུར་གྱི་ཡོ་ལང་སྤྲིན་ལྟར་འཕྱོ་བའི་དུས་ཤིག་སྟེ། བཀའ་གདམས་ཕ་ཆོས་ལས། “དགེ་བཤེས་སྟོན་པའི་ཞལ་ནས།༼འཕྲང་ཁ་བེར་ཆུང་ལ༽ ཤ་ཟན་ཙམ་ཟན་གྱི་འཁྲུག་པ་འདི་བསྡམས”⑥ཞེས་དང་། མི་ཆོས་གནད་ཀྱི་ཕྲེང་བ་ལས། “ལ་སྟོད་ལྷོ་ཡི་ཕྱོགས་ནི་དགྲ་འཇིགས་ཆེ། །ཞེ་སྡང་ངན་སྔགས་ཚོགས་ལ་གཟབ་པར་འཚལ། །ཉང་ཤབ་བྱང་གི་ཕྱོགས་ནི་སྨྲེ་མཆུ་མང་། །ལོང་གཏམ་ཚོགས་ཀྱི་ཚོགས་ལ་གཟབ་པར་འཚལ། །སྤུར་རྒྱལ་བོད་ཀྱི་ཡུལ་ནི་ཁྲེལ་གཞུང་ངན”⑦ཞེས་པའི་གསུང་ལས་རྟོགས་ནུས་པ་དང་། འབངས་ཀྱི་འཚོ་ཚིས་ཕོངས་ཤིང་མཁོས་དམན་ཁ་སྟབས་ཞན་པ་སྐྱ་ཟད་སྔོ་རྡུགས། དྲང་པོའི་མཐའ་མི་སྐྱོངས་ཤིང་གཅམ་གསག་མི་དགེའི་ལས་ལ་འཇུག་པ། གཞོགས་སློང་སྡིག་ཁམ་པོ་ཆེའི་ལས་སྣ་ཚོགས་པས་ཡིད་ལ་བརྣག་པར་དཀའ་བའི་ཚོར་བ་ངམ་ཤུགས་སུ་བསྟེར་བ་སྟེ། བཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་གྱིས་མཛད་པའི་བློ་སྦྱོང་ཁྲིད་ཡིག་བདུད་རྩིའི་སྙིང་པོའི་ནང་བྱང་དུ་དབུལ་ཕོངས་ཕ་ཡིས་ཤ་གཟུགས་འཁྱེར་ནས་འཚོ་བ་བཙལ་བའི་སྐོར་དང་།  དཔེ་ཆོས་རིན་ཆེན་སྤུངས་པ་ལས། “སྔགས་པ་ཡེ་འབྱུང་བྱ་བས་དབུས་སུ་མར་ནག་འཚོང་བས། སྲང་དབྱིབས་འདྲ་བ་ཆེ་ཆུང་གཉིས་བྱས་ནས། དང་པོ་སྲང་ཆུང་ཤོས་ཕུ་ཐུང་ནང་དུ་སྦས། སྲང་ཆེ་བ་མི་ལ་བསྟན། ཚོང་བྱེད་ཁར་གཞན་གྱིས་བྲེ་སྲང་བསྡུར་བས། སྲང་ཇོ་བོའི་ཆེ་བར་བྱུང་བས། ཁོ་ན་རེ། སེམས་ཅན་ཉོན་མོངས་པ་སྙིང་རེ་རྗེ། བྲེ་སྲང་གང་དགའ་བ་ལ་གྱིས་ཟེར་ཏེ། དེ་ནས་ཉོ་བ་བག་ཙམ་ཡེངས་པ་ལ། ཕུ་ཐུང་ནང་གི་སྲང་དང་བརྗེས་ནས་ཚོང་བྱས་ལོ”⑧ཞེས་གསལ་བ་བཞིན་ནོ། ། དེ་བཞིན་ཆོས་ཕྱོགས་ངོས་ནས་བརྗོད་ན་མ་དག་པ་སྟེ། བསྟན་པ་རིན་པོ་ཆེ་ཉག་ཕྲ་བ་རླུང་ཁྲོད་ཀྱི་མར་མེ་བཞིན་སྣང་ལ། བསྟན་འཛིན་གྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟར་གྲངས་མེད་བྱོན་ཡོད་ཀྱང་། བསླབ་གསུམ་གྱི་ཕྲ་ཞིབ་ཉམས་ལེན་ཁག་ལ་ཚུལ་བཞིན་མ་འབྱོར་བ། ཧྭ་ཤང་ལྟ་བ་སྟེ་ཅི་ཡང་ཡིད་ལ་མི་བྱེད་པའི་ལོག་ལྟ་མུ་མེད་ལ་འཇུག་པ། ཆོས་རྫུ་ཅན་མང་མང་གིས་འདུལ་ཁྲིམས་རླུང་ལ་སྐུར་ནས་སྦྱོར་གྲོལ་སོགས་ཉམས་ལེན་བྱ་བ་སྟེ། བསླབ་གསུམ་དང་འགལ་བའི་འཆལ་སྤྱོད་སྣ་རིས་སྤུ་ཚོགས་ཀྱིས་བསྟན་མིན་བསྟན་པར་རློམ་པ་དང་། ཆོས་མིན་ཆོས་པར་སེམས་པས་རྒྱལ་བའི་དྲི་མ་མེད་པའི་བཀའ་དང་བསྟན་བཅོས་ཀྱི་དགོངས་པ། ལྟར་སྣང་དུ་འགྲེལ་བ་དུ་མ་ཐོན་པས་མ་དག་པ་ལགས། རྒྱ་གར་གྱིས་བཀའ་རྩོམ། རྒྱ་ནག་གིས་བསྟན་བཅོས་རྩོམ། བོད་ཀྱི་རྒྱུད་རྩོམ་ཞེས་ཁུངས་ཐུབ་ཚད་མ་མ་ཡིན་པའི་བསྟན་བཅོས་ལྟར་སྣང་སྤང་ལ་མེ་མཆེད་པ་ལྟར་གང་སར་ཁྱབ་པ་སྟེ། ཤམ་ཐབ་སྔོན་མོས།“ཨ་མ་ལགས། ཆང་རྫ་མ་གང་འཁྱེར་ཤོག་དང་བསྟན་བཅོས་པུ་ཏི་གཅིག་བརྩམས་ཆོག”⑨ཞེས་དང་། བཀའ་གདམས་ཕ་ཆོས་ལས།“ལྷ་བཙུན་པའི་ཞལ་ནས་འོ་སྐོལ་བོད་འདིར་བསྟན་པའི་འཕེལ་འགྲིབ་ཤིན་ཏུ་མང་བར་བྱུང་གདའ། བྲག་རྒྱབ་པའི་རྒན་པོ་ཅིག་ཤེད། ངའི་རིང་ལ་ཤམ་ཐབས་འཆིང་ལུགས་གསུམ་བྱུང་ཟེར”⑩ཞེས་སོགས་ཀྱི་ཤེས་བྱེད་གྲངས་མེད་གདའ། གཞན་དུ་ན།  མདོ་སྔགས་གཉིས་ཚ་གྲང་བཞིན་འགལ་བར་བཟུང་ནས་ཁྱད་གསོད་བྱ་བ་དང་། ལྟ་སྤྱོད་ཡ་བྲལ་ཞིང་ཆོས་ལོག་གི་རྣམ་གྲངས་འབྱམས་ཀླས་པ་ཐོན་པ་སོགས་བསྟན་པ་ཤིན་ཏུ་འགྲིབས་པས། ཇོ་བོ་རྗེས་ཙཱ་བ་རིན་ཆེན་བཟང་པོ་དང་བོན་སྟོན་རྣམས་ལ་ཞལ་འཛུམ་ནག་ཏིང་ཐེངས་དུ་མར་སོང་དོན་ཡང་གནད་འདི་ལ་ཐུག་པ་ཡིན།  ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་རྣམ་གཉིས། དེ་བཞིན་ནག་ཚོ་དང་ཁུ་རྔོག་འབྲོམ་གསུམ་ནས་གཙོ་མཛད་པའི་བོད་ཀྱི་བླ་ཆེན་དང་དཔོན་ཆེན་རྣམས་པས། དཀའ་བ་དུ་མ་ཁྱད་བསད་ཀྱིས་ཇོ་བོ་རྗེ་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་ཀྱང་། དེ་ལྟའི་ཆོས་ལོག་དག་ཚར་བཅད་དེ་བསྟན་པ་རིན་པོ་ཆེར་དག་ཐེར་བྱ་ཆེད་དུ་ཡིན་ནོ། །

3. བློ་ངོ་ལ་ཧ་ཅང་མཐུན་ཆེ་པར་བསྟན་མོད།

མཆན་འགྲེལ་ནི་མཁས་པ་མཁས་པའི་ནང་ན་མཛེས་ཞེས་པ་ལྟར་ནག་ཚོས་ཇོ་འབྲོམ་རྣམ་གཉིས་ལ་རྟོག་པའི་གཏིང་རུམ་ནས་མི་ཕྱེད་པའི་དད་པ་དག་སྣང་ཚད་མེད་མཆིས་ཀྱང་། བོད་མ་དག་པ་རྣམས་ཀྱི་བློ་ངོར་ཡུལ་དུས་ཀྱི་དབང་གིས་སྐྱེ་བོ་རང་ག་བའི་འཛིན་སྟངས་ཀྱི་ཟོལ་བསྟན་ནས་ཚད་འདས་ཀྱིས་རིམ་གྲོ་བཀུར་སྟི་མ་བསྟེན་པའི་དོན་མིན་ནམ་སྙམ། ནོར་བུའི་བང་མཛོད་ལས།  ཇོ་བོས།“ཚུལ་ཁྲིམས་རྒྱལ་བས་དཀའ་བ་བརྒྱ་ཕྲག་སྤྱད། །རྒྱ་གར་ཡུལ་ནས་ཁོ་བོ་གདན་དྲངས་ནས། །ཁྱེད་ཀྱི་བཞེད་པ་བསྒྲུབ་ནས་སོང་ལགས་སམ། །ང་དང་བྲལ་བརླག་མེད་པའི་སྐྱེས་བུ་དེ། །ཚིམ་པ་མེད་པར་དམ་ཆོས་བླང་བའི་ཕྱིར། །ཐག་རིང་བལ་བོའི་ཐང་ལ་རྒྱུགས་པ་ན། །བརྩེ་བས་ཁོ་བོར་འཁྲེང་བ་མི་གདའ་འམ”11ཞེས་འཁོད་པ་སྐབས་དེའི་གནད་སྟངས་གཤའ་མ་ཡིན་ལ། གཞན་དུ་ན། ཇོ་བོ་རྗེ་དབུས་སྙེ་ཐང་དུ་ཕེབས་གྲུབ་པ་དང་། ཁོང་ལ་བསྙེན་བཀུར་སྲིད་ཞུ་ཞབས་ཏོག་ཞུ་མཁན་འབྲོམ་སྟོན་པ་མཆིས་པ་དང་། ཇོ་བོ་གདན་འདྲེན་ཞུ་རྒྱུའི་ལས་འགན་ཡང་ལེགས་པར་གྲུབ་པས་ལོ་ཙཱ་བ་མཆོག་དམ་ཆོས་བསྟན་པ་རིན་པོ་ཆེར། ཚིམ་མེད་ཐོས་བསགས་ཀྱི་ཆེད་དུ་འདུས་པའི་ཐ་མ་བྲལ་བའི་ཆོས་ཉིད་བཞིན། ཇོ་འབྲོམ་དང་ཞལ་གྱེས་པའི་སྐྱེ་བོ་རང་ག་བའི་ངང་ཚུལ་དང་མཐུན་པར་བསྟན་པ་ཡིན་ཞེས་པའི་དོན་མིན་ནམ་སྙམ།  ནོར་བུའི་བང་མཛོད་ལས།  ནག་ཚོས་ལན་དུ་གསུངས་པ།“བདག་ཀྱང་ཇོ་བོ་ཆེན་པོ་བཞུགས་ཀྱི་བར། །ཕྱག་ཕྱིར་འབྲང་ཞིང་སྡོད་པ་འོས་ན་ཡང་། །ས་བདག་ཁྱོད་ལ་མཆོད་ཡོན་འཕྲོད་པས་ན། །འགྲོ་འམ་འདུག་ཀྱང་སེམས་ཁུར་ཆུང་བ་ཡིན། །ཞེས་དང་།  ཡང་དེ་ལས། འབྲོམ་གྱིས་གསོལ་བ། འཕྲིན་ལས་ཅན་དེ་བོད་ལ་སྤྱི་སྙོམས་ཆེ། །ཕྱོགས་རིས་མེད་ཀྱང་མངའ་རིས་ཕྱོགས་སུ་ཐལ”13ཞེས་པ་བཞིན་དོན་ལ་གནས་སོ། །

4. འོན་ཀྱང་སྙིང་གཅིག་ཏུ་བཞུགས་པའི་བྱ་བ་ལ་ལས་ཐབས་བཟང་པོ་བྱས་པས་མི་འགྱོད།

མཆན་འགྲེལ་ནི་སྙིང་གཅིག་ཏུ་བཞུགས་པའི་བྱ་བ་ཞེས་པ་ལྷ་བླ་མ་ཁུ་དབོན་རྣམ་གཉིས་ཀྱིས་གཙོ་མཛད་པའི་ནག་ཚོ་དང་།  འབྲོམ་སྟོན་པ་སོགས་བོད་ཀྱི་དཔོན་ཆེན་དང་སྟོན་ཆེན་རྣམས་ཀྱི་ཐུགས་རེ་དང་མ་ནི་བོད་ཀྱི་བསྟན་པར་དག་ཐེར་དང་བསྟན་པ་རིན་པོ་ཆེ་གོང་ནས་བླ་རུ་སྤེལ་ཆེད་ཇོ་བོ་རྗེ་གདན་དྲངས་རྒྱུ་དེ་ཡིན་པ་དེར་གོ་བ་དང་། ལས་ཐབས་བཟང་པོ་ནི་ཡུལ་དུས་དང་བསྟུན་ནས་ཇུས་དང་བྱ་ཐབས་བཟང་པོའམ་ཐབས་མཁས་ཀྱིས་གདན་དྲངས་པར་གོ་བ་མིན་ནམ་སྙམ། ཞིབ་ཏུ་འཆད་པར་བྱ་སྟེ། ཇོ་བོ་རྗེ་གདན་འདྲེན་ཞུ་བར་ཐོག་མར་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་སོགས་བློ་རྣོ་བའི་བོད་ཕྲུག་བདུན་བཏང་ཀྱང་གདན་མ་དྲོངས། དེ་ནས་སླར་ཡང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་མཆོག་རྟོལ་རུང་སྔར་བཞིན་མ་དྲོངས། དེ་ནས་ལྷ་བླ་མ་བྱང་ཆུབ་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དགུང་ལོ་ཉེར་བདུན་དུ་ཕེབས་པ་དེ་གདན་འདྲེན་དུ་བཏང་བས་ཁོང་གི་སྲོག་ལ་བསྡོས་ཏེ། དཀའ་བ་དུ་མ་སྤྱད་པས་ད་གཟོད་གདན་འདྲེན་ཐུབ་པ་བྱུང་ཡང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་མཆོག་ཕེབས་ལམ་དུ་གཟིམ་ཁྲི་མཐའ་ཅན་དུ་གྱུར། དེ་ཡང་བཀའ་གདམས་ཕ་ཆོས་ལས།“རྒྱ་གར་མཐའ་ཁོབ་ཏུ་བྱོན། སྙུག་མའི་ཁང་པ་ཅིག་ཏུ་བཞུགས་པས། ཨ་ཙ་རས་གསེར་ཡོད་པར་ཤེས་ནས། གསོད་པའི་གྲོས་བྱེད་པ་ལོ་ཙཱ་བས་མཁྱེན་ནས། ཡང་མུ་སྟེགས་པ་དེ་རྣམས་ཀྱིས་བོད་དུ་ནང་པའི་བསྟན་པ་འཕེལ་གྱིས་དོགས་ནས། ཇོ་བོ་བཀྲོང་མི་བཏང་། བལ་ཡུལ་དུ་བྱོན་པའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་སེང་སྐུ་གྲོང”14ཞེས་འཁོད་པ་ལས་ཇོ་བོ་རྗེ་གདན་འདྲེན་ཞུ་ཆེད་དུ་བོད་ཀྱི་སྟོན་ཆེན་རྣམས་པས་སྐུ་ཚེགས་དུ་མ་བསྐྱོན་གནང་བ་ཟུར་བསྟན་ལེབ་མཐོང་ཚུལ་གྱིས་རྟོགས་ནུས་པའོ། ། ཇོ་བོ་གདན་འདྲེན་ཞུ་བའི་བརྒྱུད་རིམ་ནང་ཐབས་མཁས་ཇི་ལྟར་མཛད་ཚུལ་ལ། བཀའ་གདམས་ཕ་ཆོས་ལས།“ཇོ་བོ་ཉིད་ཀྱང་རྒྱ་གར་དུ་བྱོན་པར་དགོངས། ལོ་ཙཱ་བ་ཡང་དང་པོའི་ཆེད་སོ་ཡོད་པས། ཕར་བསྐྱལ་བར་བཞེད། ལྷ་བཙུན་པ་ཇོ་བོ་བཞུགས་པ་ལ་དགྱེས་ཀྱང་ཞུ་བ་འབུལ་མ་ནུས། དགེ་བཤེས་སྟོན་པས་ཀྱང་ནན་ཏན་མཛད་མ་ནུས། གུང་བློན་ཆེན་པོ་ཕེར་བ་ཙམ་གྱིས་མཁྱེན་པ་མངའ་བ་ཡིན་པས་བོད་ཀྱི་ལྷ་ས་དང་། བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་དང་། དགེ་འདུན་མང་པོ་བཞུགས་པ་ལ་སོགས་པ་སྙན་དུ་གསོལ་ནས། དེ་ཐམས་ཅད་ཇོ་བོ་བོད་དུ་བཞུགས་པ་ལ་དགྱེས་པ་ལགས་ཞུས་པས། ཇོ་བོ་ཤིན་ཏུ་དགྱེས་ནས་ཚངས་པར་སྤྱོད་པ་གྲངས་མང་པོ་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན། དེ་ཙམ་བཞུགས་ན། བཅོམ་ལྡན་འདས་ཀྱི་དགྲ་བཅོམ་པ་བཞུགས་པར་ལུང་བསྟན་པ་ཡིན་པས་བཞུགས་ཏེ་མཆི་གསུང་ནས། བོད་ཀྱི་ཕྱོགས་སུ་ཕྱག་མང་པོ་མཛད། དེ་ཐམས་ཅད་ང་འོང་བ་ལ་དགའ་བ་ཡིན་ན། ངས་དགེ་འདུན་གྱི་བཀའ་མི་ཅོག་པར་དམ་བཅས་པ་ཡིན་གསུང་ནས། དགེ་བཤེས་སྟོན་པ་དེས་སྤོབས་པ་སྐྱེས་ནས། བོད་དུ་བྱོན་པའི་ཞུ་བ་བྱས། ཇོ་བོས་ཞལ་གྱིས་བཞེས”15ཞེས་དང་། བཀའ་གདམས་རྩོམ་རིག་གསལ་བའི་སྒྲོན་མ་ལས།“འབྲོམ་གྱིས་དབུས་གཙང་གི་སྟོན་ཆེན་རྣམས་ལ་ཇོ་བོ་སྤྱན་འདྲེན་དུ་ཕེབས་པར་བསྐུལ་བའི་སྤྲིངས་ཡིག༼ཚིགས་བཅད་བཅུ་དགུ་པོ་ཅན་ཞིག་མཆིས་པ་ནོར་བུའི་བང་མཛོད་ནང་འཁོད་པ་དེ་ཡིན༽ སྤྲིངས་ཡིག་འདི་ནི་འབྲོམ་གྱིས་ཇོ་བོ་མངའ་རིས་སུ་ཕེབས་པ་གསན་རྗེས་ཁམས་ལྡན་མའི་ཡུལ་ནས་དབུས་སུ་ཕེབས་ཤིང་། འཕན་ཡུལ་ཕོད་མདོར་ཞང་ཕྲང་ཁ་བེར་ཆུང་བྱ་བའི་གནས་སུ་སྐྱེམས་བཀྲུར་བྱོན་ཞིང་། ཆེད་དུ་དམིགས་ནས་ཡུལ་གྱི་འཁྲུགས་པ་འདུམ་དགོས་པ་སོགས་ཀྱི་ཞལ་ཏ་གནང་བ་དང་། དེ་ནས་རང་གི་དགེ་བསྙེན་གྱི་སྡོམ་པ་འབོག་པའི་སློབ་དཔོན་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལ་ཕྱག་བསྐྱལ་བ་དང་། གནས་བརྟན་ཀ་བ་ཤཱཀྱ་དབང་ཕྱུག་ལ་ཇོ་བོ་སྤྱན་འདྲེན་པའི་འཕྲིན་ཡིག་ཁྱོད་ལ་བསྐུར་བར་བྱ་ཡི། ཁྱོད་ཀྱིས་བསྐུལ་མ་མཛད་ནས་དུས་ཐོག་ཏུ་ཕེབས་ཤོག་ཅེས་པ་ལ་སོགས་པའི་མངག་བཅོལ་གནང་སྟེ། མཁས་ཐབས་ཀྱིས་ཇོ་བོ་སྤྱན་འདྲེན་པའི་དུས་ལ་བབ་པའི་ཚེ་སྤྲིངས་པའི་འཕྲིན་ཞིག་ཡིན་ཞིང་། ཤོག་འཕྲིན་གྱི་ནང་དུ་དབུས་གཙང་གི་མཁས་པ་དག་མི་ཆེན་ཉི་ཤུ་ལྷག་གི་མཚན་ནས་སྨོས་པ་དང་། ཀ་བ་ཤཱཀྱ་དབང་ཕྱུག་གིས་ཀྱང་དེ་དེ་བཞིན་དུ་སྐུལ་མ་ཁྱབ་ཆེ་བ་གནང་བ་སོགས་ཀྱི་མཐུ་ལ་བརྟེན་ནས། སྐབས་དེའི་དབུས་གཙང་གི་མཁས་པ་ཕལ་མོ་ཆེས་ཐོས་པ་དང་མ་མཐོང་བ་མེད་པའི་འཕྲིན་ཡིག་ཅིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ཐོག་སྤྱི་ཕན་གྱི་གྲོགས་སུ་འགྱུར་ལ་གཞན་གྱིས་དོ་ཟླ་མི་ཆོག་པའི་འཕྲིན་ཡིག་ཀུན་གྱི་རྒྱལ་པོ་ལྟ་བུའང་ཡིན་པར་སྙམ་ཞིང་། འབྲོམ་སྟོན་གྱི་ཐུགས་ཟབ་ཅིང་དཀྱེལ་ཡངས་པ་ལས་བྱུང་བའི་ཤོག་འཕྲིན་འདིའི་མཐུ་ལས་དབུས་གཙང་གི་མི་ཆེན་དང་སྟོན་ཆེན་མང་པོ་དུས་གཅིག་ཏུ་མང་ཡུལ་དུ་ཇོ་བོ་བསུ་བར་འབྱོར་ཞིང་། དེའི་མཐུ་ལས་ཇོ་བོའི་འཕྲིན་ལས་ནམ་མཁའ་དང་མཉམ་པ་བོད་ཧྲིལ་པོས་ལོངས་སུ་སྤྱོད་ཆོག་པ་འདི་བྱུང་བ་ཡིན་ནོ”16ཞེས་ཁོང་རྣམས་པའི་ཆོས་རྣམ་འབྱེད་ཤེས་རབ་ཟབ་མོས་རྩིས་ཟིན་པའི་ལྟ་སྒོམ་སྤྱོད་གསུམ་གྱི་བགྱི་བ་ཡོད་རྒུ་ནི། བློ་ལྡན་དགྱེས་པའི་བཟང་སྤྱོད་འབའ་ཞིག་དང་། རྒྱུ་ཚོགས་གྲངས་ཚང་གིས་དམིགས་པའི་འབྲས་བུ་ཡོངས་སུ་སྒྲུབ་ཅིང་། ཐབས་མཁས་སྤྱོད་པས་བསྟན་པ་རིན་པོ་ཆེ་ཁ་བ་གངས་ཅན་གྱི་ལྗོངས་འདིར་ས་ཁྱབ་རྡོ་ཁྱབ་དང་། ས་དར་རྡོ་དར་བཞིན་སྤེལ་བར་ཕྱག་རྗེས་ཧི་མ་ལ་ལས་ཆེ་བར་འཇོག་གནང་མཛད་ཡོད་དོ། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། བྱིས་པའི་དུས་ནས་རྒས་ཤིང་ཁོག་པའི་བར། །སེམས་ཀྱི་ཁྱེར་སོ་ཇི་ཙམ་བརྗེས་གྱུར་པ། །རང་གིས་མྱོང་བས་དཔྱད་ན་ཤེས་ནུས་པས། །ད་ལྟའི་འཆར་སྒོ་འདི་ལ་ཡིད་རྟོན་ཅི། །ཞེས་རང་ལུགས་གཏད་སོས་ཕོངས་ཤིང་ཡིད་བརྟན་སྐད་ཅིག་ཀྱང་མ་མཆིས་པའི་རང་སྣང་ནི།  བྱིས་པ་རྣམས་བླང་དོར་གྱི་གནས་ལ་བློ་མིག་ལྡོངས་པའི་འགྱུར་བག་གཤའ་མ་ཞིག་ཡིན་པས། ཁོ་མོའི་ལྟ་ཚུལ་ཡང་ཚུལ་འདི་ལས་མ་འདས་ན་རྣམ་དཔྱོད་ཀྱི་སྤྱན་དཀྱུས་རིང་བའི་བློ་ལྡན་རྣམས་ཀྱིས།  དགེ་སྒྲུབ་སྡིག་སྤོང་དང་ལེགས་སྤེལ་ཉེས་འགོག་གནང་རྒྱུའི་འདུན་མ་སྙིང་བཅངས་ཞུ། །

མཆན་དང་དཔྱད་གཞིའི་ཡིག་རིགས།  

①②③④⑤⑦11 ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །  【M】   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1996ལོའི་ཟླ6པར་པར་ཐེངས་དང་པོ་དཔར།      ཤ70  ཤ76  ཤ77  ཤ71 ཤ80-81 ཤ75ཤ78-79

⑥⑩1213བཀའ་གདམས་རིན་པོ་ཆེའི་གླེགས་བམ་ཕ་ཆོས་བཞུགས་སོ། ། 【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1996ལོའི་ཟླ6པར་པར་ཐེངས་དང་པོ་དཔར། ཤ128 ཤ102ཤ102-103ཤ131

⑧གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །【M】   མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ4པར་པར་ཐེངས་དང་པོ་དཔར། ཤ223

⑨རྒྱ་བོད་སྐྱེས་ཆེན་དམ་པའི་ཞལ་ལུང་ཀུན་བཏུས།  【M】  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2018ལོའི་ཟླ་8པར་པར་ཐེངས་དང་པོ་བཏབ།  ཤ188

14བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་ལས་བཀའ་གདམས་རྩོམ་རིག་གསལ་བའི་སྒྲོན་མ།      【M】   མི་རིགས་དཔེ་སྐྲུན་ཁང་།2018ལོའི་ཟླ་བ་དང་པོར་པར་ཐེངས་དང་པོ་བརྒྱབ།  ཤ579-580

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།