ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྐད་ཡིག་སློབ་ཁྲིད་ཁྲོད་སྨྱན་ཆསPPTབཀོལ་སྤྱོད་སྐོར་ལ་རང་བློས་ཅུང་ཙམ་གླེང་བ།

  རྩོམ་པ་པོ། : བློ་བཟང་རྡོ་རྗེ།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་ལོ་འགའི་སློབ་ཁྲིད་མྱོང་བ་དངོས་དང་འབྲེལPPTབཀོལ་སྤྱོད་དེས་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཐོན་པའི་དགེ་མཚན་དང་ལྷག་བཞིན་པའི་སྐྱོན་ཆའི་ཐད་རང་བློས་རགས་ཙམ་གླེང་ནས་ཕྱིས་འབྱུངPPTབཀོལ་སྤྱོད་བྱེད་སྐབས་སྐྱོན་སྤངས་དགེ་སྐྱོང་གིས་སློབ་ཁྲིད་བྱ་བར་གཞོལ་ཚེ་བོད་སྐད་ཡིག་སློབ་ཁྲིད་བྱ་གཞག་ལ་ཕན་ནུས་སྔར་བས་ལྷག་པ་ཐོན་ཐུབ་པའི་ལྟ་བ་གསལ་སྟོན་བྱས་ཡོད།

བརྡ་ཆད་གཙོ་བོ། བོད་སྐད་ཡིག་སློབ་ཁྲིད། PPTསྨྱན་ཆས། སྐྱོན་སྤངས་དགེ་སྐྱོང་།

ཤེལ་གྱི་ལྷུན་པོའི་ཕྲེང་བ་མཚར་དུ་དངར་བ་ལྟ་བུའི་གངས་རིའི་འདབ་མས་མཐའ་བཞིའི་སྲུང་དམག་གི་ཚུལ་དུ་རབ་ཏུ་གནས་ཤིང་། ནོར་འཛིན་སྟེང་འོག་ཀུན་ཏུ་གཏེར་རྫས་ཕུན་སུམ་ཚོགས་པར་བརྒྱན་ལ། ནང་བཅུད་སྐྱེ་འགྲོའི་གཤིས་སྤྱོད་བཟང་ལ་བྱང་སེམས་དང་བཅས་པའི་ཡུལ་གྲུ་འདིའི་ལྟོ་བ་ན་སྔོན་བྱོན་པ་རྣམས་ཀྱིས་སྐུ་ལས་ཚད་མེད་བསྐྱོན་པའི་དྲིན་ལས་རིག་གཞུང་གླེགས་བམ་རི་བོའི་གཏོས་དང་མཉམ་ལ། རིག་གཞུང་དེ་ཉིད་ལས་གཏོད་པའི་རྐང་ལམ་དེའི་སྙན་པའི་རྫ་རྔ་ཕྱོགས་བཅུར་ཁྱབ་ཅིང་། སྐྱེ་བོ་དུ་མའི་ཡིད་དབང་གནས་འདིར་བཀུག དེང་འདིར་ཏང་སྲིད་བཟང་པོའི་ཞིང་ས་གཤིན་པོའི་དྲིན་ལས་སྔར་སོང་ཉམས་ཉེས་སུ་སོང་བའི་རིག་གནས་སྐོར་ཅིག་སླར་གསོ་ཐུབ་ཡོད་ལ་ད་ལྟའི་བརྩོན་སེམས་ཅན་གྱི་རང་རིགས་རྣམས་ལ་སྦྱངས་བརྩོན་བྱེད་པའི་དོ་ར་ལེགས་པོ་ཞིག་གསར་བསྐྲུན་བྱས་ཡོད།     

ལྷག་དོན་དུ་བསླབ་གཞི་གསར་པའི་བསྒྱུར་བཅོས་ཀྱི་ཚ་རླབས་དང་ཚན་རྩལ་གོང་དུ་འཕེལ་བའི་དེང་གི་དུས་འདིར་རིག་པའི་གནས་དེ་དག་རྒྱུན་འཛིན་བྱེད་མཁན་རྣམས་སྤྲོ་ཞིང་སློབ་ཁྲིད་བྱ་བར་གཞོལ་མཁན་དག་སླ་བའི་ཐབས་ལམ་མང་དག་ཅིག་ད་ལྟ་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་དངོས་ནང་བཀོལ་སྤྱོད་བྱེད་བཞིན་མཆིས། དེ་དག་ལསPPTནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་གཙོས་པའི་སློབ་གསོའི་བྱ་གཞག་གི་དོ་ར་ཡོད་ཚད་ན་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་འགྱུར་ཡོད། ཡིན་ནའང་བྱ་དངོས་ཀུན་ལ་དགེ་སྐྱོན་གྱི་ཆ་དང་ལྡན་པ་ནི་སྲིད་པའི་ཆོས་ཉིད་ཅིག་ཏུ་གྲུབ་པས། མཚམས་འདིར་ཁོ་བོསPPTསྨྱན་ཆས་བཀོལ་སྤྱོད་དེས་བོད་སྐད་ཡིག་སློབ་ཁྲིད་ཐད་གནས་པའི་དགེ་སྐྱོན་སྐོར་ལ་རང་བློས་ཅུང་ཟད་གླེང་བར་བྱ་སྟེ།

དང་པོ། PPTབཀོལ་སྤྱོད་ལས་བོད་སྐད་ཡིག་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་སྣང་བའི་དགེ་མཚན།

གཅིག PPTལ་བརྟེན་ནས་བསླབ་གཞིའི་ནང་དོན་དང་སྒྲ་བརྙན་རང་བཞིན་ཟུང་དུ་འབྲེལ་བས་དགེ་མཚན་ཆེ་བ།

བསླབ་གཞི་གསར་པའི་བསྒྱུར་བཅོས་ཀྱི་ཚ་རླབས་འོག་གོང་རིམ་གྱི་འགན་འཁུར་ཚན་ཁག་ནས་སློབ་ཁྲིད་པའི་ཆེད་ལས་ཡོན་ཚད་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་ཆབས་གཅིག་ད་ལྟའི་སློབ་ཁྲིད་ཀྱི་དགོས་མཁོ་དང་མཐུན་པར་དགོངས་ཏེ་གློག་ཀླད་བེད་སྤྱོད་ཀྱི་སྦྱོང་བརྡར་ཐེངས་མང་བརྒྱུད། ད་ཆ་སློབ་ཁྲིད་པ་མང་དག་ཅིག་ནས་ཚེགས་མེད་ཀྱིསPPTབཀོལ་སྤྱོད་ཐོག་བསླབ་གཞིའི་ནང་དོན་དགPPTཡི་ལམ་ནས་སྒྲ་བརྙན་དང་བཅས་ཁྲིད་བྱའི་གཙོ་གནད་ཁག་ལ་ཁ་གསལ་དང་གསོན་ཉམས་དོད་པོས་ཉན་པ་པོར་བརྒྱུད་སྤྲོད་ཐུབ་པ་མ་ཟད་བློ་ཡུལ་དུ་བརྟན་པོར་འཇགས་ཐུབ་པའི་དགེ་མཚན་ནི་དེ་བས་ཆེ་བར་སྣང་བས་དེ་ནི་ཤེས་རིག་རྒྱུན་འཛིན་བྱེད་མཁན་དང་བརྒྱུད་སྤྲོད་བྱེད་མཁན་བཅས་ཕྱོགས་གང་ནས་བསམས་ཀྱང་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་བཟང་པོ་ཞིག་ཏུ་མངོན་ཏེ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནས“ད་ལྟ་ཡང་སྙན་ངག་རྩ་བ་བློ་ལ་ངེས་པོ་འདི་དེ་གའི་བཀའ་དྲིན་ཡིན་ཞེས་དང་། སྤྱོད་འཇུག་རྩ་བ་རྡོ་སྒྲིག་པ་ལྟ་བུ་བློ་ལ་ངེས་པོ་ཞིག་ཡོད”②ཅེས་མཁན་ཆེན་གྱི་དཔེ་ཁྲིད་བྱེད་ལུགས་ལ་དུས་ཕྱིས་སུ་ཡི་རང་འདི་ལྟར་གནང་བཞིན་ཡོད་པ་ནི་ས་ཡུལ་དངོས་ལ་ཕེབས་ཏེ་དོན་དངོས་ཟུང་འབྲེལ་ལམ་ནས་ཤེས་བྱ་མཚམས་སྦྱོར་དང་ཤེས་བྱའི་བྱེད་ལས་དང་སྦྱར་ནས་ཤེས་བྱ་མཚམས་སྦྱོར་གྱིས་དཔེ་ཁྲིད་བྱ་ཐབས་ལས་མ་འདས་ཤིང་དེ་ནི་ད་ལྟའི་སློབ་ཁྲིད་པ་རྣམས་ཀྱིས་རིག་པའི་གཞུང་ལུགས་དགPPTལམ་ནས་སྒྲ་བརྙན་ཟུང་དུ་འབྲེལ་བའི་དམར་ཁྲིད་ཀྱི་ཐབས་ལམ་དེའི་དགེ་མཚན་ལས་མ་འདས་པར་སེམས། དེ་བཞིན་སློབ་ཁྲིད་དངོས་ཀྱི་སྐབས་སུ་མིང་དང་ཐ་སྙད་འགར་ཡིག་ཐོག་ནས་གསལ་འགྲེལ་ཇི་ལྟར་བྱས་ཀྱང་སློབ་མས་ད་དུང་གོ་དོན་རྟོགས་ཐུབ་ཀྱི་མེད། དེའི་རྒྱུ་རྐྱེན་ནི་སློབ་མའི་ཀླད་པའི་ནང་དགོས་ངེས་ཀྱི་གཟུགས་བརྙན་འཆར་མི་ཐུབ་པ་དང་། དགོས་ངེས་ཀྱི་མངོན་སུམ་ཤེས་ཚོར་མེད་པས་ཡིན་ཞིང་། གནད་དོན་དེ་རིགས་ནི་དངོས་ཁྲིད་ཀྱི་བརྒྱུད་རིམ་ནངPPTབཀོལ་སྤྱོད་བྱུང་བ་དེས་སེལ་ཐུབ་པ་བྱུང་ཡོད་དེ་དེས་སློབ་མའི་བློ་ངོར་གཟུགས་བརྙན་རང་བཞིན་ཁ་གསབ་དང་། མངོན་སུམ་གྱི་ཤེས་ཚོར་བཅས་ཕུན་སུམ་ཚོགས་སུ་གཏོངཐུབ་ཡོད་པས་སོ། །

གཉིས། སློབ་མའི་རང་སྦྱོང་བྱེད་པའི་ནུས་པ་དང་བསམ་གཞིགས་བྱེད་པའི་གོམས་གཤིས་བཟང་པོ་གསོ་སྐྱོང་ཐུབ་པ།

དེ་སྔ་ང་ཚོའི་སྐད་ཡིག་སློབ་ཁྲིད་དེ་སློབ་ཁང་ནང་གི་སློབ་ཁྲིད་གཙོ་བོར་བྱེད་པའི་རྣམ་པ་ཞིག་ཆགས་ཡོད་ཅིང་། དེས་སློབ་མའི་རང་གཤིས་གསོ་སྐྱོང་དང་རང་སྦྱོང་བྱེད་པའི་ནུས་པ་དང་བསམ་གཞིག་གི་ནུས་པ་གསོ་སྐྱོང་བྱ་རྒྱུ་སོགས་ལ་ཚད་བཀག་ཡོད་པས་ང་ཚོས་སྐད་ཡིག་སློབ་ཁྲིད་ཁྲོད་ངེས་པར་དུ་སློབ་ཁང་ནང་གི་སློབ་ཁྲིད་དང་སློབ་ཕྱིའི་བྱེད་སྒོ་ཟུང་དུ་འབྲེལ་རྒྱུའི་རྩ་དོན་ཞིག་རྒྱུན་འཁྱོངས་བྱ་རྒྱུའི་འདུན་པ་ཞིག་སྔོན་མ་ནས་བཅངས་ཏེ་ཡོད། དེང་གི་ཆར་བསམས་པ་དོན་ལ་སྨིན་སོང་ཞེས་པའི་ཁ་དཔེ་ལྟར་བསླབ་གཞི་གསར་པའི་བསྒྱུར་བཅོས་ཀྱི་ཚ་རླབས་དང་ཚན་རྩལ་གོང་དུ་འཕེལ་བའི་དུས་བཟང་དེརPPTསློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་ནང་བཀོལ་སྤྱོད་བྱས་པ་དེས་སློབ་ཁང་ཕྱི་ནང་ཟུང་དུ་འབྲེལ་བའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུའི་འདུན་པ་དེ་མངོན་འགྱུར་བྱུང་ཡོད་ལ་སློབ་ཁྲིད་པ་ཕལ་ཆེ་བསPPTལམ་ནས་ཚོགས་ཐུན་གཅིག་གི་གནད་འགག་དག་སློབ་མའི་རྒྱུད་ལ་གསོན་ཉམས་དོད་པོས་མཚམས་སྦྱོར་བྱེད་ཐུབ་པ་མ་ཟད་ཚོགས་ཐུན་རྗེས་མའི་གསར་ཁྲིད་ཀྱི་ནང་དོན་ཁག་དཀའ་སླ་རན་ཞིང་འོས་འཚམ་གྱི་སྒོ་ནས་སློབ་མ་རྣམས་ལ་སྔོན་ཚུད་ནས་རང་སྦྱོང་དང་བསམ་གཞིག་བྱ་རྒྱུ་གུང་བསྒྲིགས་བྱས་ཏེ་གཤམ་བསྐྱོད་ཀྱི་དུས་ཁོམ་ནང་རང་ངོས་ནས་ལེགས་སྒྲུབ་བྱ་རྒྱུའི་སློབ་ཁྲིད་བྱ་ཐབས་སྤྱད་པ་དེ་ལྟ་བུས་སློབ་མའི་རང་རྒྱུད་ལ་རང་སྦྱོང་དང་བསམ་གཞིག་གི་གོམས་གཤིས་བཟང་པོ་ཞིག་བསྐྱེད་བསྲིང་དང་གསོ་སྐྱོང་ཐུབ་ལ་སློབ་མའི་རང་སྟོབས་ཀྱི་རྟོག་ཤེས་ནུས་པ་གང་ལེགས་འདོན་སྤེལ་བྱ་རྒྱུར་ཡང་ཆ་རྐྱེན་ངེས་གཏན་ཞིག་བསྐྲུན་ཐུབ་ཡོད། དེ་ལྟའི་སློབ་ཁྲིད་ཀྱི་ཐབས་ལམ་དེས་སློབ་མ་རྣམས་ལ་སྐད་ཡིག་དེ་ཉིད་ཙམ་མ་ཟད་རིག་ཚན་གཞན་དང་ཐ་ན་ཞིབ་འཇུག་སོགས་ལས་དོན་གང་ལའང་མངོན་ལྐོག་གང་རུང་ནས་ཕན་ནུས་ཤུགས་ཆེར་ཐོན་ཐུབ་པར་སེམས་ཏེ། ཨ་རིའི་དངོས་ཁམས་མཁས་ཅན་ཨའེ་དབྱིན་སེ་ཐན་གྱིས།“ཤེས་ཡོན་སྦྱོང་བར་བསམ་གཞིག  བསམ་གཞིག  ཡང་བསྐྱར་བསམ་གཞིག་བྱ་རྒྱུར་མཁས་དགོས”ཞེས་དང་།“རྟོག་ཤེས་ནི་ཤེས་ཡོན་ལས་གལ་ཆེ། རྒྱུ་མཚན་ནི་ཤེས་ཡོན་ནི་ཚད་ལྡན་ཞིག་ཡིན་ཞིང་། རྟོག་ཤེས་ནི་འཛམ་གླིང་གི་ཡོད་ཚད། ཐམས་ཅད་མདུན་བསྐྱོད་དང་ཤེས་ཡོན་དར་སྤེལ་གྱི་གཞི་རྩ་ཞིག་ཡིན། ནན་ཙམ་བཤད་ན་རྟོག་ཤེས་ནི་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཡིན་ཞེས་གསུངས་སོ”③དེས་ན་བོད་སྐད་ཡིག་སློབ་ཁྲིད་ཁྲོད་དུPPTབཀོལ་སྤྱོད་བྱ་ཐབས་ཀྱིས་སློབ་མའི་རང་སྦྱོང་ནུས་པ་དང་བསམ་གཞིགས་བྱེད་ནུས། རྟོག་ཤེས་ནུས་པ་བཅས་གང་ལེགས་འདོན་སྤེལ་ཐུབ་པའི་སློབ་ཁྲིད་ཀྱི་

ཐབས་ལམ་དེ་ཉིད་སྐད་ཡིག་སློབ་ཁྲིད་པ་ཞིག་གི་ངོས་ནས་བརྗོད་ན་ཐབས་ལམ་རིན་ཐང་ལྡན་པ་ཞིག་ཏུ་མངོན།  

གཉིས་པ། PPTབཀོལ་སྤྱོད་ཐད་སྣང་ཆུང་དང་སླ་བཅོས་དབང་གིས་སློབ་ཁྲིད་ཐད་ཐོན་བཞིན་པའི་སྐྱོན་ཆ་འགའ།

གཅིག  PPTལ་རྒྱབ་རྟེན་བྱ་རྒྱུ་ཐལ་ཆ་ཆེ་བའི་སྐྱོན།

1.PPTལ་རྒྱབ་རྟེན་བྱ་རྒྱུ་ཐལ་ཆ་ཆེ་བས་གཙོ་གནད་ཀྱི་ཐ་སྙད་ཁག་ལ་འགྲེལ་པ་བྱ་རྒྱུ་ལྷོད་གཡེངས་ཤོར་བ།

PPTལ་བརྟེན་ནས་སློབ་ཁྲིད་བྱ་རྒྱུ་དེས་དགེ་རྒན་ནས་ཁྲིད་རྐྱང་དང་སློབ་ཕྲུག་གིས་ཉན་རྐྱང་བྱེད་པའི་སྔར་སོང་གི་སྲོལ་རྒྱུན་ཁྲིད་ཐབས་ཁྲོད་ཀྱི་ཞན་ཆ་མི་ཉུང་བ་ཞིག་ལེགས་བཅོས་ཐུབ་ཀྱང་དེང་འདིར་དེ་ཉིད་ལ་རྒྱབ་རྟེན་བྱེད་ཐལ་ཆེ་བས་སློབ་ཁྲིད་ཀྱི་ཐབས་ལམ་བཟང་པོ་གང་དེའི་ཞན་ཆ་ཡང་རིམ་བཞིན་ཇེ་གསལ་དུ་གྱུར་ཏེ། སློབ་ཁྲིད་པ་མི་ཉུང་བ་ཞིག་གིས་བསླབ་གཞི་བསྒྱུར་བཅོས་ཞེསPPTནང་བཟོ་བསྒྲུབས་ཟིན་པའི་བསླབ་གཞིའི་གཙོ་གནད་དག་སློབ་མའི་མིག་མདུན་དུ་བསྟན་ཐུབ་པ་ཙམ་དངPPTབཀོལ་སྤྱོད་ཐུབ་པ་ཙམ་དུ་ངོས་འཛིན་གྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ངོ་མའི་ནང་ཞིབ་ཆ་བྱ་རྒྱུ་དང་གཙོ་གནད་ཀྱི་ཐ་སྙད་ཁག་ལ་གསལ་འགྲེལ། ཤེས་བྱ་ཕན་ཚུན་འཕྲོས་སྦྱོར་ལེགས་པོས་བརྒྱུད་སྤྲོད་བྱ་རྒྱུ་སྣང་མེད་དུ་སོང་བས་དེ་ལྟའི་སློབ་མས་བསླབ་གཞིའི་གཙོ་གནད་ཇི་ལྟར་བློ་འཛིན་བྱུང་ཡང་དེ་ནི་ཚིག་སྤྱི་ཙམ་དུ་སོང་སྟེ་སྐད་ཡིག་སྐྱོར་སྦྱང་བྱེད་མཁན་ཞིག་དང་རྒྱུགས་ཚད་ལ་ཁ་གཏད་གཅོག་མཁན་ཞིག་ལས། དོན་ངོ་མའི་སྐད་ཡིག་ཤེས་མཁན་ཞིག་དང་ཡང་དག་གི་སྒོ་ནས་སྐད་ཡིག་བཀོལ་སྤྱོད་ཐུབ་མཁན་གྱི་ཕྱི་རབས་པ་ཞིག་གསོ་སྐྱོང་ཡོང་རྒྱུའི་འདུན་པ་ནི་སྐམ་ཐན་ལོའི་རི་གཟར་གྱི་ཞིང་ས་ན་ལོ་ལེགས་མི་བྱུང་བའི་ཟླ་རུ་འགྲོ་རྒྱུ་ནི་སྨྲོས་མེད་ཡིན་ཏེ། སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བསམ་བློའི་ནང་དོན་དང་བརྡ་སྤྲོད་གཉིས་ནི་ཆུ་དང་འོ་མ་བཞིན་འདྲེས་ཡོད་པ་ཞིག་ཡིན་ཞིང་། གལ་ཏེ་སློབ་ཁྲིད་པསPPTལྟ་བུའི་ཐབས་ལམ་བཟང་པོས་རྒྱུགས་གཞིའི་གཙོ་གནད་ཁོ་ན་མཚམས་སྦྱོར་བྱས་ཏེ་སྐད་ཡིག་གཞི་རྩ་སྟེ་བརྡ་སྤྲོད་ཀྱི་གནད་དག་ལ་གསལ་འགྲེལ་ལེགས་པོ་མ་བྱུང་ཚེ་རིག་པའི་གནས་གང་དེའི་འཆད་རྩོད་རྩོམ་པའི་ལམ་ལ་འཕྱུགས་མེད་ཅིག་ཡོང་རྒྱུ་ནི་དེ་བས་མི་སྲིད། དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེས།“འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་གྱུར”④ཞེས་གསུངས་པ་ལས་གསལ་སྟོན་མི་ཐུབ་བམ། གཞན་ཡང་དེང་གི་ཆར་འཕྲིན་ལམ་སྟབས་བདེ་སོགས་ཀྱི་ཆ་རྐྱེན་བཟང་བས་སློབ་ཁྲིད་པ་ཉུང་ཤས་ནི་ལེ་ལོའི་དབང་དུ་སོང་སྟེPPTཡི་ནང་དོན་དག་རང་ངོས་ནས་བཟོ་བསྒྲུབ་བྱ་རྒྱུ་ལྟ་ཅི་ཐ་ན་སློབ་ཁྲིད་པ་གཞན་གྱིས་བཟོ་བསྒྲུབས་ཟིན་པའི་རྒྱུ་ཆ་དག་དག་བཅོས་ཙམ་ཡང་མེད་པར་ཕབ་ལེན་དང་ཐད་སྤྱོད་ཡང་ན་འགྱུར་མེད་འདྲ་སྤྱོད་དང་ཞྭ་དཔེ་ལྷམ་འགེབས་བྱེད་པའི་སྣང་ཚུལ་ཡང་ལྷག་མུས་སུ་མཆིས་པས། སྣང་ཚུལ་དེ་རིགས་ནི་རང་ཉིད་ཙམ་མ་ཟད་བོད་སྐད་ཡིག་སློབ་ཁྲིད་ཀྱི་བྱ་གཞག་ཧྲིལ་པོའི་སྐྱོ་གར་ཞིག་ཏུ་མངོན་པས་འདིར་ཁོ་བོས་ལག་ཟུང་སྙིང་ཁར་སྦྱར་ནས་སྐྱོ་གར་དེ་རིགས་སླར་ཡང་འཁྲབ་སྟོན་མི་ཡོང་བའི་ལྷག་བསམ་རྣམ་དག་གི་ཞུ་བ་ཞིག་རང་དབང་མེད་པར་འབུལ་བར་ཐལ།

2. PPTནང་སྒྲ་བརྙན་དང་། འགུལ་རིས་སྤྱོད་ཐལ་ཆེ་བས་སློབ་མའི་སྒོ་གསུམ་སློབ་ཁྲིད་ཐོག་ཏུ་འགུགས་རྒྱུར་གནོད་པ།

དགེ་རྒན་གྱིས་སློབ་ཁྲིད་བྱེད་མཁས་མིན་ནི་སློབ་ཁྲིད་བྱེད་པའི་རིང་སློབ་ཕྲུག་གི་སྒོ་གསུམ་སློབ་ཁྲིད་ཐོག་ཏུ་འགུགས་ཐུབ་མིན་ལ་རགས་ལུས་ཤིང་། གལ་ཏེ་ཐབས་བརྒྱ་འཇུས་སྟོང་གི་ལམ་ནས་ཚོགས་ཐུན་གཅིག་གི་ཡུན་ཚད་ནང་སློབ་མའི་སྒོ་གསུམ་མ་ལུས་སློབ་ཁྲིད་བྱ་བའི་ནང་འགུགས་ཐུབ་པ་བྱུང་ཚེ་ཚོགས་ཐུན་གཅིག་གི་དཀའ་སྤྱད་འབྲས་བུ་དོན་ལ་སྨིན་རྒྱུ་ཡིན་པ་ནི་གདོན་མི་ཟ། སློབ་ཁྲིད་ཀྱི་བརྒྱུད་རིམ་དངོས་ནང་དགེ་རྒན་ཕལ་ཆེ་བས་དམིགས་ཡུལ་དེ་རང་ལ་དམིགས་ཏེ་བསླབ་གཞིའི་ནང་དོན་དང་འབྲེལ་བའི་རྒྱུ་ཆ་མང་དག་ཅིག་ངལ་བས་བསྡུ་རུབ་བྱས་ཏེPPTཡི་ལམ་ནས་སློབ་ཁྲིད་ཀྱི་གནད་འགག་དག་སློབ་ཚན་སྒྲིག་འཛུགས་བྱེད་པའི་བརྒྱུད་རིམ་ནང་སྐབས་འགར་སློབ་མ་རྣམས་ལྟ་ཞིབ་བྱེད་དུ་བཅུག་པ་དང་། སྐབས་རེ་ཉན་དུ་འཇུག་པ། སྐབས་རེ་བསམ་དུ་བཅུག་པ་སོགས་བར་མི་ཆད་པའི་འགྱུར་ལྡོག་ལ་བརྟེན་ནས་སློབ་མའི་སྒོ་གསུམ་འགུག་ཐབས་ཀྱི་ཐབས་ལམ་ལ་གཞོལ་བཞིན་ཡོད། ཡིན་ནའང་སྐབས་བབས་ཀྱི་བསླབ་གཞིའི་ནང་དོན་དང་འབྲེལ་བའི་སྒྲ་བརྙན། འགུལ་རིས་སོགས་སྤྱོད་ཐལ་ཆེ་བའི་རྒྱུ་མཚན་གྱིས་སློབ་མའི་གཙོ་སེམས་རྒྱ་ཡན་དུ་སོང་ནས་ཚོགས་ཐུན་གཅིག་གི་སྙིང་པོ་དང་ལེན་མི་ཐུབ་པའི་གནས་སུ་འགྱར་ཞིང་། དེ་འདྲའི་བྱ་ཐབས་ནི་རྩ་བ་འབོར་ནས་ཡལ་ག་འཛིན་པ་རང་ལས་མ་འདས་ལ་བྱ་ཐབས་དེས་ཉན་པ་སྣོད་དེ་ཞབས་རྡོལ་དུ་འགྱུར་བའི་ཉེན་ཁ་ཡང་ཤིན་ཏུ་ཆེ་ཞིང་དེ་འདྲའི་སྐྱོན་དང་ལྡན་པའི་སློབ་མ་དག་ལ་ཤེས་བྱའི་གནད་དག་བརྒྱུད་སྤྲོད་ལེགས་པོ་མི་ཡོང་བ་ངེས་གཏན་ཡིན་ཏེ། དགེ་བཤེས་ཤེས་རབ་རྒྱ་མཚོས།“ཀུན་སློང་རྣམ་དག་དང་། ལེགས་པར་ཉན་པ་དང་། ཉན་པའི་ཚིག་དོན་མི་བརྗེད་པར་འཛིན་པ་གསུམ་མ་ཚང་ན་འཆད་ཉན་དོན་མེད་དུ་འགྱུར”⑤ཞེས་གཙོ་སེམས་རྒྱ་ཡན་དུ་སོང་ནས་སློབ་ཁྲིད་ཉན་པའི་ཉེས་དམིགས་དག་གསལ་པོར་མི་སྣང་ངམ། དེ་འདྲའིPPTནང་རྒྱུ་ཆ་སྤྱོད་ཐལ་ཆེ་བའི་བྱ་ཐབས་ནི་སློབ་མའི་གཙོ་སེམས་ཀྱི་ནུས་པ་དག་སྒྲ་བརྙན་དང་འགུལ་རིས་ཙམ་གྱི་དབང་དུ་སོང་ནས་ཁ་དཔེར། ཞོ་བརྒྱ་དཀྲོག་སྙིང་པོ་མར་དང་། །གཏམ་བརྒྱ་བཤད་སྙིང་པོ་དོན། །ཞེས་པ་ལྟར་ཐོག་མའི་ཀུན་སློང་ནི་ཚོགས་ཐུན་གཅིག་གི་སྙིང་པོ་བརྒྱུད་སྤྲོད་བྱེད་པར་རེ་ཡང་། དོན་དངོས་སུ་ཀུན་སློང་དེ་ལས་བརྒྱབ་འགལ་དུ་འགྲོ་ཉེན་ཆེ་བས་སློབ་ཁྲིད་ཀྱི་ཐབས་ལམ་དེ་རིགས་ལ་ཀུན་ནས་གཟབ་པར་འཚལ། 

གསུམ་པ། གནའ་དེང་སློབ་ཁྲིད་ཀྱི་ཐབས་ཤེས་སྣ་ཚོགས་ལས་སྐྱོན་སྤངས་དགེ་སྐྱོང་གིས་མཉམ་སྡེབ་ལེགས་པོ་བྱུང་ཚེ་བོད་སྐད་ཡིག་སློབ་ཁྲིད་བྱ་གཞག་ལ་སྔར་བས་ཕན་ནུས་ཐོན་ཐུབ་པ།

དེ་ཡང་ཨ་རིའི་སྐུ་ཞབས་ཝེས་པོ་སི་ཐོས།“མི་མང་གིས་མཉམ་དུ་བསྒྲུབ་ན། མི་གཅིག་གིས་བསྒྲུབ་མི་ཐུབ་པའི་བྱ་གཞག་ཉིད་བསྒྲུབ་ཐུབ་ཅིང་། བློ་གྲོས་དང་ལག་པ། སྟོབས་ཤུགས་རྣམས་སྡེབས་ན། ཧ་ལམ་མི་འགྲུབ་པའི་བྱ་བ་མེད”⑥ཅེས་གསུངས་པ་ལྟར་དོན་དངོས་ཐོག་གནའ་ནས་ད་བར་སློབ་ཁྲིད་ཀྱི་ཐབས་ཤེས་ནི་བགྲང་ལས་འདས་པ་ཞིག་ཡིན་ལ། རིག་ཚན་མི་འདྲ་བར་སློབ་ཐབས་མི་འདྲ་བ་དང་རིག་ཚན་གཅིག་ཡིན་ཡང་སློབ་ཚན་གྱི་གནས་ཚུལ་མི་འདྲ་བའི་དབང་གིས་སློབ་ཐབས་ཀྱང་མི་འདྲ་བ་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་ལགས། ཡིན་ཡང་སློབ་ཁྲིད་ཀྱི་ཐབས་ལམ་ཇི་འདྲ་ཞིག་ཡིན་རུང་དེ་དག་ལ་དགེ་སྐྱོན་གྱི་ཕྱོགས་གཉིས་ཡོད། དཔེར་ན་སྔར་སོང་གི་བཤད་ཁྲིད་ཁོ་ནའི་ཐབས་ལམ་དེས་དུས་ཐུང་ནང་ཤེས་བྱ་དུ་མ་བསྟན་ཐུབ་ཅིང་དགེ་རྒན་གྱི་སློབ་ཁྲིད་མྱུར་ཚད་ཀྱང་དུས་ཐོག་ཏུ་ལེགས་གྲུབ་ཐུབ་ཀྱང་། དེས་སློབ་མའི་བསམ་གཞིགས་ཀྱི་ནུས་རྩལ་དང་འབྲི་ཀློག་གི་ནུས་པ་འཐུས་ཤོར་དུ་འགྲོ་བཞིན་ཡོད། དེ་བཞིན་དེང་སྐབས་བསླབ་གཞིའི་ནང་དོན་དགPPTལམ་ནས་སྒྲ་བརྙན་འགུལ་རིས་དང་བཅས་ཏེ་སློབ་ཁྲིད་བྱ་ཐབས་དེས་སློབ་མའི་དོ་སྣང་གཅིག་སྡུད་དང་བསམ་གཞིགས་ཀྱི་ནུས་པ་འདོན་སྤེལ། ལྐོག་འགྱུར་གྱི་བརྡ་དག་ཁག་ལ་གསལ་འགྲེལ་བཅས་ཐུབ་ཀྱང་། སྐད་ཡིག་གི་ཤེས་བྱའི་མ་ལག་ཆ་ཚང་བཤད་ཁྲིད་བྱ་རྒྱུ་འཐུས་ཤོར་དང་། སྒྲ་བརྙན་དང་འགུལ་རིས་སོགས་སྤྱོད་ཐལ་ཆེ་བའི་དབང་གིས་སློབ་མའི་གཙོ་སེམས་རྒྱ་ཡན་དུ་འགྲོ་བ་སོགས་ཀྱི་སྐྱོན་ཆ་ནི་སྔར་མུས་སུ་གནས། ཡིན་ཡང་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་དང་ལས་འགན་ལེགས་གྲུབ་ཡོང་ཕྱིར་ངེས་པར་དུ་ཚན་རིག་དང་མཐུན་པའི་སློབ་ཁྲིད་ཐབ་ལམ་ཞིག་འཚོལ་ཞིབ་བྱ་རྒྱུ་ནི་སློབ་ཁྲིད་པ་ཡོངས་ཀྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན། མནོ་བསམ་ཞིབ་མོ་ཞིག་བྱས་ཚེ་ཐབས་ལམ་དེ་ནི་གནའ་དེང་གི་སློབ་ཁྲིད་ཐབས་ལམ་དུ་མ་མཉམ་སྡེབ་ཀྱིས་སྙིགས་དོརབཅུད་ལེན་བྱ་རྒྱུ་ལས་མ་མཆིས། དེ་ལྟར་བྱུང་ཚེ་ང་ཚོས་སྐད་ཡིག་སྐོར་གྱི་མ་ལག་ཆ་ཚང་གསལ་སྟོན་ཐུབ་ལ། སློབ་མའི་རིག་སྟོབས་སྦྱོང་བརྡར། ཀུན་སྤྱོད་སློབ་གསོ། མཛེས་སྤྱོད་སློབ་གསོ་བཅས་ཡང་དག་པའི་སྒོ་ནས་བརྒྱུད་སྤྲོད་ཀྱིས་འཆད་ཉན་ནུས་རྩལ་བཟང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་བསྐྲུན་པ་དང་ཤུལ་འཛིན་མཁན་ཞིག་གསོ་སྐྱོང་ཐུབ་རྒྱུ་ནི་གདོན་མི་ཟ། མཚམས་དེར་དོན་དངོས་སློབ་ཁྲིད་ཉམས་མྱོང་ལས་བྱུང་བའི་བོད་སྐད་ཡིག་སློབ་ཁྲིད་ཁྲོད་དུPPTབཀོལ་སྤྱོད་ཐད་ཀྱི་དགེ་སྐྱོན་འགའ་རང་བློའི་ལྟ་ཚུལ་དང་སྦྲེལ་ཡིག་ཆུང་ལམ་དུ་སྤེལ་བ་ལ་མཁྱེན་དཔྱོད་ཡངས་པའི་སྐལ་མཐུན་རྣམས་ནས་དགོངས་པ་ཟབ་ཞེས་དང་དགོངས་འཆར་ལྷུག་སྩོལ་ཡོང་རྒྱུའི་འདུན་པ་དང་བཅས།

དཔྱད་ཡིག

①  རྩོམ་པ་པོ་ངོ་སྤྲོད། བློ་བཟང་རྡོ་རྗེ། (1982--- ) བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་སྐྱེས། དུས་ཡུན་ལོ18ཙམ་སློབ་ཁྲིད་ཕྱག་ལས་གནང་བཞིན་མཆིས། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་མཐོ་འབྲིང་སློབ་གསོ་སློབ་ཁྲིད་ཡིན།

②  ཨ་སྔགས་ཚེ་རིང་བཀྲ་ཤིས། དགེ་འདུན་ཆོས་འཕེལ། [M] སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2005ལོར་དཔར། ཤ23

③  ⑥བཀྲ་ཤིས་དབྱངས་ཀྱིས་བསྒྱུར་བསྒྲིགས་བྱས། གདམས་ངག་གཟི་ཕྲེང་། [M] བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། 2013ལོར་དཔར། ཤ230  ཤ156

④དབྱངས་ཅན་གྲུབ་པའི་རྡོ་རྗེ། གངས་ལྗོངས་རིག་བཅུའི་རྩ་བ་ཕྱོགས་བསྒྲིགས། [M] ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་།2006ལོར་དཔར། ཤ59

④  དགེ་བཤེས་ཤེས་རབ་རྒྱ་མཚོ། མཁས་པའི་གཞལ་གདམས། [M] བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། 2004ལོར་དཔར། ཤ63

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།