ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཟླ3པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་མི་སྣ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་པའི་དུས་འདི་དང་བསྟུན་ནས་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་འཛམ་གླིང་སྟེང་ཆེས་གལ་འགངས་ཆེ་བའི་ཕྱོགས་གཉིས་ཀའི་འབྲེལ་བ་ཞིག་ཡིན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་མཉམ་ལས་དང་ཡང་ན་འགྲན་རྒོལ་བྱེད་པ་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་ངེས་ཅན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀའི་རང་སྟེང་གི་གྲུབ་འབྲས་ནི་ཕན་ཚུན་ལ་མཚོན་ནས་བཤད་ན་གོ་སྐབས་ཤིག་ཀྱང་ཡིན། ཕྱོགས་གཉིས་ཀས་ཕར་ཕྱོགས་ཟླ་གྲོགས་སུ་བརྩིས་ཏེ་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་བྱས་པ་ཡིན་ན་གཞི་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་ཡག་ཏུ་འགྲོ་ངེས་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་ཡིན།  ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ལོ་རྒྱུས་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཤིག་ཡིན་པ་དང་། སྔོན་ཆད་མི་དམངས་ལ་བརྟེན་ནས་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་དེ་བྲིས་པ་ཡིན་ལ། འབྱུང་འགྱུར་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་བརྟེན་ནས་མཛའ་མཐུན་འབྲེལ་བ་བསྐྲུན་དགོས། ཀྲུང་གོར་དགེ་བ་ལ་མོ་འགོས་པ་འདྲ། སྡིག་པ་རྦབ་རྒོད་ཉིལ་བ་འདྲ་ཞེས་པའི་བཤད་སྲོལ་ཡོད། རྒྱལ་ཁབ་གཉིས་ཀའི་ལས་རིགས་སོ་སོའི་མི་སྣས་ཕན་ཚུན་བར་འགྲོ་འོང་གང་མང་བྱེད་པ་དང་བརྗེ་རེས་གང་མང་བྱས་ནས། ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་གསོག་འཇོག་བྱེད་རྒྱུ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། འགོག་རྐྱེན་སྣ་ཚོགས་སེལ་བ། གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་གང་མང་བསྐྲུན་རྒྱུ་དང་། འཛམ་གླིང་ལ་སྔར་ལས་ལྷག་པའི་བརྟན་བརླིང་རང་བཞིན་སྣོན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་གིས་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། ཁོ་ཚོ་དོས་ཁུར་བྱེད་པའི་གནད་དོན་ལ་རེ་རེ་བཞིན་ལན་བསྐྱོན།

ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་ནི་བདེ་ཐང་དང་རྒྱུན་མཐུད་ཀྱི་དཔལ་འབྱོར་ཞིག་ཡིན། ན་ནིང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་མུ་མཐུད30%ལས་བརྒལ་ཡོད་ཅིང་། དེ་ནི་ཀྲུང་གོ་མི་དམངས་ཀྱིས་བསྒྲུབས་པ་ཞིག་ཡིན་ལ། རྒྱལ་སྤྱིའི་མཉམ་ལས་དང་ཁ་འབྲལ་ཐབས་མེད། ཀྲུང་གོའི་འཕེལ་རྒྱས་ཐད་དཀའ་ངལ་དང་འགྲན་སློང་སྣ་ཚོགས་བརྒྱུད་དེ་ད་ལྟའི་བར་དུ་སླེབས་པ་ལས། སྔོན་ཆད“ཀྲུང་གོ་ཉམས་རྒུད་ཀྱི་བཤད་ཚུལ”དེར་རྐྱེན་བྱས་ཏེ་ཉམས་རྒུད་དུ་ཕྱིན་མྱོང་མེད་ལ། ད་ལྟ་ཡང“ཀྲུང་གོས་རྩེ་མཐོང་གི་བཤད་ཚུལ”དེར་རྐྱེན་བྱས་ཏེ་ཡང་རྩེ་ཡང་མཐོང་མི་སྲིད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཀྲུང་གོ་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་དུ་འཇུག་དགོས་ལ། འཛམ་གླིང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།  ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཡིན་པས་ང་ཚོར་གདིང་ཤུགས་དང་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཆོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་ངས་ཐེངས་དུ་མར་བཤད་མྱོང་། ཀྲུང་གོའི་བཅོས་སྒྱུར་བྱེད་མཚམས་འཇོག་མི་སྲིད་ལ། སྒོ་འབྱེད་གོམ་སྟབས་དེ་བས་ཀྱང་མཚམས་འཇོག་མི་སྲིད། ང་ཚོས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པར་ཇུས་འགོད་དང་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་བསྐྲུན་ནས། ཨ་མེ་རི་ཁའི་ཁེ་ལས་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་མཁོ་འདོན་བྱེད་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་མེ་རི་ཁའི་དཔལ་འབྱོར་ཚོང་དོན་འབྲེལ་བར་འཕྲད་པའི་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པའི་མདུན་དུ། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས། འདྲ་མཉམ་གྲོས་མོལ་བཅས་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་གྱི་ཆོས་ཉིད་དང་ཁྲོམ་རའི་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་རྒྱུ་དང་། དཔལ་འབྱོར་ཚོང་དོན་གྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་ཟབ་སྤེལ་བྱེད་པ། ཕན་ཚུན་གྱི་འཕེལ་རྒྱས་དབང་ཆར་བརྩི་འཇོག་བྱེད་པ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཕན་དང་འཛམ་གླིང་གཉིས་རྒྱལ་ཡོང་བར་བྱེད་དགོས། ཨ་མེ་རི་ཁའི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་སྔར་ལས་མང་དུ་ཞུགས་རྒྱུ་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་ཚོགས་སོགས་དཔལ་འབྱོར་ཚོང་དོན་བྱེད་སྒོ་ཆེ་གྲས་ཁྲོད་ཞུགས་རྒྱུ། ཀྲུང་གོར་མུ་མཐུད་མ་དངུལ་གཏོང་བ་དང་ཀྲུང་གོ་ནས་རྩ་བ་ཚུགས་པར་བྱེད་པ། ཀྲུང་གོ་ནས་རྒྱལ་ཁབ་ཐོབ་པར་བྱེད་པ་བཅས་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འགོག་རྐྱེན་མི་ཉུང་བར་འཕྲད་ཡོད་ལ། འགྲན་སློང་དྲག་པོའང་གནས་ཡོད། དེའི་ཁྲོད་ཀྱི་བསླབ་བྱ་དང་ལེན་བྱེད་རིན་ངེས་ཅན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔོན་ཆད་ཀྱི་གནས་སུ་ལོག་མི་ཐུབ་ནའང་མ་འོངས་པ་ཡག་པོ་ཞིག་ཡོད་ཆོག་ཆོག་ཡིན། ན་ནིང་ང་དང་ཙུང་ཐུང་པའེ་ཏིན་གཉིས་ཅིའུ་ཅིན་ཧྲན་དུ་ཐུག་སྐབས། ངོས་འཛིན་གཅིག་མཐུན་ཆེན་པོ་ཞིག་བྱུང་བ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་དང་ཇེ་ལེགས་སུ་གཏོང་དགོས་པ་དེ་རེད། འདས་ཟིན་པའི་ཟླ་ཁ་ཤས་ཀྱི་རིང་ལ། ཕྱོགས་གཉིས་ཀའི་ཚོགས་པས་ང་དང་ཙུང་ཐུང་པའེ་ཏིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ལ་དམ་པོར་དམིགས་ཏེ། ཆབ་སྲིད་ཕྱི་འབྲེལ་དང་དཔལ་འབྱོར་ཚོང་དོན། ནོར་སྲིད་དངུལ་རྩ། ཁྲིམས་འཛིན་དུག་འགོག གནམ་གཤིས་འགྱུར་ལྡོག མི་གཞུང་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་ཁག་ཏུ་འབྲེལ་གཏུག་རྒྱུན་འཁྱོངས་བྱས་པར་དེ་བསྟུན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་གནས་བབ་འོག་ཏུ། ཀྲུང་གོ་དང་ཨ་མེ་རི་ཁའི་ཐུན་མོང་གི་ཁེ་ཕན་ཇེ་ཉུང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་ཇེ་མང་དུ་ཕྱིན་ཡོད། དཔལ་འབྱོར་ཚོང་དོན་དང་ཞིང་ལས་སོགས་སྲོལ་རྒྱུན་གྱི་ཁྱབ་ཁོངས་ཡིན་ནའང་འདྲ། ཡང་ན་གནམ་གཤིས་འགྱུར་ལྡོག་དང་མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཡིན་ནའང་འདྲ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་ཕ་རོལ་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་དགོས་པ་ལས་འགོག་ཤུགས་སུ་འགྱུར་མི་རུང་། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོ་དང་ཨ་མེ་རི་ཁའི་མཐུན་སྦྱོར་མཉམ་ལས་དང་རྒྱལ་ཁབ་ཆེན་པོའི་བློ་རྒྱ་མངོན་པ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་བཅས་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། འཐབ་ཇུས་ཀྱི་ངོས་འཛིན་ཡང་དག་བྱེད་པ་དང་ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། མིག་སྔའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་གནས་སྟངས་བསྒྱུར་བ། ལྟ་སྟངས་ཡང་དག་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོ། བདེ་ཐང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཨ་མེ་རི་ཁ་དང་ཀྲུང་གོ་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀི་ལིན་པོ་ཀི་དང་། ཧེ་ཧྲི་སྡེ་ཚོགས་ཀྱི་རྐང་འཛིན་དབུ་གཙོ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་སུའུ་ཧྲི་མིན། ཀའོ་ཐུང་ཀུང་ཟིའི་སྤྱི་འདོམས་པ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཨན་མེན། ཧ་ཧྥོ་སློབ་ཆེན་ཁེན་ཉིས་ཏིས་སྲིད་གཞུང་སློབ་གླིང་སྲོལ་འབྱེད་ཡོན་ཀྲང་ཨའེ་ལིས་སུན། ཨ་མེ་རི་ཁ་དང་ཀྲུང་གོའི་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཨའེ་ལུན་སོགས་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་གཏམ་བཤད་སྤེལ་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུག་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།