ཕུའུ་ཅིན་གྱིས་ཨ་མེ་རི་ཁས་མའོ་སི་ཁོའི་ཉེ་འདབས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་མཁན་གྱི་ལག་དམར་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོར་འཇོག་རྩིས་ཡོད་པའི་ཚུལ་བསྟན།
2024.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་བཤད་རྒྱུར། ཨ་མེ་རི་ཁས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་མའོ་སི་ཁོ་ཉེ་འདབས་ཀྱི་རོལ་དབྱངས་ཚོམས་ཁང་ལ་འཇབ་རྒོལ་བྱས་པའི་ཁྲོད་ཝུའུ་ཁི་ལན་གྱི་རྗེས་ཤུལ་མེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བྱ་སྤྱོད་ཡིན་པ་མི་ཚང་མ་ཡིད་ཆེས་བྱེད་དུ་འཇུག་རྩིས་བྱས། ཨུ་རུ་སི་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་ནི་དབྱི་སི་ལན་ཉེས་ཅན་གྱིས་ལག་བསྟར་བྱས་པ་ཤེས་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་ནི་དེ་གླ་མཁན་སུ་ཡིན་པ་དེ་ཡིན་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་མགོ་འཛིན་བྱས་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་སྤྱད་པའི་བྱེད་ཐབས་སྐོར་གྱི་གྲོས་ཚོགས་བསྡུས། ཁོས་བསྟན་དོན། རྟོག་ཞིབ་དེ་ངེས་པར་དུ་ཆེས་ཆེད་ལས་དང་དངོས་ཡོད། ཆབ་སྲིད་ཀྱི་ཕྱོགས་རིས་ཅི་ཡང་མེད་པའི་ཐབས་ཀྱིས་སྤེལ་དགོས་ཟེར།

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་ནི་འཇིགས་སྐུལ་བྱ་སྤྱོད་ཅིག་ཡིན་ལ། གནད་དོན་ནི་སུ་ལ་དེ་ལས་ཁེ་ཕན་ཐོབ་བཞིན་ཡོད་པ་དེ་རེད། དེ་ནི་ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ་ཨུ་རུ་སིའི་བར་འཐབ་འཁྲུག་བྱེད་པའི་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱི་ལག་བརྒྱུད་དེ་ལག་བསྟར་བྱས་པའི་གཡོ་ཇུས་རབ་དང་རིམ་པའི་ནང་དོན་ཅིག་ཡིན་ཟེར། ཁོས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚུར་རྒོལ་བྱེད་པར་རྩ་བ་ནས་ཕམ་ཉེས་བྱུང་ཡོད་པ་དང་། ཨུ་རུ་སིའི་དམག་ཕྱོགས་ཀྱིས་འཐབ་ཕྱོགས་ཧྲིལ་བོར་རང་འགུལ་དབང་ཆ་བཟུང་ཡོད་པས་མི་གང་རུང་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་ནས་རྐང་ཚུགས་པར་བྱས་ལ། མེ་སྒྱོགས་བཀོལ་ནས་ཨུ་རུ་སིའི་སྡོད་དམངས་ཀྱི་སྡེ་ཁག་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་འགས་གཏོར་བཏང་བ་རེད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཅིའི་ཕྱིར་འཇིགས་སྐུལ་ཉེས་ཅན་གྱི་ནག་ཉེས་བཟོས་རྗེས་ཝུའུ་ཁི་ལན་དུ་འབྲོ་རྩིས་བྱས་པ་དང་། གནས་དེར་སུས་ཁོ་ཚོར་སྒུག་ཡོད་པར་རྟོག་ཞིབ་གསལ་བོ་བྱེད་དགོས། ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་པའི་མི་དེ་དག་འཇིགས་སྐུལ་བྱ་འགུལ་གྱི་ལག་དམར་དང་འཇིགས་སྐུལ་རིང་ལུགས་ཀྱི་རྒྱབ་སྐྱོར་མཁན་དུ་འགྱུར་འདོད་མེད་པ་མངོན་གསལ་ཡིན་ཡང་། དོགས་གཞི་མང་བོ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།