ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཁྲུང་ཆིང་གིས་གོང་འཕེལ་གྱི་བཟང་ཆ་གསར་པ་གཏོད་བཞིན་པ།

2024-03-15 10:37:00     责编:卓玛才让
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་ནི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་གསར་གཏོད་ཀྱི་ལས་དོན་གལ་ཆེན་འདི་ཉིད་མུ་མཐུད་ཡག་པོ་བསྒྲུབ་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

     ཁྲུང་ཆིང་གིས་ཚན་རྩལ་གསར་བརྗེ་གསར་པ་དང་ཐོན་ལས་གསར་སྒྱུར་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། “ཐོན་སློབ་ཞིབ་སྤྱོད”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་དང་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་གྲུབ་པ་དང་ནུས་པ་འདོན་སྤེལ་ཐུབ་པ་བྱས་ཏེ། དཔལ་འབྱོར་གྱི་འགུལ་ནུས་གསར་པ་ཤུགས་ཆེར་གཏོང་བཞིན་ཡོད་པ་རེད། 

     ཁྲུང་ཆིང་གཙང་གཉིས་ཁུལ་གསར་གྱི་རླངས་འཁོར་བཟོ་གྲྭ་ཞིག་གི་སྒྲིག་སྦྱོར་འཁོར་ཁང་ནང་། བཟོ་པ་ཚོས་ལག་ཐོགས་ཁ་པར་ཐོག་གི་རིག་ནུས་ཞིབ་དཔྱད་མ་ལག་གི་ཁ་ཕྱེ་ཚེ་རླངས་འཁོར་ཧྲིལ་པོའི་ལྷུ་ལག་10000ལྷག་ཙམ་གྱི་སྒྲིག་སྦྱོར་བཟོ་དབྱིབས་དང་སྒྲིག་སྦྱོར་གྱི་ཟུར་ཚད་ལ་དྲ་ཐོག་ནས་ཞིབ་དཔྱད་ཐུབ་ཀྱི་ཡོད། བཟོ་གྲྭའི་སྒྲིག་སྦྱོར་འཁོར་ཁང་གི་འགན་འཁུར་བས། འདི་གར་ནི་ང་ཚོའི་གཞི་སྡེར་AIམཐོང་ཚོར་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་བྱ་ཡུལ་ཡིན་པ་དང་། དེས་རིག་ནུས་པར་ཆས་ལ་བརྟེན་ནས་པར་ལེན་བྱས་རྗེས་རྒྱབ་ཕྱོགས་ཀྱི་མིས་ཐབས་རིག་ནུས་རྩི་ཐབས་དང་ཞིབ་བསྡུར་བྱེད་ཀྱི་ཡོད། གལ་ཏེ་རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཚེ་འཕྲལ་མར་ཉེན་བརྡ་གཏོང་གི་ཡོད་པས། འགག་རྩའི་ལས་རིམ་ལ་རང་འགུལ་ཅན་གྱི་ལྟ་ཞིབ་ཚད་ལེན་ཐུབ་ཚད་བརྒྱ་ཆ་100ཟིན་ཡོད་ཅེས་བརྗོད་པ་རེད། 

     རིག་ནུས་མ་ལག་ཆ་ཚང་འདི་ཞིབ་འཇུག་གསར་སྤེལ་བྱེད་མཁན་ནི་ཀྲུང་གོ་ཚན་རིག་ཁང་དང་ཁྲུང་ཆིང་གི་གཙང་གཉིས་ཁུལ་གསར་གླིང་དབར་མཉམ་ལས་བྱས་ནས་བཏོད་པའི་ཚན་རྩལ་ཀུང་སི་ཞིག་ཡིན་པ་དང་། ཀུང་སི་དེ་བཙུགས་པ་ནས་བཟུང་རྒྱལ་ནང་གི་ཐོན་དང་པོའི་རིག་ནུས་ཐོན་རྫས་མང་པོ་ཞིག་བཏོན་ཡོད། དེས་འཐུས་ཚབ་བྱེད་པའི་མཐོ་གསར་ལག་རྩལ་ཁེ་ལས་དེ་རིགས་མིག་སྔར་ཁྲུང་ཆིང་དུ་7500ལྷག་ཡོད་པ་རེད།

     ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་མཐོའི་གོང་འཕེལ་གྱི་ལས་འགན་ཨང་དང་པོ་དེ་ཁོང་དུ་གང་ལེགས་ཆུད་པ་བྱས་ཐོག ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པ་དང་། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ། ང་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་གྱིས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་བཏང་སྟེ། སྔ་སྣུར་དུ་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

     མཐོ་གསར་ལག་རྩལ་ཁེ་ལས་གསོ་སྐྱོང་བྱེད་པར་དམིགས་ནས། ཁྲུང་ཆིང་གིས་རང་ཉིད་ཀྱི་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་ཐུབ་ཡོད། ཁྲུང་ཆིང་མཐོ་གསར་ལག་རྩལ་ཐོན་ལས་ཞིབ་འཇུག་གླིང་ནི་ཁྲུང་ཆིང་གིས་ཆེད་མངགས་མཐོ་གསར་ལག་རྩལ་ཁེ་ལས་སྐྱེད་སྲིང་བྱེད་པའི་སྟེགས་བུ་ཞིག་རེད། གནས་འདིའི་བར་དཀྱིལ་ཚོད་ལྟའི་རྟེན་གཞི་དང་མཉམ་སྤྱོད་ཚོད་ལྟ་ཁང་གིས་མི་རིང་བར་ཐོན་སྐྱེད་འབོར་ཆེན་བྱ་རྒྱུའི་རྩིས་གློག་ཚོར་ཆས་ལ་ཚད་ལེན་བྱེད་བཞིན་ཡོད། ཁྲུང་ཆིང་མཐོ་གསར་ལག་རྩལ་ཐོན་ལས་ཞིབ་འཇུག་གླིང་འཆར་འགོད་གོང་འཕེལ་པུའི་པུའུ་ཀྲང་ལིན་ཕེ་སིས། ཞིབ་འཇུག་གླིང་གིས་ཞིབ་འཇུག་གསར་སྤེལ་དང་གཉེར་སྐྱོང་། ཤེས་ལྡན་མི་སྣ་སོགས་ཀྱི་རྒྱབ་སྐྱོར་བྱས་ནས། ཁེ་ལས་ལ“དཔེ་སྒྲོམ”ནས“ཟོག་སྒྲོམ”བར་དང་གཅིག་བདག་ཁེ་དབང་ནས་ཐོན་རྫས་བར་གྱི་དུས་འཁོར་ཧྲིལ་པོའི་རྒྱུད་སྤེལ་བརྒྱུད་རིམ་ལ་རོགས་རམ་བྱེད་ཀྱི་ཡོད། འདི་ཚོ་ཚང་མ་ནི་ཚན་རིག་ཞིབ་འཇུག་ཚོགས་པས་མཉམ་སྤྱོད་བྱ་རྒྱུར་ཁྱོན་ཡོངས་ནས་སྒོ་འབྱེད་བྱེད་པ་ཞིག་ཡིན། ཚན་རིག་མཁས་པའི་ཚོགས་པས་རང་ཉིད་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་འགན་འཁུར་བཞིན་པ་དང་། དེ་བྱིངས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཚང་མ་ཞིབ་འཇུག་གླིང་གིས་ཁོང་ཚོར་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

     མཐོ་གསར་ལག་རྩལ་ཁེ་ལས་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིད་དང་འཕེལ་རྒྱས་གཏོང་བའི་གཙོ་ཁྲིད་སྟོབས་ཤུགས་ཤིག་ཡིན་པ་དང་། མ་འོངས་ཐོན་ལས་ནི་ཚན་རྩལ་གསར་བརྗེའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཁྲུང་ཆིང་ནུབ་རྒྱུད་ཚན་རིག་གྲོང་དུ་གནས་པའི་ཅིང་ཧྥེང་ཚོད་ལྟ་ཁང་དུ། ཚན་ཞིབ་ཚོགས་པས་ཀླད་པའི་སྤྱིན་རྫས་སྐྲན་གྱི་ནད་ལུགས་བར་ཁམས་བརྒྱུད་འབེབས་ཙུའུ་རིག་པའི་ཞིབ་འཇུག་བྱེད་བཞིན་ཡོད། ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཧུའེ་ཡིས་ཅིང་ཧྥེང་ཚོད་ལྟ་ཁང་ལ་རྒྱལ་ཡོངས་ཀྱི་གསར་སྐྲུན་གྲུབ་འབྲས་མང་པོ་ཐོབ་ཡོད་པ་དང་། གྲུབ་འབྲས་དེ་དག་གིས་ཚེ་སྲོག་ཚན་རིག་མ་འོངས་ནད་བརྟག་སྨན་བཅོས་ཐོན་ལས་ཁྱུ་ཚོགས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བཞིན་ཡོད། ནད་གཞི་ཚབས་ཆེ་རིགས་ཀྱི་མི་རབས་ཕྱི་མའི་ནད་བརྟག་སྨན་བཅོས་ལ་དམིགས་པ་དང་། སྐྱེ་དངོས་ལག་རྩལ་དང་གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས་སོགས་གྲངས་འཛིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱེད་པ། གྲངས་འཛིན་ལག་རྩལ་སྤྱད་དེ་ནད་གཞི་དང་ནད་བརྟག་སྨན་བཅོས་ཀྱི་མཚན་ཉིད་བསྐྱར་དུ་གཏན་འཁེལ་བྱེད་པ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ནད་གཞི་རིགས་དབྱེའི་ཚད་གཞི་གཏན་འཁེལ་བྱེད་མཁན་དང་སྣེ་ཁྲིད་མཁན་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 

     2023ལོར། ཁྲུང་ཆིང་གིས་སྒོར་དུང་ཕྱུར་39.8བཏང་ནས་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐད་སྤྱད་པ་དང་། ལྟེ་བའི་ལག་རྩལ་གྱི་ཁོངས་སུ་གཏོགས་པའི་རྣམ་གྲངས་ཁག་311དང་། འགག་གཏོར་བྱེད་ཁག་པའི་ལག་རྩལ་གྱི་ཁོངས་སུ་གཏོགས་པའི་རྣམ་གྲངས་ཁག་60གཏན་འཁེལ་བྱས་ཡོད། ཁྲུང་ཆིང་གིས་ནང་ངོས་ཀྱི་རྨང་གཞི་དང་ཕྱི་རོལ་གྱི་ཁོར་ཡུག་ལ་གཞིགས་པ་དང་། དེང་རབས་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་ཤུགས་ཆེན་གཏོད་པ། ད་ཡོད་ཐོན་ལས་རྨང་གཞི་སྣེ་ཁྲིད་འཕར་སྣོན་དང་། མདུལ་གྲལ་ལག་རྩལ་ཐོན་ལས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ཡོད། མིག་སྔར། སྲུང་སྐར་དྲ་སྦྲེལ་དང་། སྐྱེ་དངོས་བཟོ་སྐྲུན། ཚེ་སྲོག་ཚན་རིག ཡོན་འཇིན་རྟེན། མདུན་གྲལ་རྒྱུ་ཆ་གསར་པ། མ་འོངས་ནུས་ཁུངས་སོགས་མ་འོངས་ཐོན་ལས་ཆེན་པོ་དྲུག་ཁྲུང་ཆིང་དུ་བཀོད་སྒྲིག་མགྱོགས་པོ་བྱེད་བཞིན་ཡོད་པ་རེད། ཁྲུང་ཆིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལན་ཆིང་ཧྭ་ཡིས། ང་ཚོས་གསར་གཏོད་ཀྱི་ཁྱད་ཆོས་དེ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་འགག་རྩར་དམ་འཛིན་ཏན་ཏིག་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད། དེ་བཞིན་སྒྲིག་གཞི་དང་ལམ་སྲོལ་གྱི་གསར་གཏོད་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་ཞེས་པའི་འགག་རྩ་དེར་དམ་འཛིན་ཏན་ཏིག་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། མ་འོངས་ཐོན་ལས་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་གང་མགྱོགས་བྱེད་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཁྲུང་ཆིང་གིས་གོང་འཕེལ་གྱི་བཟང་ཆ་གསར་པ་གཏོད་བཞིན་པ།