དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་པེ་ཝུའེ་རྫོང་གིས་གྲོང་གསེབ་ཀྱི་བཟོ་གྲྭ་ཆེས་ཆུང་གྲས་མཉམ་དུ་འཕེལ་རྒྱས་བཏང་ནས་དར་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-21

    དཔྱིད་གསར་དུས་སུ་ཞོགས་པའི་ཉི་བཞོན་ཤར་མ་ཐག་ཧོ་པེ་ཝུའེ་རྫོང་ཏེ་ཀྲེང་གྲོང་རྡལ་ལིའུ་ཀྲོང་གྲོང་ཚོའི་གྲོང་གསེབ་ཀྱི་བཟོ་གྲྭ་ཆེས་ཆུང་གྲས་ཏེ། ཧྲེང་ཤིས་སྒམ་ཁུག་བཟོ་གྲྭར་འཚེམ་འཁོར་དང་། ཐུམ་སྒྲིལ་འཕྲུལ་འཁོར། མདུད་རྒྱག་འཕྲུལ་འཁོར་བཅས་ཀྱི་སྐད་སྒྲས་ཁེངས་པ་དང་། བཟོ་གྲྭའི་འགན་འཁུར་བ་ཀུའོ་ཡཱ་ཧྥེ་ཡིས་བཟོ་པ་ཚོའི་སྣེ་ཁྲིད་དེ་སྒམ་ཁུག་རྩེ་གྲ་ཁྲི་1གི་ཕྱིར་གཏོང་མངགས་ཐོ་བཟོ་བཞིན་མཆིས།

    “ཁག་ཐེངས་དེའི་སྒམ་ཁུག་གི་ལས་སྣོན་གྱི་ལས་རིམ་120ལྷག་ཙམ་བརྒྱུད་དགོས་པ་དེ་སྤྱིར་བཏང་སྒམ་ཁུག་གི་ལྡབ་5ནས་10བར་ཡིན་པས་བཟོ་རྩལ་གྱི་རེ་བ་ཧ་ཅང་མཐོ་པོ་ཡོད”ཀུའོ་ཡཱ་ཧྥེ་ཡིས་ལོ་ཁ་ཤས་གོང་ཁོང་ཚོའི་བཟོ་གྲྭ་ཆུང་ཆུང་དེ་གྲས་ལ་མངགས་ཐོ་དེ་འདྲ་རག་མི་སྲིད་ལ་ལེན་ཡང་ཕོད་སྲིད་ཀྱི་མ་རེད་ཅེས་བཤད།

    ཧྲེང་ཤིས་སྒམ་ཁུག་བཟོ་གྲྭ་2018ལོར་བཙུགས་པ་དང། “ཐོག་མའི་ལོ་འགའ་ཤས་རིང་མངགས་ཐོ་ཉུང་བའི་ཁར་བརྟན་པོའང་དེ་ཙམ་མེད། བཟོ་གྲྭའི་བཟོ་པ་10ཚང་མ་ལག་རྩལ་མི་འདང་བའི་གཞིས་ལུས་བུད་མེད་ཤ་སྟག་ཡིན་པས་སྟབས་བདེའི་ལས་སྣོན་ཙམ་ལས་ཐུབ་ཀྱི་མེད། སྒམ་ཁུག་རེར་ལས་རིམ་10ལས་མེད་པས་ལས་སྣོན་རིན་གོང་སྒོར་2ནས་5བར་རེད་ཅེས་ཀུའོ་ཡཱ་ཧྥེ་ཡིས་བཤད།

    གཞི་ཁྱོན་ཅུང་ཆུང་ལ་ལག་རྩལ་ཞན་པས་ཐོན་རྫས་བསྐྱར་བཟོ་ཐེངས་མང་བྱེད་དགོས། “ས་གནས་གཞན་གྱི་ཁེ་ལས་ཞིག་གི་དཔེ་ཁུག་3000ལས་སྣོན་གྱི་མངགས་ཐོ་རག་ཀྱང་བཟོ་རྩལ་ཡག་པོ་མེད་པའི་དབང་གིས་དཔེ་ཁུག་600ལྷག་ཙམ་ཚུར་སློག་བྱུང”ཞེས་ཀུའོ་ཡཱ་ཧྥེ་ཡིས་བཤད། 2018ལོ་ནས་2020ལོ་བར། ཁོ་པ་ཕྱིར་ཚོང་འགུག་བྱེད་པར་བསྐྱོད་རུང་ཁ་ཡ་བྱེད་མཁན་མ་བྱུང་བས་བཟོ་གྲྭ་གཉེར་སྐྱོང་གི་གནོན་ཤུགས་ཆེ་རུ་སོང་སྟབས་བཟོ་གྲྭའང་ནང་བཤུག་གཏོང་རྩིས་བྱེད་མྱོང་ཡོད།

    ཝུའེ་རྫོང་དུ་ཧྲེང་ཤིས་སྒམ་ཁུག་བཟོ་གྲྭ་དང་འདྲ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་གྲོང་གསེབ་ཀྱི་བཟོ་གྲྭ་ཆེས་ཆུང་གྲས་ད་དུང་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་གྲོང་གསེབ་ཀྱི་བཟོ་གྲྭ་ཆེས་ཆུང་གྲས་ནི་གྲོང་གསེབ་ཀྱི་མང་ཚོགས་དང་དབུལ་སྒྲོལ་དུད་ཚང་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་རེད།

    2021ལོར་བཟོ་གྲྭའི་གནས་བབ་ལེགས་སུ་ཕྱིན་ཞིང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་ཆེད། ཝུའེ་རྫོང་གིས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ལས་རིགས་མཐུན་ཚོགས་ཀྱིས་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པའི་རྣམ་པར་བརྟེན་ནས་རྫོང་ཡོངས་ཀྱི་སྒམ་ཁུག་དང་། གྱོན་ཆས། གློག་རྡུལ་ཐོན་རྫས། རྩེད་ཆས་སོགས་ལས་སྣོན་རིགས་ཀྱི་རོགས་སྐྱོར་བཟོ་གྲྭ་ཆེས་ཆུང་གྲས་100ལྷག་ཙམ་བསྡུ་སྒྲིལ་བྱས་པས“ཚོགས་སྒྲིག་རྣམ་པའི་འཕེལ་རྒྱས”མངོན་འགྱུར་བྱུང་བ་དང་ཆབས་ཅིག“ཝུའེ་རྫོང་གིས་བཟོ་གྲྭ་ཆེས་ཆུང་གྲས་ལ་དངོས་སུ་རོགས་སྐྱོར་བྱེད་པའི་ལས་སྣོན་མཉམ་ལས་ཁང”བཙུགས་ནས། ལག་རྩལ་གསོ་སྦྱོང་དང་མངགས་ཐོ་བགོ་བཤའ་རྒྱག་པར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་བཟོ་གྲྭ་ཆེས་ཆུང་གྲས་འཕེལ་རྒྱས་ཡག་པོ་དང་མྱུར་པོ་ཡོང་བར་སྒུལ་ཤུགས་གསར་པ་སྦྱིན།

    ཉེ་བའི་ལོ་ཤས་རིང་། ཧྲེང་ཤིས་སྒམ་ཁུག་བཟོ་གྲྭ་དེ་བས་ཡག་ཏུ་ཕྱིན་ཞིང་། རྫོང་ཡོངས་ཀྱིས་སྤྱི་འདོམས་བཀོད་སྒྲིག་བྱས་པ་བརྒྱུད། སྟོབས་ཤུགས་ཅུང་ཆེ་བའི་སྒམ་ཁུག་བཟོ་གྲྭའི་ལག་རྩལ་རྐང་འཛིན་པ་སྐོང་འཐེན་བྱས་ཏེ་ཧྲེང་ཤིས་སྒམ་ཁུག་བཟོ་གྲྭ་ལྟ་བུའི་བཟོ་གྲྭ་ཅུང་ཞན་པར་རིན་མེད་ངང་ལག་རྩལ་གསོ་སྦྱོང་བྱེད་པར་མངགས། མཉམ་ལས་ཁང་གིས་ཁྲོམ་རའི་རྒྱ་སྐྱེད་ནུས་པ་ཅུང་ཆེན་པོར་བརྟེན་ནས་མངགས་ཐོ་ཆེ་གྲས་བླངས་རྗེས་བཟོ་གྲྭ་ཆེས་ཆུང་གྲས་མང་པོར་བགོས་ནས་མཉམ་དུ་ལས་སྣོན་གྱིས་བཟོ་གྲྭ་ཁག་གི་ཟོག་ཁུངས་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    “སྟབས་ལེགས་པ་ཞིག་ལ་བཟོ་གྲྭ་དཀའ་ངལ་ཆེ་ཤོས་སྐབས་སྡུག་རུས་བྱས་པ་ཡིན”ལོ་དེ་དག་རིང་གི་འཕེལ་རྒྱས་སྐོར་གླེང་སྐབས། ཀུའོ་ཡཱ་ཧྥེ་ཡིས“ང་ཚོའི་བཟོ་པ་ཡང་སྐབས་དེ་དུས་ཀྱི་མི་10ནས་ད་ཆའི་མི་སུམ་ཅུ་བཞི་བཅུ་ཙམ་བར་མང་དུ་ཕྱིན་པ་དང་། ལས་སྣོན་བྱེད་ཚད་ཀྱང་ལོ་རེར་སྒམ་ཁུག་ཁྲི་2ལས་སྣོན་རགས་ཙམ་བྱེད་པ་ནས་ད་ཆའི་ལོ་རེར་སྒམ་ཁུག་རྩེ་གྲ་ཁྲི་བཅུ་ལྷག་ཙམ་ལས་སྣོན་བྱེད་པའི་བར་མང་དུ་ཕྱིན་ཡོད་ལ། ལས་སྣོན་རྐྱང་པའི་རིན་གོང་ཡང་སྒོར་ཁ་ཤས་ནས་སྒོར་ཉི་ཤུ་སུམ་ཅུ་བར་མང་དུ་ཕྱིན་ཡོད། བཟོ་གྲྭ་རང་ངོས་ཀྱི་ཕྱི་ཕྱོགས་ཀྱི་མངགས་ཐོ་ལེན་པའི་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།

    ད་ཆ་ཝུའེ་རྫོང་དུ་བཟོ་གྲྭ་ཆེས་ཆུང་གྲས་125“ཚོགས་སྒྲིག”འཕེལ་རྒྱས་བྱུང་ནས། ཆ་འཕྲིན་ཡོངས་བསྒྲགས་དང་། མངགས་ཐོ་དང་ལེན། ཇུས་འགོད་ཚད་ལྡན། རྒྱུ་ཆ་ཉོ་སྒྲུབ། ཁྲོམ་རར་ཕྱིར་ཚོང་བཅས“གཅིག་གྱུར་ལྔ”ལག་ལེན་བསྟར་ཏེ“མཉམ་འབྲེལ་དམག་གྲུའི”འཕེལ་རྒྱས་གཏོང་སྟངས་ཤིག་གྲུབ་ཡོད་ཅིང་། རྫོང་ཡོངས་ཀྱི་བཟོ་གྲྭ་ཆེས་ཆུང་གྲས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་50ལྷག་ཙམ་ཟིན་པ་དང་། ཐོན་རྫས་རྒྱལ་ནང་གི་གྲོང་ཁྱེར་20ལྷག་ཙམ་ལ་བྲིན་ཁ་རྒྱུག་པ། རྒྱལ་ཁབ་10ལྷག་ཙམ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད་པས། མི་6000ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།