མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

བུན་དབང་གཙོ་བོ་ཚེ་ལས་འདས་རྗེས་གཏའ་མའི་དབང་ཆ་མེད་པར་བཟོས་པ་ཡིན་ནམ།

མདོ་སྡེ་རྒྱལ།  2024-01-18 16:05:21 


བློ་མཐུན་རྩོམ་སྒྲིག་པ་ལགས།

ན་ནིང་གི་སྟོན་མཇུག་ཏུ་ཚེ་རིང་གིས་ང་ཁྲིད་ནས་གཡུ་ལུང་སྡེ་བའི་ཨ་མྱེས་ཚེ་ལོ་རྒྱལ་ཚང་དུ་སོང་སྟེ་སྒོར་ཁྲི་བརྒྱད་བྱིན་ནས་གླང་མགོ་རྟགས་ཅན་གྱི་རླངས་འཁོར་རྙིང་པ་ཞིག་ཉོ་རྩིས་བྱས་པ་དང་།སྐབས་དེར་སྒོར་ཁྲི་ལྔ་ལག་སྒོར་བརྩིས་ཏེ་ཨ་མྱེས་ཚེ་ལོ་རྒྱལ་ལ་སྤྲད།ད་དུང་སྒོར་ཁྲི་གསུམ་ཆད་པས་ཆ་ཤས་ཤིག་སང་ལོའི་སྟོན་ཁར་ལུག་ལ་ཤ་ཤེད་རྒྱས་ན་སྟེར་རྒྱུ་དང་ཆ་ཤས་ཤོག་སྒོར་སྟེར་རྒྱུ་ཡིན་ལ།གལ་ཏེ་ཚེ་རིང་གིས་དུས་ལྟར་སྟེར་མ་ཐུབ་ན་ངས་ཁག་ཐེག་བྱེད་པའི་འགན་འཁུར་ཆོག་ཅེས་གན་རྒྱ་བྲིས།བློ་ཡུལ་ལས་འདས་པ་ཞིག་ལ་ད་ལོའི་དབྱར་ཁར་ཨ་མྱེས་ཚེ་ལོ་རྒྱལ་ནད་ཡམས་ཀྱིས་གཙེས་ཏེ་ཚེ་ལས་འདས་སོང་།ཁས་སྔོན་བུན་བདག་ཕྱོགས་ཀྱི་ཤ་ཉེ་ཞིག་ཡོང་སྟེ་ཚེ་རིང་གིས་རླངས་འཁོར་ཉོ་སྒྲུབ་ཀྱི་གན་རྒྱ་ལག་བསྟར་མི་བྱེད་པས་ཁག་ཐེག་པས་འགན་འཁུར་དགོས་ཟེར།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་བུན་བདག་ཚེ་ལོ་རྒྱལ་ཚེ་ལས་འདས་ན་ངས་ཁག་ཐེག་པའི་འགན་འཁུར་དགོས་སམ།

ཞེས་ཆོས་ལོ་ཡིས།

བློ་མཐུན་ཆོས་ལོ་ལགས།

གཏའ་མའི་དབང་ཆ་ནི་དངོས་པོའི་བདག་དབང་ཁྲོད་ཀྱི་གཅིག་ཡིན་ལ། དོན་རྐྱེན་ངེས་ཅན་བྱུང་བ་དང་བསྟུན་ནས་རྩ་མེད་དུ་འགྲོ་བ་ཞིག་ཡིན། གཏའ་མའི་དབང་ཆ་ནི་དངོས་པོའི་བདག་དབང་གི་འགྱུར་བ་དང་བསྟུན་ནས་རྩ་མེད་འགྲོ་བ་སྟེ། མཉམ་བསྲེས་དང་བེད་མེད་དུ་བསྐྱུར་བ་སོགས་ལས་རྩ་མེད་དུ་འགྲོ་བ་ལས་གཞན།ད་དུང་གཤམ་གྱི་དམིགས་བསལ་གྱི་རྒྱུ་རྐྱེན་ཡོད་དེ། གཅིག བུན་དབང་གཙོ་བོ་རྩ་མེད་དུ་སོང་བ། གཉིས། གཏའ་མར་བཞག་པའི་དངོས་པོ་མེད་པར་བཟོས་པ། གསུམ། གཏའ་མའི་དབང་ཆ་ལག་བསྟར་བྱེད་པའི་སྒང་ལ་གཏའ་མའི་དབང་ཆ་ནི་རྩ་མེད་དུ་འགྲོ་སྲིད་པ། བཞི། ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ཀྱི་བརྒྱུད་རིམ་ལས་རྩ་མེད་དུ་གཏོང་བ་བཅས་ཡོད།

1. བུན་དབང་གཙོ་བོ་རྩ་མེད་དུ་སོང་བ་ཞེས་པ་ནི།གཏའ་མའི་དབང་ཆ་རྩ་མེད་དུ་འགྲོ་བའི་རྩ་བའི་རྒྱུ་རྐྱེན་ཡིན་ལ། སྤྱིར་བཏང་གི་བུན་དབང་གཙོ་བོ་རྩ་མེད་དུ་སོང་བ་ཞེས་པ་ནི་བུན་དབང་གཙོ་བོ་ཡོད་ཚད་རྩ་མེད་དུ་སོང་བ་སྟོན་པ་ཡིན། གཏའ་མའི་དབང་ཆ་ནི་བུན་དབང་གཙོ་བོ་འགན་ལེན་བྱེད་པ་དང་བསྟུན་ནས་གནས་ཡོད་པས། ཁོངས་གཏོགས་རང་བཞིན་གྱི་ཁྱད་ཆོས་ཡོད་པ་དང་། བུན་དབང་གཙོ་བོ་དེ་གཙང་སྤྲོད་དང་མེད་པར་བཟོ་བ། རྩ་མེད་དུ་བཏང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་ཡོད་ཚད་རྩ་མེད་དུ་སོང་བའི་སྐབས་སུ། གཏའ་མའི་དབང་ཆ་ཡང་དེ་དང་བསྟུན་ནས་རྩ་མེད་དུ་འགྲོ་ངེས་ཡིན།

2. གཏའ་མར་བཞག་པའི་དངོས་པོ་མེད་པར་བཟོ་བ་ཞེས་པ་ནི།གཏའ་མར་བཞག་པའི་དངོས་པོ་རྩ་མེད་དུ་སོང་བ་དང་བསྟུན་ནས་མེད་པར་འགྲོ་བ་ཞིག་ཡིན་ལ། འདིའི་ནང་དུ་ཁྲིམས་ལུགས་ཐད་ཀྱི་རྩ་མེད་དུ་འགྲོ་བ་དང་དོན་དངོས་ཐད་ནས་རྩ་མེད་དུ་འགྲོ་བ་གཉིས་ཡོད་དེ། སྔོན་མ་ནི་གཏའ་མར་བཞག་པའི་དངོས་པོ་གཞུང་བསྡུ་བྱས་པ་ལྟ་བུ་དང་།རྗེས་མ་ནི་གཏའ་མར་བཞག་པའི་སྡོད་ཁང་མེར་སྲེག་པ་ལྟ་བུ་ཡིན། ཡིན་ཡང་ངེས་པར་དོ་སྣང་བྱ་དགོས་པ་ཞིག་ནི། གཏའ་མར་བཞག་པའི་དངོས་པོ་རྩ་མེད་དུ་སོང་བའི་རྐྱེན་གྱིས་སྐྱིན་ཚབ་མ་དངུལ་དང་ཁ་གསབ་མ་དངུལ། འགན་སྲུང་མ་དངུལ་ཐོབ་པའི་སྐབས་སུ། གཏའ་མའི་དབང་ཆ་རྩ་མེད་དུ་འགྲོ་མི་ཐུབ་པར་ཁ་གསབ་མ་དངུལ་དང་སྐྱིན་ཚབ་མ་དངུལ་བཅས་ཀྱི་སྟེང་དུ་གསོག་འཇོག་བྱེད་ངེས་ཡིན། གཏའ་མའི་དབང་ཆ་ཡོད་མཁན་གྱིས་ཚབ་བྱེད་དངོས་པོ་འདི་དག་ལ་ཁེ་དབང་ལག་བསྟར་བྱས་ཆོག་པ་དེ་ལ་གཏའ་མའི་དབང་ཆའི་དངོས་པོའི་ཚབ་བྱེད་ཆོག་ཟེར།

3. གཏའ་མའི་དབང་ཆ་ལག་བསྟར་བྱེད་པའི་སྒང་ལ་གཏའ་མའི་དབང་ཆ་ནི་རྩ་མེད་དུ་འགྲོ་སྲིད་པ། གཏའ་མའི་དབང་ཆ་ཡོད་མཁན་གྱིས་གཏའ་མའི་དབང་ཆ་ལག་བསྟར་བྱེད་སྐབས།འགན་ལེན་བྱས་པའི་བུན་དབང་ནི་དབང་ཆ་དེ་ལག་བསྟར་བྱས་པ་དང་བསྟུན་ནས་ཡོད་ཚད་གཙང་སྤྲོད་བྱས་ཡོད་མེད་གང་ཡིན་རུང་། གཏའ་མའི་དབང་ཆ་ནི་རྩ་མེད་དུ་འགྲོ་སྲིད། སྤྱིར་བཏང་དུ་ལག་བསྟར་ཞེས་པ་ནི་གཏའ་མའི་དབང་ཆ་ཡོད་མཁན་གྱིས་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་ལག་བསྟར་བྱེད་ཐབས་ལྟར་གཏའ་མའི་དབང་ཆ་དེ་ལག་བསྟར་བྱེད་པ་ཞིག་ཡིན་ལ། འདིའི་ནང་དུ་གཏའ་མའི་དབང་ཆ་ཡོད་མཁན་གྱིས་བཀོད་སྒྲིག་ཁྲོད་ཞུགས་པ་གསལ་སྟོན་བྱས་པ་འདུ་ལ།གཞན་ད་རུང་གོ་རིམ་སྔོན་དུ་ཡོད་པའི་གཏའ་མའི་དབང་ཆ་ཡོད་མཁན་གྱིས་གཏའ་མའི་དབང་ཆ་འདི་ལག་བསྟར་བྱེད་སྐབས། གོ་རིམ་རྗེས་སུ་ཡོད་པའི་གཏའ་མའི་དབང་ཆ་ཡོད་མཁན་གྱིས་གཏའ་མའི་དབང་ཆ་ལག་བསྟར་བྱས་མིན་དང་གཏའ་མའི་བུན་དབང་གཙང་སྤྲོད་བྱས་ཡོད་མེད་གང་ཡིན་རུང་། དེའི་གཏའ་མའི་དབང་ཆ་རྩ་མེད་དུ་འགྲོ་སྲིད།

4. ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ཀྱི་བརྒྱུད་རིམ་ལས་རྩ་མེད་དུ་གཏོང་བ་བཅས་སོ། །

དེ་བས་ཁྱོད་ཀྱིས་དྲིས་པའི་བུན་དབང་གཙོ་བོ་ཚེ་ལས་འདས་པས་གཏའ་མའི་དབང་ཆའང་རིམ་གྱིས་མེད་པར་སོང་བ་རེད།

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།