དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་མར་ཏི་ཝེའི་དངོས་སྒྲུབ་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཉན་ཧྲེང་།   |     སྤེལ་དུས།  2024-01-17

    ཀྲུང་གོ་དང་མར་ཏི་ཝེའི་མཛའ་མཐུན་གྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། 2014ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཏི་ཝེར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཕྱོགས་གཉིས་ཀྱིས་ཀྲུང་མར་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་ལ་དམིགས་པའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་གྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པར་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད། ལོ་10ཡི་རིང་། ཀྲུང་མར་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།

    “འདི་གར་འཚོ་བ་སྐྱེལ་བར་ཧ་ཅང་སྟབས་བདེ་པོ་འདུག”

    རྒྱལ་ས་མ་ལེ་ནས་རླངས་འཁོར་བཏང་སྟེ་མར་ཏི་ཝེའི་མཚོ་སྒྲོལ་ཟམ་ཆེན་དང་པོ་ཀྲུང་མར་མཛའ་གྲོགས་ཟམ་ཆེན་བརྒྱུད་དེ་ཅུང་མ་འགོར་བར་ས་གནས་དེ་གའི་གླིང་ཕྲན་ཆེ་གྲས་གཉིས་པ་ཧུའུ་ལུའུ་མ་ལེར་འབྱོར་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་གཞུང་བརྒྱུད་ནས་མདུན་དུ་སྐྱོད་སྐབས་ལྟ་ན་སྡུག་པའི་ཐོག་བརྩེགས་ཁང་པ་རེ་རེ་མིག་ལམ་དུ་འཆར།

    དེ་ནི་ཀྲུང་གོ་འཕྲུལ་འཁོར་སྒྲིག་ཆས་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས(གཤམ་དུ་ཀྲུང་གོ་སྒྲིག་ཆས་ཚོགས་པ་ཞེས་བསྡུ་རྒྱུ)སྐྲུན་འགན་ཁུར་བའི་མར་ཏི་ཝེའི་དམངས་སྤྱོད་སྡོད་ཁང་རྣམ་གྲངས་ཀྱི་གྲས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2014ལོར་མར་ཏི་ཝེར་རྒྱལ་དོན་འཚམས་འདྲི་གནང་རིང་། སྐབས་དེའི་མར་ཏི་ཝེའི་ཙུང་ཐུང་ཡ་མིང་དང་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་འཛུགས་སྐྲུན་ནང་ཞུགས་པའི་དམངས་སྤྱོད་སྡོད་ཁང་རྣམ་གྲངས་ལ་སྒོ་བྱང་བཀལ་གནང་ཡོད། ལོ་དེའི་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་གི་སྡོད་ཁང་ཐོག་བརྩེགས་ཁང་པའི་འདྲ་བཟོ་ཇུས་བཀོད་རི་མོ་དེ་ད་ལྟ་འཚོ་བའི་ཉམས་སྣང་ལེགས་པའི་སྡོད་ཁང་ས་ཁུལ་དུ་གྱུར་འདུག

    ཧུའུ་ལུའུ་མ་ལེ་ནི་མ་ལེ་དང་བར་ཐག་སྤྱི་ལེ་8ཙམ་གྱི་སར་ཡོད་ཅིང་། ལོ་10ལྷག་ཙམ་གྱི་གོང་ས་ཆ་དེར་ཆུའི་ཐོན་ཁུངས་དཀོན་པ་དང་འགྲིམ་འགྲུལ་ཡང་སྟབས་བདེ་པོ་མེད། གནམ་གཤིས་འགྱུར་ལྡོག་དང་མི་འབོར་མང་དུ་འགྲོ་བའི་གནོན་ཤུགས་ལ་ཁ་གཏད་གཅོག་ཆེད། མར་ཏི་ཝེས་2001ལོར་སྡོད་ཁང་གསར་སྤེལ་ཀུང་སི་བཙུགས་ནས་ཧུའུ་ལུའུ་མ་ལེ་གླིང་ཕྲན་ལ་འཛུགས་སྐྲུན་བྱ་རྒྱུའི་འགན་ཁུར་ཡོད། 2009ལོར་ཀྲུང་གོ་སྒྲིག་ཆས་ཚོགས་པ་དང་མར་ཏི་ཝེ་ཕྱོགས་ཀྱིས་བསམ་ཤེས་བརྗེད་ཐོ་བཞག་ནས་སྡོད་ཁང་རྣམ་གྲངས་4000ཙམ་གྱི་རྣམ་གྲངས་འཛུགས་སྐྲུན་དང་ལེན་བྱས་ནས་དུས་ཐེངས་གསུམ་ལ་དབྱེ་ནས་ལེགས་སྒྲུབ་བྱས་ཤིང་། 2022ལོའི་ཟླ་6པའི་བར་སྡོད་ཁང་ཆ་ཚང་མར་ཏི་ཝེ་ཕྱོགས་ལ་རྩིས་སྤྲད་པ་དང་ས་གནས་དེ་གའི་ཡུལ་མི་ཁྲི་1ལྷག་ཙམ་གྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པ་རེད།

    “གནས་འདིར་བསྡད་ན་སྣང་བ་སྐྱིད་པོ་འདུག སྔོན་ཆད་ང་ཚོས་ཁང་པ་གླས་ནས་ནང་མི་གསུམ་སྨི་ངོས་གྲུ་30ཟིན་པའི་ཁང་ཆུང་ནང་སྡོད་ཀྱི་ཡོད། ད་ཆ་རང་ཉིད་ཀྱི་ཁང་པར་རྒྱ་ཁྱོན་སྨི་ངོས་གྲུ་75ཟིན་གྱི་ཡོད་པས་གནས་འདིར་དངོས་གནས་སྐྱིད་པོ་འདུག”ཅེས་ཡུལ་མི་ལ་ཞི་ཏེ་ཡིས་བཤད།

    “དམངས་ཚོགས་ལ་སྨན་བཅོས་ཀྱི་ཞབས་འདེགས་རྩེར་སོན་ཐོབ་པ་བྱེད་དགོས”

    ལོ་36ལ་སླེབས་པའི་ཨར་མ་སི་ནི་ད་ལྟ་ཧུའུ་ལུའུ་མ་ལེ་སྨན་ཁང་གི་ཀྲུང་མར་མིག་ནད་ཚན་ཁག་ལྟེ་གནས་ཀྱི་ལས་བྲེལ་ཆེ་ཤོས་ཀྱི་སྨན་པ་ཞིག་རེད། མི་རིང་བའི་གོང་། ཀྲུང་གོའི་ཀྲུང་ཧྲན་སློབ་ཆེན་ཀྲུང་ཧྲན་མིག་ནད་ཚན་ཁག་ལྟེ་གནས་སུ་དུས་ཡུན་ཟླ་བ་གསུམ་རིང་ཁོང་ལ་གསོ་སྦྱོང་བྱས་ཡོད། ཁོང་ཀོང་ཏུང་ནས་མར་ཏི་ཝེར་མ་སླེབས་གོང་ནས་ནད་པ་རྣམས་ཀྱིས་ཨང་ཀི་བཀག་ནས་བང་སྒྲིག་འགོ་ཚུགས་པ་རེད།

    ཀྲུང་གོས་སྒྲིག་ཆས་ཆ་ཚང་ཞལ་འདེབས་བརྒྱབ་པའི་གཤག་བཅོས་ཁང་དུ་ཨར་མ་སིས་སྐྱ་འགྲིབ་ནད་པར་གཤག་བཅོས་བྱེད་བཞིན་ཡོད་ཅིང་། ནང་བྱན་ཆུད་པའི་སྨན་བཅོས་ལག་རྩལ་གྱིས་ཁོང་ནི་སྐྱ་གྲིབ་ནད་ཀྱི་བཅོས་ཐབས་ལ་མཁས་པའི་སྨན་པ་ཡག་ཤོས་སུ་གྱུར་འདུག

    “སྤྱིར་ན་ང་རང་ཀྲུང་གོར་སྡོད་པའི་དུས་ཡུན་རིང་པོ་མེད་ཀྱང་ཀྲུང་གོ་མི་དམངས་ཀྱི་བྱམས་བརྩེ་དང་ལྷག་བསམ་ཚོར་བྱུང་། ཀྲུང་ཧྲན་མིག་ནད་ཚན་ཁག་ལྟེ་གནས་ཀྱི་སྨན་པ་དང་ནད་གཡོག་གིས་ང་ལ་རོགས་རམ་མང་པོ་བྱས་ཁར་ཕན་ཡང་ཆེན་པོ་ཐོགས་བྱུང”ཞེས་ཁོང་གིས་བཤད།

    2020ལོར་ཀྲུང་གོ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཀྱི་རྒྱབ་སྐྱོར་འོག ཀྲུང་ཧྲན་མིག་ནད་ཚན་ཁག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཁྲེན་ཝེ་རོང་གིས་ཕྱི་རྒྱལ་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྣེ་ཁྲིད་དེ་མར་ཏི་ཝེར་ཕེབས་པ་དང་འབྲེལ་མིག་ནད་ཚན་ཁག་གི་སྨན་བཅོས་སྒྲིག་ཆས་ཆ་ཚང་སྤྲད་ཅིང་། ཧུའུ་ལུའུ་མ་ལེ་སྨན་ཁང་ལ་བརྟེན་ནས་ཁོང་ཚོས་ཕྱི་རྒྱལ་དུ་རོགས་སྐྱོར་བྱས་ཏེ་བཙུགས་པའི་ཀྲུང་གོའི་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་མིག་ནད་ཚན་ཁག་ལྟེ་གནས་ཐོག་མ་བཙུགས་པ་རེད།

    ཀྲུང་མར་མིག་ནད་ཚན་ཁག་ལྟེ་གནས་སྤྱོད་འགོ་ཚུགས་པ་ནས་བཟུང་། ས་གནས་དེ་གའི་མིག་ནད་ཕོག་མཁན་ལ་སྨན་བཅོས་ཞབས་འདེགས་སྣ་ཚོགས་ཞུས་ནས་མིག་ནད་ཕོག་མཁན་མང་པོར་བསྐྱར་དུ་འོད་སྣང་མཐོང་བར་བྱས་པ་མ་ཟད། དྲ་ཐོག་དང་དྲ་ཕྱི་ནས་ས་གནས་དེ་གའི་སྨན་དོན་མི་སྣར་གསོ་སྦྱོང་བྱས་ཤིང་། ཨར་མ་སི་ཡང་ཐད་ཀར་ཕན་པ་ཐོབ་མཁན་ཞིག་རེད།

    “ང་ཚོས་ཀྲུང་གོའི་ཡུལ་སྐོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན”

    ས་གནས་དེ་གའི་ཡུལ་སྐོར་སྣེ་ཤན་པ་ཡ་པོས་ཧུའུ་ལུའུ་མ་ལེ་གླིང་ཕྲན་དུ་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་བའི་ཐོག་སོ་གསུམ་གྱི་ཁང་པར་ཁྱོན་བསྡོམས་མགྲོན་ཁང་བཅུ་གྲངས་ཡོད་ཅིང་། དེ་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད། ཀྲུང་གོའི་ཡུལ་སྐོར་བ་འཕྲད་སྐབས་ཁོང་སེམས་རྩ་འཁོལ་བ་ཞིག་ཡོད་ལ་ལག་པ་གཏོང་བ་དང་། ཕྲག་པར་འཆང་ཙམ་བྱེད་པ། སྐད་འཕྲིན་སྣོན་པ་བཅས་བྱེད་པའི་ཁར། རང་ཁྱིམ་གྱི་མགྲོན་ཁང་དང་དེ་བཞིན་མཚོ་སྐྱོད་དང་ཆུར་འཛུལ་སོགས་ཀྱི་ཞབས་ཞུ་ངོ་སྤྲོད་ཞིབ་ཕྲ་བྱེད་ཀྱི་ཡོད། “ང་ཚོས་ཀྲུང་གོའི་ཡུལ་སྐོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན”ཞེས་ཡ་པོས་གསར་འགོད་པར་བཤད།

    མར་ཏི་ཝེའི་ཡུལ་སྐོར་པུས་བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་རྒྱལ་ཁབ་དེས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་187ཙམ་ལ་སྣེ་ལེན་ཞུས་པའི་ནང་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་18.7ཙམ་ཟིན་པ་དེས་བསྡུར་གྲངས་ཀྱི་10%བཟུང་ནས་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ཡོད། མར་ཏི་ཝེའི་ཡུལ་སྐོར་པུས་སྔོན་དཔག་བྱས་པ་ལྟར་ན་2024ལོར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་200ཟིན་རྒྱུ་ཡིན་ལ་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་སླར་ཡང་ཨང་དང་པོར་སླེབས་རེ་ཡོད་པ་རེད།

    ཡུལ་སྐོར་ལས་རིགས་ནི་མར་ཏི་ཝེའི་དཔལ་འབྱོར་གྱི་ཀ་རྟེན་ལྟ་བུ་ཡིན། མར་ཏི་ཝེའི་སྲིད་གཞུང་དང་། ཡུལ་སྐོར། འབྲེལ་ཡོད་ལས་དོན་པ་བཅས་ཀྱིས་ཀྲུང་གོའི་ཁྲོམ་རར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཉིན་ཤས་གོང་མར་ཏི་ཝེའི་ཙུང་ཐུང་གཞུང་ལས་ཁང་གི་མགྲིན་ཚབ་པ་མོ་ཧན་མོ་ཏེ·ཧྲ་ཞི་པོ་ཡིས། མར་ཏི་ཝེ་སྲིད་གཞུང་གིས་ནོར་སྲིད་པུས་མ་དངུལ་བཏང་ནས་གནམ་གྲུ་གཉིས་མང་དུ་བཏང་སྟེ་ཡུལ་སྐོར་བྱ་ཡུལ་གཙོ་བོའི་ཐད་གཏོང་གི་དུས་གཏན་གནམ་གྲུ་ཇེ་མང་དུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན་ལ“ཀྲུང་གོའི་མཁའ་ལམ་སྔོན་ལ་གཏོད་རྒྱུའི”གཏན་འབེབས་བྱས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།