2024ལོའི་ཟླ་1ཚེས་1ཉིན་འཛམ་གླིང་གི་མི་འབོར་དུང་ཕྱུར་80.2ཟིན་རྒྱུ།
ཨ་རིའི་ཡོངས་ཁྱབ་ཞིབ་བཤེར་ཅུས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་28ཉིན་སྔོན་དཔག་བྱས་ཏེ།2024ལོའི་ཟླ་1ཚེས་1ཉིན་འཛམ་གླིང་མི་འབོར་གྱི་བསྡོམས་འབོར་དུང་ཕྱུར་80.2ལ་ཉེ་བ་ཟིན་རྒྱུ་ཡིན་པ་དེ་2023ལོའི་གནམ་ལོ་གསར་ཚེས་ལས་ཁྲི་7516ལས་བརྒལ་བ་འཕར་སྣོན་བྱུང་ཡོད་པ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག
ཨ་རིའི་ཡོངས་ཁྱབ་ཞིབ་བཤེར་ཅུས་ཀྱིས་གཞུང་ཕྱོགས་ཀྱི་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་ནས། མི་འབོར་འཕར་ཚད་དེ་ཧ་ལམ་0.95%ཡིན་པ་རེད། སང་ལོའི་ཟླ་དང་པོར་འཛམ་གླིང་ཡོངས་སུ་སྔོན་དཔག་བྱས་ན་ཆ་སྙོམས་སྐར་ཆ་རེར་མི་4.3ཙམ་སྐྱེས་རྒྱུ་དང་མི་2ཚེ་ལས་འདས་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
སྔོན་དཔག་བྱས་ན་ཨ་རིའི་རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་2024ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ་དུང་ཕྱུར་3.359ལ་ཉེ་བ་ཟིན་རྒྱུ་ཡིན་པ་དེ་ལོ་གཅིག་གི་གོང་ལས་ཁྲི་176ཙམ་འཕར་རྒྱུ་ཡིན་པ་དང་། མི་འབོར་འཕར་ཚད་0.53%ཟིན་རྒྱུ་རེད། ཨ་རིའི་པུའུ་ལུའུ་ཅིན་སི་རིག་གཞུང་ལྷན་ཚོགས་ཀྱི་མི་འབོར་བསྡོམས་རྩིས་མཁས་པ་ཝེ་ལེན·ཧྥུ་ལེ་ཡིས་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་ལ། གལ་ཏེ་གོང་གསལ་མི་འབོར་འཕར་ཕྱོགས་དེ་2020ལོའི་ལོ་རབས་ཀྱི་མཇུག་བར་རྒྱུན་མཐུད་བྱས་ན། 2020ལོའི་ལོ་རབས་ནི་ཨ་རིའི་ལོ་རྒྱུས་ཐོག་མི་འབོར་འཕར་ཚད་དལ་ཤོས་ཀྱི་ལོ་10ཡིན་པ་དང་། ལོ་10ཡི་མི་འབོར་འཕར་ཚད་བརྒྱ་ཆ་4ཡང་ཟིན་གྱི་མེད་ཅེས་གསུངས་ཡོད་པ་རེད། ལོ་བཅུའི་མི་འབོར་འཕར་ཚད་ཆེས་དལ་བའི་ཟིན་ཐོ་ནི་ཨ་རིའི་1930ལོའི་ལོ་རབས་ཀྱི་ཉམས་རྒུད་ཆེན་པོ་བྱུང་རྗེས་བཏོད་པ་ཡིན་ལ། སྐབས་དེའི་མི་འབོར་འཕར་ཚད་ནི་7.3%ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2022ལོའི་ཟླ་11ཚེས་15ཉིན། འཛམ་གླིང་གི་མི་འབོར་ཉིན་དེར་དུང་ཕྱུར་80ལས་བརྒལ་བ་ཁྱབ་བསྒྲགས་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་དེའི་གཞི་གྲངས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་70ནས་དུང་ཕྱུར་80བར་འཕར་བ་ལ་ཧ་ལམ་ལོ་12ཙམ་གྱི་དུས་ཚོད་སྤྱད་པ་དང་། 2037ལོར་དུང་ཕྱུར་90ལ་སླེབས་པར་ཧ་ལམ་ལོ་15ཡི་དུས་ཚོད་དགོས་པ་རེད། དེའི་ཐོག་ནས་གོ་ལ་ཧྲིལ་པོའི་མི་འབོར་གྱི་སྤྱིའི་འཕར་ཚད་དལ་དུ་འགྲོ་བཞིན་ཡོད་པ་མཚོན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། ཚེ་བརྟན་རྡོ་རྗེ།