མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མ་ཡུམ་ལགས།

  2023-12-20 16:15:06  ཁྲིམས་སྐྱོང་ཚགས་པར།

(མགོ་ལོག) ནོར་བུ་རྡོ་རྗེ།


མ་ཡུམ་ལགས།

དྲན་གདུང་གི་མིག་ཟུང་ལས་ཁྱེད་ཉིད་ཤིན་ཏུ་གསལ་བའི་ཚུལ་དུ་མངོན་འོངས་ལ།

འཚོ་བའི་གྲུ་ཟུར་རེ་ནས་རླབས་ཆེན་གྱི་ཕྱག་ཟུང་ཡང་ཡང་བསྲིངས་པས།

ང་རང་སྤྲོ་དགའི་ངང་གཉིད་དུ་ཡུར་ཆོག་ལ།

སྐྲག་སྣང་དང་གནོད་འཚེ་གཏན་ནས་ཡོད་མ་མྱོང་།


མ་ཡུམ་ལགས།

ཆུང་དུས་སུ་ཁྱེད་ཉིད་ཅི་ཡང་ལྡན་ཞིང་ཅི་ཡང་ཤེས་པའི།

དགོས་པ་ཀུན་འབྱུང་གི་ནོར་བུ་ཞིག་ཏུ་བསམས་ཡོད་དེ།

མིན་ན་ཅིའི་ཕྱིར་མེད་པ་ཐམས་ཅད་ཁྱེད་ལ་རེ་ཞིང་།

མི་ཤེས་པ་ཐམས་ཅད་ཁྱེད་ལ་འདྲི།

ཀ་ངོ་ཡིག་ངོ་ཙམ་མ་ཤེས་པའི་གོང་ནས།

མ་ཎི་ཞེས་པའི་ཐ་སྙད་བྱིན་རླབས་ཅན་དེ་ཤེས་པ་ཡིན་ལ།

ལྷ་སྒྲུང་དང་གླིང་སྒྲུང་གི་བྱུང་བའང་ཁྱེད་ཀྱི་ངག་ལས་ཐོས་པ་ཡིན།


མ་ཡུམ་ལགས།

ཁྱེད་རང་སྔ་མོའི་དུས་སུ་ཡར་ལངས་ནས།

ཁྱིམ་གྱི་ལྟོ་རྒྱབ་ལ་འབད་དུས།

ཁྱེད་རང་གཉིད་དྭངས་ཡོད་དམ།

ཁྱེད་ཀྱིས་མཐོང་ལམ་རིག་གམ།

ཁ་ཆར་དང་བུ་ཡུག་མེད་དམ།

དེ་འདྲའི་འཚུབ་ཆ་ལངས་དོན་ཅི།


མ་ཡུམ་ལགས།

ཏག་ཏག་སྐབས་དེར།

ང་རང་ཧ་ཅང་སྐྱིད་པོར་གཉིད་ཡོད་ལ།

རྟ་བདུན་གྱི་འཛུམ་ཞལ་མངོན་པ་དང་མཉམ་དུ།

ཤིན་ཏུ་དཀའ་བའི་ཉམས་སྣང་དང་བཅས།

འདང་རྒྱག་ཅི་ཡང་མེད་པར།

སློབ་ཁང་གི་ཕྱོགས་སུ་འགྲོ་ཁུལ་བྱེད་པ་ནི།

ཅི་འདྲའི་ཁྲེལ་མེད་ཅིག་རེད་ཨང་།


མ་ཡུམ་ལགས།

ད་ལྟ་ཁ་ཡ་ན་ཟླའི་རྩེད་གྲོགས་མོད་པའི་སྤྱི་ཚོགས་ཀྱི་བར་གསེང་ནས།

ང་ཚོས་ཁྱེད་རང་བརྗེད་ཀྱིན་ཡོད་པ་འདྲ།

ལྭ་བ་སྲབ་སྲབ་གྱོན་ཏེ་དགུན་གྱི་ཙག་རླུང་ལ་རྒོལ་བའི་དཀའ་སྡུག་དང་།

ཆར་བས་ཁོག་ཆུ་འཕྲོད་པའི་འདར་སིག

ད་དུང་། སེམས་པ་བུ་ཕྲུག་ལ་འཁོར་ཞིང་།

རྐང་རྗེས་རྫ་རི་ལ་དཔར་བའི་ཁྱེད་ཀྱི་མཛད་རྗེས་སོགས།

ཡོད་ཚད་བརྗེད་ཀྱིན་པ་འདྲ།


མ་ཡུམ་ལགས།

ང་ཚོ་ནི་བསམ་མི་ཤེས་པའི་བྱིས་པ་སྟེ།

མགོ་བོ་ཁྱེད་ཀྱི་པང་ཁར་བཞག་ནས་རེ་བ་དག་སྣང་མེད་བྱས་སོང་།

སློབ་གྲྭ་ནི་སྡུག་གི་གནས་མལ་ཡིན་པར་སྙམ་ནས།

འཁྱག་ལྟོགས་དང་མེད་མུག་གི་འཁང་ར་མང་སོང་།

ཁྱེད་ཀྱི་དཀའ་སྡུག་མ་རྟོགས་པར་རང་ཉིད་ལ་རྩིས་ཆེན་བྱེད་པ་དེ་བས་མང་དྲགས་སོང་།


མ་ཡུམ་ལགས།

ཐ་ན། ང་རང་གློ་ལུ་ཙམ་བྱས་ཚེ།

ཨ་མའི་གཅེས་ཕྲུག་བླ་མས་སྐྱོབས་ཞེས་བསླུ་མེད་དཀོན་མཆོག་ལ་བཅོལ་ཏེ།

རང་ཉིད་ཀྱི་གློ་སྙིང་མཆིན་གསུམ་ལ་གས་ཁ་ཤོར་བ་ལྟ་བུའི་ན་ཟུག་ཅིག་ཡོད་ལ།

མ་ཎི་ཚར་གཅིག་བགྲངས་པའི་བར་གླགས་ནས་ཀྱང་སེམས་གཅོང་གིས་མནར་ཏེ་འདང་རྒྱག་དང་སེམས་ཁུར་གང་ཞིག་དགོས་མིན་ལ་ཞེ་ཁྲེལ་ཆེ་ཨང་།


མ་ཡུམ་ལགས།

ན་བའི་གཟེར་ཟུག་གིས་གདུང་ཞིང་གྲང་རེག་གི་ལོ་ཟླ་མང་ཡང་།

ཁྱེད་ཀྱིས་སྙིང་རུས་ཀྱི་དཔའ་རྟུལ་བསྐྱེད་དེ།

དཀའ་སྤྱད་ཀྱི་གདོང་ལེན་སྤོབས་པ་ནི་ཅི་འདྲའི་རླབས་ཆེ་ཨང་།


མ་ཡུམ་ལགས།

ད་ནས་བཟུང་ངས་ཚོར་ཡོད།

ཁྱེད་ཀྱི་རེ་ལྟོས་ཀྱི་མིག་ཟུང་མི་འདོར་བར།

སློབ་སྦྱོང་གི་མཛེས་པ་ལ་སེམས་པ་གླན་ནས།

རང་གཤིས་མི་འབོར་བ་དང་།

རང་མགོ་འཁྱོངས་པའི་མི་ཞིག་ཏུ་འགྱུར་བར་རྟག་ཏུ་བརྩོན་ངེས།


མ་ཡུམ་ལགས།

ཁྱེད་ནི་རྟ་བདུན་དབང་བོ་ཡིན།

ཁྱེད་ནི་མུན་སེལ་སྒྲོན་མེ་ཡིན།

ཁྱེད་ནི་ངའི་མ་རིག་པའི་རྨོངས་པ་ཐམས་ཅད།

དང་དུ་ལེན་པར་སྤོབས་པའི།

བྱང་ཆུབ་སེམས་དཔའ་ཡིན་ལ།

ང་ལ་རྟག་ཏུ་རེ་བ་དང་ཡིད་ཆེས་ཕངས་མེད་དུ་སྩོལ་བའི།

རྗེ་བཙུན་སྒྲོལ་མ་ཡིན།


མ་ཡུམ་ལགས།

ཁྱེད་མེད་ན་ངའི་དཔྱིད་དུས་ལ་ལྗང་མདོག་མེད་ཅིང་།

ཁྱེད་མེད་ན་ངའི་དབྱར་དུས་ལ་དྲོད་ཁོལ་མེད།

ཁྱེད་མེད་ན་ངའི་རྨི་ལམ་དང་རེ་ལྟོས་ཀྱིས་ཁེངས་པའི་ལོ་ཟླ་ག་ཚོད་ཅིག་མིག་ཆུས་སྦངས་སྲིད་ལ།

ཁྱེད་མེད་ན་ངའི་བློ་སྤོབས་ཀྱིས་ཁེངས་པའི་འདས་མ་ད་གསུམ་ལ་སྔ་མོ་ནས་རྫོགས་ཚིག་བཀོད་ཚར།

མ་ཡུམ། མ་ཡུམ། མ་ཡུམ་ལགས།

སྤྲོ་དགའི་གཏམ་བཟང་འཕྲོད་ས་ཁྱེད་ཡིན་ལ།

སྡུག་གི་གཡེར་བག་བྱེད་སའང་ཁྱེད་ཡིན།

རྟག་ཏུ་དྲན་སླ་བ་ནི་ཁྱེད་ཡིན་ལ།

གཏན་དུ་བརྗེད་དཀའ་བའང་ཁྱེད་ཡིན།

ཁྱེད་ཁོ་ནས་ངའི་ཉིན་མཚན་དུས་དྲུག་བཟུང་ཡོད།

ཁྱེད་ཁོ་ནས་ངའི་ལུས་ངག་ཡིད་གསུམ་བཟུང་ཡོད།

དེར་བརྟེན། ང་ཚོས་ནམ་ཡང་ངག་འཇམ་པོས།

བྱ་སྤྱོད་ལེགས་པོས།

མ་ཡུམ་ལགས་དྲན་པར་བྱ། མ་ཡུམ་ལགས་ཀྱི་རེ་བ་དྲན་པར་བྱ།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།