སེམས་ངོས་སུ་རྒྱུ་བའི་སྙན་ངག

ཐོར་བུ།        2023-12-20

རབ་མཛེས་ལྟ་བས་མི་ངོམ་ཞིང་།།

རབ་སྙན་ངག་གི་དཔལ་རྫོགས་པ།།

རབ་མྱུར་ཤེས་རབ་མཆོག་སྩོལ་མ།།

རབ་དང་ཡིད་ཀྱི་པད་མོར་བཞུགས།།

མཚོ་ཉམས་དགའི་རྦ་རླབས་དལ་གྱིས་འགུལ།།

བྱ་ངང་ངུར་མང་པོ་འཕུར་ཞིང་ལྡིང་།།

མཐའ་ནགས་ཀྱི་ལྗོན་བཟང་དྲི་མས་ཁྱབ།།

གནམ་སྔོན་པོ་ཐང་དུ་ཟགས་འདྲ་བའི།།

མཚོ་སྔོན་པོའི་མེ་ལོང་ཞལ་དཀྱིལ་དུ།།

མདོག་ཁ་དོག་འཇའ་ལས་རབ་མཛེས་པའི།།

ཕྱི་འདབ་མའི་སྒྲོ་དེ་སྡུ་གུར་བཀྲ།།

ནང་ཟེའུ་འབྲུ་དམར་སེར་འཇམ་པའི་སྟེང་།།

ལྷ་དབྱངས་ཅན་འཛུམ་པའི་ངང་ཚུལ་ཅན།།

ཐུགས་ང་ལ་འཁྲེང་བའི་ཉམས་ཀྱིས་བཞུགས།།

སྐུའི་གཟི་བྱིན་སྟོང་དུ་འབར་བ་ཡིས།།

ཕྱིའི་འཇིག་རྟེན་མཛེས་པའི་སྟངས་སྟབས་དང་།།

ནང་ཀུན་རྟོག་དབུས་ཀྱི་མཛེས་སྡུག་དག།

དུས་གཅིག་ལ་ཟ་བར་བྱེད་པ་མོ།།

ཁྱོད་བདག་ཡིད་མེ་ཏོག་འཛུམ་པ་ཡི།།

ངག་རི་དྭགས་རྩེན་པའི་ནགས་ཚལ་དུ།།

དུས་ཀུན་ཏུ་བྲལ་མེད་བཞུགས་གསོལ་ནི།།

ཐེངས་ད་རེབ་མིན་པར་ཀུན་ནས་འདེབས།།

གསུང་ཆོས་ཀྱི་ཉིང་བཅུད་མཆོག་སྩོལ་གྱིས།།

ཕྱི་སྙན་པའི་རོལ་མོར་བརྒྱ་ཕྲག་དང་།།

ནང་རྣམ་ཤེས་སྤྲུལ་བའི་མགུར་གླུ་ཡང་།།

ཉམས་ཆུང་ངུའི་གནས་སུ་བཀོད་པ་མོ།།

ངའི་ངག་གི་རྩ་ཡི་མདུད་པ་ཀུན།།

དུས་ད་ལྟ་གྲོལ་བའི་བྱིན་རླབས་ནི།།

བྲང་ནུ་འབུར་སྒེག་པའི་ཐུགས་ཀ་ནས།།

འོད་དམར་སེར་ཐག་པ་ད་བརྐྱངས་ཏེ།།

ངའི་མགྲིན་པའི་བུམ་པར་ད་བླུགས་ཤིག།

ཐུགས་ཆོས་ཀྱི་དབྱིངས་ལ་དབྱེར་མེད་པས།།

ཕྱི་རིག་གནས་ཀུན་ལ་མཁས་པ་དང་།།

ནང་སྟོང་ཉིད་ངང་ལ་ཞུགས་པའང་།།

ཐོབ་དམན་སར་ངང་གིས་འཇོག་པ་མོ།།

ཡིད་འཁྲེང་བས་གསོལ་བ་འདེབས་ལགས་ན།།

ཡིད་ཀུན་རྫོབ་སྣང་བས་རབ་བཟི་ཞིང་།།

ནང་རྣམ་རྟོག་སྤྲོས་པའི་ལྗིད་ཁུར་བའི།།

སེམས་ཚ་ཟེར་ང་ལ་ལྡན་པ་འདི།།

མ་ཆོས་ཉིད་དབང་མོའི་ཞལ་དུ་གསོལ།།

ནང་རྣམ་ཤེས་ཁྱོད་ཐུགས་ཀུན་གསལ་མ།།

ཇི་ལྟ་བ་བཞིན་དུ་དབྱེར་མེད་མཛོད།།

སེམས་ཀྱི་གཏིང་དུ་འགུལ་བའི་སྙན་པའི་ངག།

སེམས་སུ་ཡུན་རིང་གནས་པའི་ལྷ་གཅིག་མར།།

སེམས་ཀྱི་འདབ་ལོ་དུད་དེ་གུས་འབུལ་ན།།

སེམས་འདི་ཀུན་ནས་དགེ་བའི་ཕྱོགས་སུ་སྒྱུར།།

ཡིད་ཀྱི་པདྨ་འདབ་བརྒྱའི་སྟེང་།།

གཞོན་ཤ་འཛིན་པའི་སྒེག་པ་མོ།།

ཞལ་གྱི་དམར་བའི་མཆུ་སྒྲོས་ལས།།

སྙན་ངག་ཚིགས་སུ་བཅད་པ་ཡི།།

འཁོར་བ་ལས་སྒྲོལ་དམ་ཆོས་ཀྱི།།

ཉི་ཟླའི་འོད་ཟེར་སྩོལ་མཛོད་ཅིག།

ཡང་གཅིག་ཡིད་ཀྱི་འཁྲི་ཤིང་མ།།

ཀུན་མཁས་བློ་ཡི་མཆོག་སྟེར་མ།།

བྱང་ཆུབ་སེམས་ཞེས་སྲིད་པ་ཀུན།།

སྲེག་མཛད་མེ་ཡི་དཀྱིལ་འཁོར་གྱིས།།

བདག་སེམས་ཤིང་གི་སྐྱེད་མོས་ཚལ།།

ལྷག་ལུས་མེད་པར་བསྲེག་མཛོད་ཅིག།

ཡང་གཅིག་དགའ་བའི་མཆོག་བྱིན་མ།།

སྙན་པའི་ངག་གི་དཔལ་སྩོལ་མ།།

བདག་གཞན་འཁོར་བའི་མེ་འོབས་ལས།།

ཡོངས་སུ་འདྲེན་པའི་ཐབས་མཁས་ཀྱི།།

ཤེས་རབ་རྣོ་དབལ་འཇམ་དཔལ་བློ།།

བདག་སྙིང་ཏིལ་ལ་སྣུམ་བཞིན་མཛོད།།

རབ་གདུང་ངག་གི་ཞུ་མཆིད་ནི།།

རབ་མཛེས་ལྷ་མོའི་སྙན་དུ་གསོལ།།

རབ་ན་དངོས་གྲུབ་ད་ལྟ་སྩོལ།།

རབ་རིབ་ཙམ་གྱིས་འཇོག་མ་མཛད།།



  • ལེ་ཚན་སྔོན་མ།:སྐྱེ་བ་གཅིག་གི་སྙན་ངག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།