མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དགུན་ལ་ཕྱོགས་པའི་སེམས།

  2023-12-12 16:20:44  ཁྲིམས་སྐྱོང་ཚགས་པར།

(མཚོ་བྱང) བློ་བཟང་བསྟན་འཕེལ།


རྟ་བདུན་འོད་ཀྱི་རང་མདངས་ཆ་ཤས་རྫོགས། །

འཛིན་མའི་དཀྱིལ་འཁོར་ལྷུན་པོའི་གཟི་བྱིན་རྒྱས། །

གངས་ཀྱི་རྨུ་ཐག་དཀར་པོས་ཡོངས་བསྐོར་བའི། །

ཡིད་ཀྱི་ཐིགས་ལེ་སྙིང་བོ་གཅིག་ཏུ་གྲུབ། །


ལྷགས་རླུང་བར་མེད་ཁ་ཆད་ལྡོག་མེད་པས། །

དལ་འགྲོ་སྒེག་མོའི་སྟངས་སྟབས་གཞན་དུ་བསྒྱུར། །

ཚང་ཚིང་གཡུ་ཡི་དགའ་ཚལ་འདབ་མས་སྤྲས། །

དྲུག་ལྡན་གཤོག་འགྱུར་རྒོད་པོ་རྒྱང་ལ་ཡུབ། །


ལྔ་ཟུང་ས་ཡི་དགེ་མཚན་རབ་ཏུ་རྨད། །

དུས་བཞིའི་འགྲོ་འོང་བར་མེད་དམ་དུ་སྦྲེལ། །

བདེ་སྡུག་ཟོ་ཆུན་འདི་ཡི་རང་བཞིན་ལྟར། །

བདེ་འབྱུང་ནོར་གྱིས་ཕྱུག་ཅིང་དགོས་པ་ཉུང་། །


གཉེན་གྱི་མཛའ་བ་མི་ཤིགས་མདུད་པ་ལྟར། །

བརྩེ་བའི་འཁྲི་ཤིང་ལྗོན་པར་དྲི་བསུང་འཁོར། །

བཀོད་ལེགས་མཛེས་སྡུག་སྔོན་མེད་འདི་རུ་སྣང་། །

བྱེད་པོས་མ་བསྐྲུན་འཇམ་མཉེན་ཡི་གར་འོང་། །


ཁོར་ཡུག་ཀུན་དུ་འདབ་དྲུག་ལྷུག་པར་བཞད། །

དྲི་བཞོན་སྣང་བའི་གར་སྟབས་ཕྱོགས་སུ་བསྒྱུར། །

རབ་དཀར་གཡུ་རལ་སྔོན་མོ་རྒྱས་པ་ཡིས། །

ལས་རླུང་དར་པའི་རྟེན་འབྲེལ་ངང་གིས་འཛོམས། །


གསེར་གྱིས་བྱུགས་པའི་རི་ཚོགས་བརྗིད་ཉམས་ལྡན། །

དངུལ་དཀར་མེ་ལོང་ངོགས་སུ་གསལ་བར་བཀྲ། །

ནོར་བདུན་དངོས་གྲུབ་བསྩལ་བའི་ཟས་སུ་སྨིན། །

སྡེ་བཞིའི་ལོངས་སྤྱོད་འཛད་མེད་གཏེར་དུ་འགྱུར། །

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།