བལ་བོའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་ཚད་རིམ5.8ཀྱི་ས་ཡོམ་ཆུང་བ་བྱུང་།
2023.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

བལ་བོའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ཀྲ་ཙེ་ཨར་གོ་ཏི་རྫོང་དུ་ཚེས6ཉིན་ཚད་རིམ5.8ཀྱི་ས་ཡོམ་ཆུང་བ་བྱུང་སྟེ། མི་སྣར་ཤི་རྨས་དང་ཁང་བ་སྐོར་ཞིག་ལ་གཏོར་བཤིག་ཐེབས་ཡོད།

བལ་བོའི་རྒྱལ་ཁབ་ས་ཡོམ་ཚད་འཇལ་ཞིབ་འཇུག་ལྟེ་གནས་ཀྱི་སྙན་ཞུ་ལྟར་ན། ས་དེའི་ཚེས6ཉིན་གྱི་ཕྱི་དྲོའི་དུས་ཚོད4དང་སྐར་མ31སྟེང་། ཀྲ་ཙེ་ཨར་གོ་ཏི་རྫོང་གི་ལཱ་མུས་ཏན་ཏཱ་རུ་ཚད་རིམ5.8གྱི་ས་ཡོམ་ཆུང་བ་བྱུང་། རྫོང་དེའི་རྫོང་དཔོན་ལས་རོགས་པ་ཞཱ་ཨར་མཱ་ཡིས་གསར་འགོད་པར་བཤད་རྒྱུར། ཁང་བ་སྐོར་ཞིག་ལ་གཏོར་བཤིག་ཐེབས་པ་མི་སྣ་འགར་རྨས་ཕོག་པའི་སྙན་ཞུ་འབྱོར་ཡོད་ཟེར།

བལ་བོའི་ནུབ་ཕྱོགས་ཀྱི་ཀྲ་ཙེ་ཨར་གོ་ཏི་དང་ལུའུ་ཀུའུ་མུའུ་ནུབ་ཁུལ་གྱི་རྫོང་གཉིས་སུ་ཚེས3ཉིན་གྱི་ནམ་གུང་ཚད་རིམ6.4ཡི་ས་ཡོམ་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ནི་ལཱ་མུས་ཏན་ཏཱ་རེད། བལ་བོའི་རྒྱལ་ཁབ་བྲེལ་མྱུར་འགུལ་སྐྱོད་ལྟེ་གནས་ཀྱིས་བསྒྲགས་པ་ལྟར་ན། ཚེས6ཉིན་གྱི་དགོང་མོའི་དུས་ཚོད་བདུན་སྟེང་བར། ཚེས3ཉིན་གྱི་ཚད་རིམ6.4ཡི་ས་ཡོམ་ལས་མི་བརྒྱ་དང་ང་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་ཞེ་དགུར་རྨས་ཕོག་ཡོད་ལ། གཞན་ཡང་ཁང་བ་ཁྲི་གསུམ་དང་སྟོང་ལྔ་ལྷག་ལ་གཏོར་བཤིག་ཐེབས་ནས་ལོག་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྒུད་སྐྱོབ་དངོས་རྫས་དག་ཚེས6ཉིན་གནོད་ཐེབས་ས་ཁུལ་དུ་བསྐྱལ་བ་རེད། ཞཱ་ཨར་མཱ་ཡིས་བཤད་རྒྱུར། རས་གུར་དང་ཉལ་ཐུལ། ཡོ་བྱད། ཟས་རིགས་སོགས་བསྟུད་མར་གནོད་ཐེབས་ས་ཁུལ་དུ་བསྐྱལ་ཡོད་ཀྱང་། ས་དེའི་ནངས་དགོང་ལ་འཁྱག་གྲང་ཧ་ཅང་ཆེ་བས། གནོད་ཐེབས་མང་ཚོགས་ལ་གྱོན་གོས་དང་རས་གུར་མང་བོ་མཁོ་བར་མ་ཟད་ཟས་རིགས་འདང་ཚིམས་པ་མཁོ་ཟེར།

བལ་བོའི་སྲིད་གཞུང་གིས་ཀྲ་ཙེ་ཨར་གོ་ཏི་དང་ལུའུ་ཀུའུ་མུའུ་ནུབ་ཁུལ་དུ་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱས་ནས། ཁྱིམ་མིའི་ཚེ་སྲོག་ཤོར་བའི་ཁྱིམ་ཚང་ལ་རྒུད་སྐྱོབ་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།