ལིས་ཆང་གིས་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་མཛད།
2023.11.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ11པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་བྱས་གོང་། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་མུས་ཙོ་ཐཱ་ཅི་སི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས3ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་མཛད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཞི་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ང་གཅིག་འགོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་རྒྱུན་འཁྱོངས་བྱས། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། བསྟུད་མར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་ཡིད་ཆེས་དང་། ཕན་ཚུན་རོགས་རེས་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ནས་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་གྱི་ཉམས་མྱོང་བཟང་བོ་རྒྱུན་འཁྱོངས་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་རིམ་པ་མཐོར་འདེགས་བྱེད་པར་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱེད་པ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཞི་ལཱ་ཕྱོགས་དང་མཉམ་དུ་བསྟུད་མར་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་། པུས་ལོས་ཨེ་ཧྥུའུ་སི་གྲུ་ཁའི་ལས་གཞི་འཛུགས་སྐྲུན་དང་ཚོང་གཉེར་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་ཐོག་སྐྱེལ་འདྲེན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཉོ་ཚོང་དང་ནུས་ཁུངས། གློག་འཕྲིན། ལྷད་མེད་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས་མཉམ་རྒྱལ་གྱི་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་བྱེད་དགོས། ཀྲུང་གོ་དང་ཞི་ལཱ་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས། སྣེ་ཁྲིད་ནས་དཔལ་ཡོན་གྲོས་མོལ་དང་ཕན་ཚུན་སློབ་སྦྱོང་དཔེར་ལེན་བྱེད་པར་འཛམ་གླིང་གི་དོན་སྙིང་ལྡན། ཕྱོགས་གཉིས་ཀྱིས་རིག་གནས་དང་ཡུལ་སྐོར། ཚན་རྩལ་གསར་གཏོད། ལུས་རྩལ་སོགས་མི་གཞུང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། སང་ལོའི་ཀྲུང་གོ་དང་ཞི་ལཱའི་དཔལ་ཡོན་གྲོས་མོལ་བཟང་བོར་སྤེལ་ནས་ལག་རྡང་སྦྲེལ་ཏེ་མི་རིགས་ཀྱི་དཔལ་ཡོན་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཀྱང་ཞི་ལཱ་བར་གྱི་ཕྱོགས་མང་བོ་དང་ཁྱབ་ཁོངས་མང་བོའི་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུས་ཙོ་ཐཱ་ཅི་སི་ཡིས་བསྟན་དོན། ཞི་ལཱ་དང་ཀྲུང་གོ་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྨང་གཞི་བརྟན་པོ་ལྡན། ཞི་ལཱ་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་བར་གྱི་དངུལ་གཏོང་དང་མཚོ་འགྲུལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བཡས་ནས། ཞི་ལཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཞི་ལཱ་ཕྱོགས་ཀྱིས་ཀྲུང་གོའི་དངུལ་གཏོང་མཁན་དག་ཞི་ལཱ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྔར་ལས་སྟབས་བདེ་བཟོ་རྒྱུ་ཡིན། ཞི་ལཱ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྩ་དོན་ལ་སྲུང་སྐྱོབ་བྱེད་པ་དང་། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ཡོད་ཟེར།

ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།