རྒྱ་ཚ་རྫོང་ནས་མི4བཟུང་འདུག
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གིས་རྒྱན་པོ་འགྱེད་པའི་གྱོད་གཞི་ཞིག་ཞིབ་བཤེར་རྩད་ཆོད་ཐུབ་ནས། རྒྱན་པོ་འགྱེད་པ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བ4བཟུང་སྟེ་རྒྱན་དངུལ་སྒོར66900གཞུང་བཞེས་བཏང་བ་རེད།
གྱོད་གཞི་ཕྱིར་དྲན།
ཉེ་ཆར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ལྷ་མོའི་བླ་མཚོ་ལམ་དུ་མཚན་བཤེར་བྱེད་སྐབས། གྲོང་མིའི་སྡོད་ཁང་ཞིག་ཏུ་སྐལ་ཆེ་གེ་མོ་དང་། བཀྲ་ཆེ་གེ་མོ། སྐར་ཆེ་གེ་མོ། བཀྲ་ག་གེ་མོ་བཅས་ཀྱིས་མཱ་ཅང་བརྒྱབ་ནས་རྒྱན་པོ་འགྱེད་བཞིན་པ་ཤེས་རྟོགས་བྱུང་བ་རེད། སྤྱི་བདེ་མི་དམངས་ཉེན་རྟོག་པས་ས་ཆ་དེ་རང་ནས་རྒྱན་པོ་འགྱེད་པ་དང་འབྲེལ་བ་ཡོད་པའི་མི4བཟུང་བ་དང་ཆབས་ཅིག་རྒྱན་དངུལ་སྒོར66900གཞུང་བཞེས་བཏང་བ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཁྲིམས་འགལ་གྱི་དོགས་ཡོད་པ་བཀྲ་ཆེ་གེ་མོས་ཁེ་བཟང་རག་རྒྱུ་དམིགས་ཡུལ་དུ་བྱས་ནས། གཞན་ལ་རྒྱན་པོ་འགྱེད་པའི་ཡོ་ཆས་དང་རྒྱན་པོ་འགྱེད་ས་མཁོ་འདོན་བྱས་ཏེ་ཁྲིམས་འགལ་གྱི་ཁེ་ཕན་སྒོར3000རག་ཡོད།
ཁྲིམས་འགལ་གྱི་དོགས་ཡོད་པ་སྐལ་ཆེ་གེ་མོ་དང་། བཀྲ་ཆེ་གེ་མོ། སྐར་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་མི4ཡིས་རྒྱན་པོ་འགྱེད་པའི་ཁྲིམས་འགལ་གྱི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
མིག་སྔར། སྐལ་ཆེ་གེ་མོ་དང་། སྐར་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་མི3ལ་རྒྱན་པོ་འགྱེད་པའི་དོགས་གཞི་ཡོད་པས། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་དང་། བཀྲ་ཆེ་གེ་མོས་རྒྱན་པོ་འགྱེད་པའི་ཡོ་ཆས་དང་རྒྱན་པོ་འགྱེད་ས་མཁོ་འདོན་བྱས་ནས་རྒྱན་པོ་འགྱེད་པས་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་རྩིས་སྤྲད་པ་དང་གྱོད་གཞིར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།
ཤ་ཚའི་དྲན་སྐུལ།
རྒྱན་པོ་འགྱེད་པ་ནི་སྤྱི་ཚོགས་ལ་གནོད་འཚེ་བཟོ་བའི་དུག་སྐྲན་ལྟ་བུ་ཡིན་པས། རྒྱུ་དངོས་ཤོར་བ་དང་། ཁྱིམ་ཚང་ཁ་ཐོར་དུ་འགྲོ་བ། བཙོན་ཁང་དུ་བཅུག་པ་བཅས་ཡོང་གི་ཡོད། རྒྱན་པོ་འགྱེད་པ་ནི་རང་ཉིད་དང་། ནང་མི། སྤྱི་ཚོགས་བཅས་ལ་འགན་མི་འཁུར་བའི་བྱེད་སྤྱོད་ཅིག་ཡིན་ལ། དེ་བས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཅིག་ཡིན་པས་རྒྱ་ཆེའི་མང་ཚོགས་ཚོས་རང་འགུལ་ངང་རྒྱན་འགྱེད་སྤངས་ཏེ། སྤྱི་ཚོགས་ཀྱི་དར་སྲོལ་ངན་པ་ཡོ་བསྲང་དང་བདེ་འཇགས་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་པར་ལེགས་སྐྱེས་འབུལ་དགོས།