དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་ཟླ་10ཚེས་9ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-08

    ཚེས་6ཉིན་གསར་འགོད་པས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱས་པར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཟླ་10ཚེས་9ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུར་ཞུགས་མཁན་གྲས་སུ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་བཟོ་ཚོགས་དང་། ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། དངུལ་རྩ་བཅས་ཀྱི་བཟོ་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འཐུས་མི་ཚོགས་པ་35དང་འཐུས་མི་2002ཡོད་པ་རེད། གཞན་ཡང་ད་དུང་ཆེད་མངགས་གདན་ཞུའི་འཐུས་མི་60ལྷག་ཙམ་དང་ཤང་ཀང་དང་ཨའོ་མོན་གྱི་སྐུ་མགྲོན་50ལྷག་ཙམ་ཚོགས་ཆེན་ལ་ཞུགས་རྒྱུ་རེད།

    ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ཁྲོད་གཞི་རིམ་དང་འཐབ་ས་དང་པོའི་ལས་བཟོའི་འཐུས་མིས་68.3%བཟུང་བ་དང་བཟོ་པའི་འཐུས་མིས་26.7%བཟུང་ནས། བསྡུར་གྲངས་དེ་ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པ་དང་བསྡུར་ན་མཐོ་རུ་ཕྱིན་ཡོད། མྱུར་སྐྱེལ་བ་དང་། མངག་སྐྱེལ་བ། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་སོགས་ལས་རྣམ་གསར་པའི་ངལ་རྩོལ་པ་འཐུས་མིར་བདམས་པས་འཐུས་མིའི་གྲུབ་ཆའི་རྒྱ་ཁྱབ་རང་བཞིན་དང་འཐུས་ཚབ་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ལས་འགན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། དུས་རབས་གསར་པའི་ལོ་བཅུའི་རིང་གི་བཟོ་ཚོགས་ཀྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་གྱི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེས་ཏང་གི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་ལ་བཏོན་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ། དུས་རབས་གསར་པའི་རྒྱང་ལམ་གསར་པར་བཟོ་ཚོགས་རྩ་འཛུགས་ཀྱིས་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དང་བཟོ་ཚོགས་ལས་དོན་གྱི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ། 《ཀྲུང་གོ་བཟོ་ཚོགས་ཀྱི་སྒྲིག་ཡིག》ལ་བཟོ་བཅོས་རྒྱག་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བཅས་བྱ་རྒྱུ་རེད།

    《ཀྲུང་གོ་བཟོ་ཚོགས་ཀྱི་སྒྲིག་ཡིག》གི་གཏན་འབེབས་ལྟར་ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལོ་ལྔ་ལ་ཐེངས་རེ་འཚོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།