ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཟླ10བའི་ཚེས9ཉིན་པེ་ཅིན་དུ་བསྡུ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས6ཉིན་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཟླ10བའི་ཚེས9ཉིན་པེ་ཅིན་དུ་བསྡུ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་མཁན་རྒྱལ་ཡོངས་ས་གནས་སོ་སོའི་བཟོ་ཚོགས་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། དངུལ་རྩའི་བཟོ་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པ35དང་འཐུས་མི2002ལྷག་ཡོད། དེ་མིན། ཆེད་དུ་གདན་འདྲེན་ཞུ་བའི་འཐུས་མི60ལྷག་དང་། ཞང་ཀང་དང་ཨའོ་མོན་གྱི་སྐུ་མགྲོན50ལྷག་ཚོགས་ཆེན་ལ་ཞུགས་རྒྱུ་རེད།

ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་ཁྲོད། གཞི་རིམ་དང་ལས་ཡུལ་དང་པོ་ནས་ཡོང་བའི་ལས་བཟོ་པའི་འཐུས་མི68.3%ཟིན་པ་དང་། བཟོ་པའི་འཐུས་མི26.7%ཟིན། བསྡུར་ཚད་དེ་ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་བསྡུར་ན་ཆ་སྙོམས་ཀྱིས་ཇེ་མཐོར་སོང་ཡོད། མྱུར་སྐྱེལ་བ་དང་ཕྱི་ཚོང་ཟ་མ་སྐྱེལ་མཁན། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་སོགས་ལས་ཞུགས་ལས་རྣམ་གསར་བའི་ངལ་རྩོལ་པ་སྐོར་ཞིག་འཐུས་མིར་བདམས་ཏེ། སྔར་ལས་ལྷག་པར་འཐུས་མི་གྲུབ་པའི་རྒྱ་ཁྱབ་རང་བཞིན་དང་འཐུས་ཚབ་རང་བཞིན་ལ་ཤུགས་སྣོན་བྱས་ཡོད

ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ལས་འགན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ལོ་བཅུའི་བཟོ་ཚོགས་ཀྱི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱེད་པ། བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་ཚུན་གྱི་ལས་དོན་ལ་རྒྱུད་རིམ་ལྡན་པའི་སྤྱི་བསྡོམས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བརྟེན་ནས་ཏང་གི་བཟོ་པའི་ལས་དོན་གྱི་ལས་འགན་དང་བཟོ་ཚོགས་ཀྱི་བྱ་གཞག་གི་བྱ་བའི་རྒྱང་སྐྱོད་ཀྱི་ལས་འགན་གསར་པའི་བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱེད་པ། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་བཟོ་ཚོགས་རྩ་འཛུགས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་དང་བཟོ་ཚོགས་བྱ་བའི་དམིགས་འབེན་ལས་འགན་གཏན་འབེབས་གསལ་བོ་བྱས་ཏེ། 《ཀྲུང་གོ་བཟོ་ཚོགས་ཀྱི་སྒྲིག་ཡིག》བཟོ་བཅོས་བྱེད་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་སྒྲིག་གཞི་འདེམས་བསྐོ་བྱས་ནས་ཐོན་རྒྱུ་རེད།  

《ཀྲུང་གོ་བཟོ་ཚོགས་ཀྱི་སྒྲིག་ཡིག》གི་གཏན་འབེབས་ལྟར་ན། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལོ་ལྔ་རེའི་ནང་དུ་ཐེངས་གཅིག་ལ་བསྡུ་དགོས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།