《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཆད་གཅོད་དཔང་ཉན་བརྒྱུད་རིམ་བྱ་ཐབས》ཟླ10པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9པའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཆད་གཅོད་དཔང་ཉན་བརྒྱུད་རིམ་བྱ་ཐབས》ཀྱི་སྲིད་ཇུས་འགྲེལ་བཤད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན།  《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཆད་གཅོད་དཔང་ཉན་བརྒྱུད་རིམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ་ཡིན)དེ་ཟླ10པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན།  《བྱ་ཐབས》དེ་བཟོ་རྒྱུ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་“སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་སྲིད་འཛིན་ཁྲིམས་བསྟར་བརྒྱུད་རིམ་འཐུས་ཚང་དུ་གཏོང་བའི”བྱེ་བྲག་གི་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་དམིགས་པ་དང་། སྲིད་གཞུང་གི་བྱ་སྤྱོད་ཁྱོན་ཡོངས་ནས་ཁྲིམས་སྐྱོང་ལམ་བུའི་ནང་འཇུག་པར་སྐུལ་འདེད་གཏོང་བ་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཡིན། 《བྱ་ཐབས》བཟོས་པ་དེ་གཟབ་ནན་ངང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》གཞི་འཛིན་ས་བྱས་ནས། གོང་རིམ་བཅའ་ཁྲིམས་དང་འགལ་བ་མེད་པ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་གཙོ་བོ་གོང་རིམ་བཅའ་ཁྲིམས་ཁྲོད་ཀྱི་རྩ་དོན་རང་བཞིན་གྱི་དོན་ཚན་སྔར་བས་ཞིབ་ཚགས་དང་ཁ་གསབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཡིག་ཆའི་དགོངས་དོན་དང་ལག་ལེན་ཐོག་ནས་ར་སྤྲོད་བྱུང་བའི་སྤྱོད་གོ་ཆོད་པའི་བྱ་བའི་ཉམས་མྱོང་དེ་སྒྲིག་སྲོལ་གྱི་རྣམ་པའི་ཐོག་ནས་བརྟན་འཇགས་བཟོས་ནས།  སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱས།

《བྱེད་ཐབས》དེར་བསྡོམས་པས་ལེའུ་ལྔ་དང་དོན་ཚན་སོ་གཉིས་ཡོད་ཅིང་། དེའི་ནང་དུ་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་གཞི་འཛིན་ས། བརྩི་སྲུང་གི་རྩ་དོན་དང་། དཔང་ཉན་རྩ་འཛུགས་ལས་ཁུངས་དང་། ཁོངས་མི། དཔང་ཉན་ཚོགས་ཞུགས་མཁན་བཅས་ཀྱི་ཁེ་དབང་དང་འོས་འགན། དཔང་ཉན་གྱི་གསལ་བཤད་དང་། འདོན་པ། གྲ་སྒྲིག་བཅས་ཀྱི་གོ་རིམ། དཔང་ཉན་གྱི་ཞིབ་ཕྲའི་གོ་རིམ། དཔང་ཉན་གྱི་གོ་རིམ་གྱི་དུས་ཚོད། ཁྲིམས་བཀོད་རྩིས་རྒྱག་སྟངས། དེ་མིན་ལག་བསྟར་དུས་ཚོད་སོགས་ཀྱི་ནང་དོན་གསལ་བོར་བཟོས་ཡོད། 

 ཤེས་གསལ་ལྟར་ན།  ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཆད་གཅོད་ཁྲོད་གནས་པའི་གྲངས་འབོར་ཅུང་ཆེ་བའི་དངུལ་ཆད་གཏན་འཁེལ་བྱེད་དཀའ་བ་དང་། དཔང་ཉན་ཁྱབ་ཁོངས་མི་གསལ་བ་སོགས་ཀྱི་གནད་དོན་དག་ཁྲིམས་བསྟར་གཟབ་ནན་དང་དཔལ་ཡོན་ལྡན་པའི་ངང་ལག་བསྟར་བྱ་རྒྱུར་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གྱི་གྲས་ཤིག་ཏུ་གྱུར་ཡོད་པས།   སྲིད་འཛིན་ཆད་གཅོད་ཀྱི་དཔང་ཉན་གོ་རིམ་ཚད་ལྡན་དུ་བཏང་སྟེ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱེད་དགོས་ན།《བྱེད་ཐབས》འདི་གཏན་འབེབས་བྱ་རྒྱུ་ནི་དགོས་ངེས་ཆེ་བའི་དོན་དག་ཅིག་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།